Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས།
   
   
   
   
   
   
   
   
   
   
   


 
previousདཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས།next

དཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས།


CMR008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས་ནི༔ ཉ་བོ་མདུན་དུ་བཞག་ལ༔ མདུན་དུ་ཨེ་ལས་གཤིན་རྗེའི་བཙོན་ཁང་༔ ལྕགས་ཁང་ནག་ལ་རྔམས་པ༔ དམར་ལ་འཇིགས་པའི་དགུ་རིམ༔ ཁ་དོག་ལ་མཐིལ་ཡངས་པ༔ ཟིན་ན་ཐར་ས་མེད་པ༔ ཕྱི་ན་ཞེ་སྡང་གི་བསྐལ་པའི་མེ་འབར་བ༔ བར་ནི་གཏི་མུག་ལས་ཀྱི་མུན་པ་འཁྲིགས་པ༔ འདོད་ཆགས་ཁྲག་གི་རྦ་རླབ་འཁྲུགས་པའི་དབུས་སུ༔ ནི་ཏྲི་ལས་དགྲ་བགེགས་གནོད་བྱེད་མངོན་སུམ་ལྟ་བུར་སྔོ་ལ་ཧམ་པ༔ སྐམ་ལ་རིད་པ༔ མིག་ཤི་མིག་ཏུ་འདུག་པ༔ ཁ་ནས་བདུད་པོ་ང་ལོང་གི་འོ་དོད་འབོད་པ༔ ལག་གཡས་བྲང་རྡུང་ཞིང་༔་གཡོན་པས་སྐུ་འབལ་བ་རྐང་ལག་ལྕགས་སུ་བཅུག་པ༔ ཉམ་ཐག་པའི་གཟུགས་ཅན་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྒྱ་མཚོ་རྣམས་


CMR008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ཡང་རིག་འཛིན་པདྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་དང་བཅས་པའི་བཀའ་བདེན་པ་དང་༔ བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ ཟ་བར་བྱེད་པའི་འདྲེ༔ ཕུང་བར་བྱེད་པའི་སྲི༔ བར་དུ་གཅོད་པའི་རྐྱེན༔ མདོར་ན་གནོད་པར་བྱེད་པ་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཛཧཱུྃ་བཾ་ཧོ༔ གསུམ། དེ་ནས་ལིངྒའི་ཕྲག་པ་གཡས་གཡོན་དུ་བྱ་རོག་དང་ཐུག་སྒྲོ་བཙུགས་ཐུན་བརྡེག་ཅིང་༔ ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འགོ་བའི་ལྷ་དང་བྲལ་བར་གྱིས༔ བྷྱོ༔ རླུང་ལྷའི་བུ་མོ་དྲག་རྩལ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདིའི༔ དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁོང་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་


CMR008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྲུང་མ་རྒྱབ་ནས་ཕྲོལ༔ དམ་ཉམས་ལྷ་དང་ཕྲལ་བར་གྱིས༔ མ་མ་ཏྲག་རུ་དྲ་མཱ་ར་ཡ་ཕྱེ་ཡ་ཕྱེ༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ་སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ སྐུ་སྨད་གནམ་ལྕགས་ཕུར་བུ་འགྲིལ༔ དགྲ་བགེགས་སྲོག་ལ་ཀཱི་ལ་ཡ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ ལྟེ་བའི་ཁུང་ལ་ཀཱི་ལ་ཡ༔ མོ་རྒྱུད་མངལ་ནས་སྐེམ་པར་ཤོག༔ སྙིང་གི་གསང་ལ་ཀཱི་ལ་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྡོ་རྗེ་གྲི་གུག་ཐོགས་ལ། མཚོན་ཆ་འབར་བ་ཆེན་པོ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱེད༔ ཕུང་པོ་རྩད་ནས་གཅོད་པར་བྱེད༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་ཐུན་སྣ་ཚོགས་ཐོགས་ལ། ཧཱུྃ༔ ཡུངས་ཀར་ཐུན་དང་ཡུངས་ནག་ཐུན༔ ཀེ་ཚེའི་ཐུན་དང་ཤང་ཚེའི་ཐུན༔ དུག་ཐུན་ཁྲག་ཐུན་ལ་སོགས་པའི༔ ཐུན་སྣ་འདུས་པའི་མཚོན་ཆ་དང་༔ དྲག་སྔགས་དམོད་པའི་སེར་ཆེན་གྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩ་སྔགས་གཤམ་དུ༔ དགྲ་


CMR008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ། ཞལ་བསྟབ་ནི། ཧཱུྃ༔ སྟོང་གསུམ་བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ དགྲ་བགེགས་ཤ་ཁྲག་རུས་པ་དོན་སྙིང་དང་༔ དབང་པོ་བླ་ཚེ་རྐང་མར་དང་བཅས་པ༔ རིག་འཛིན་དྲག་པོའི་ལྷ་ཚོགས་ཞལ་དུ་བསྟབ༔ ཌཱཀྐི་སེང་གདོང་འཁོར་བཅས་ཞལ་དུ་བསྟབ༔ དཔལ་མགོན་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ རྔམས་བྱེད་ཧོ་ཁུང་འབར་བའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་བཞེས་སུ་གསོལ༔ རྩ་སྔོགས་གཤམ་དུ། དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི་་་་ཤ་ཆེན་ཟོ་ཞིག །མ་ཧཱ་རཀྟ་ལ་ཁཱ་ཧི་་་ཁྲག་ཆེན་འཐུངས་ཤིག །མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི་རུས་པ་ཆེན་པོ་ཟོ་ཞིག །མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི་ཀླད་པ་ཆེན་པོ་ཟོ་ཞིག །མ་ཧཱ་བཱ་སུ་ཏ་ལ་ཁཱ་ཧི་་་རྒྱུ་མ་ཆེན་པོ་ཟོ་ཞིག །མ་ཧཱ་ཙིཏྟ་ལ་ཁཱ་ཧི་་་་སྙིང་ཆེན་པོ་ཟོ་ཞིག །ཅེས་པས་ལིང་རོ་ཕུལ། དཀོན་མཆོག་སྤྱི་འདུས་སོགས་སྤྱི་ལ་སྦྱར་རུང་བའི་ལྷན་ཐབས་སྨད་ལས་ཉུང་ངུ་འདི། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། རཱ་ག་ཨ་སྱས་མཛད་པའོ།། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས།next