Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ།
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ།


CMR008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ་ལ༔ དབང་རྫས་བུམ་པ་གཏོར་མ་སྤྱི་ལྟར་བཤམ་མོ༔


CMR008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་སྒྲུབ་པ་ནི༔་དང་པོ་རབ་ནི་འདི་ལྟ་སྟེ༔ དཀྱིལ་འཁོར་ཐིག་བཅས་མ་འཆུགས་དཔེའུ་རིས་ལྟར་བྲིས་ནས་ནི༔ དེ་ལྟར་གཏོར་མ་དཔེའུ་རིས་ལྟར༔ གཏོར་མ་ལ་ཡང་ཙཀ་ལི་འཛུགས༔ དེ་ནས་དམིགས་པ་འདི་ལྟར་བྱ༔ བདག་མདུན་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔


CMR008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་གཞག་བྷནྡྲ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ ཤར་དུ་པདྨ་འབྱུང་གནས་སྔོ༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ལུགས་ཡོངས་སུ་རྫོགས༔ ལྷོ་རུ་པདྨ་འབྱུང་གནས་སེར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ནུབ་ཏུ་པདྨ་འབྱུང་གནས་དམར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་


CMR008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡོངས་སུ་རྫོགས༔ བྱང་དུ་པདྨ་འབྱུང་གནས་ལྗང་༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ འབྲིང་ནི་དཀྱིལ་འཁོར་མི་དགོས་ཤིང་༔ གཏོར་མ་རིན་ཆེན་འབར་བ་བཅའ༔ དེ་ནས་དམིགས་པ་འདི་ལྟར་བྱ༔ གཏོར་མ་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔ གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་བཞག་བྷནྡྲ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ བསྡུས་པ་གཏོར་མ་དཀྱིལ་འཁོར་མེད༔ དེ་ནས་དམིགས་པ་འདི་ལྟར་བྱ༔ བུམ་ལྷ་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དམ་ཡེ་དབྱེར་མེད་ཐུགས་སྲོག་དེ་ལ་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཟེར་འཕྲོས་པས་རྔ་ཡབ་


CMR008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ རང་འདྲ་དཔག་མེད་སྤྱན་དྲངས་ཐིམ༔ བྱིན་བརླབས་གཟི་བརྗིད་འོད་དུ་འབར༔ དེ་ཡི་ངང་ལ་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨནྣཾ་སོགས་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབ་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷན་འཛིན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་པ་ཅི་ནུས་འབད༔ དེ་ཡིས་པདྨ་འབྱུང་གནས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ པདྨ་འབྱུང་གནས་དབང་བཤད་ནི༔ ལས་བུམ་ནང་དུ་རྡོར་སེམས་བསྒོམ༔ བཛྲ་སཏཱ་ཅི་འགྲུབ་བཟླས༔ དེ་ནས་སློབ་མ་མདུན་དུ་འཁོད༔ དང་པོ་བུམ་པ་ཐོགས་བྱས་ལ༔ འོ་ན་དབང་བསྐུར་བའི་ཐོག་མར་ཁྲུས་བྱ་བ་ནི༔ ལས་ཀྱི་བུམ་པ་འདི་ཡི་ནང་ན་ཁྲུས་ལྷ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ དར་དང་རིན་པོ་ཆེས་བརྒྱན་པའི་སྐུ་ལས་བདུད་རྩིའི་རྒྱུན་ན་ར་ར་བབས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར་པའི་མོས་པ་མཛོད༔ ཧཱུྃ༔ བུམ་པ་


CMR008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྡོ་རྗེ་སེམས༔ ཁྱོད་ཀྱི་མགོ་ལ་བླུགས་པ་ཡིས༔ སྡིག་སྒྲིབ་ཉེས་ལྟུང་དག་གྱུར་ཅིག༔ མ་རིག་དབང་རྣམས་དག་གྱུར་ཅིག༔ ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ༔ བཛྲ་སཏྭ་ཧཱུྃ༔ དེ་ནས་ནས་སྙེ་ཐོགས་ལ༔ ད་གུ་རུ་པདྨ་འབྱུང་གནས་མཇལ་བའི་ཕྱག་རྟེན་དུ་འབྲུ་རིན་པོ་ཆེ་འདི་ཁྱེད་རྣམས་ཀྱི་ལག་ཏུ་བླུགས་པ་ཙམ་གྱིས༔ ལྷའི་རིན་པོ་ཆེ་ཀེ་ཀེ་རུ༔ ཀླུའི་རིན་པོ་ཆེ་ནོར་བུ་བསམ་འཕེལ༔ མིའི་རིན་པོ་ཆེ་ནོར་བུ་ཆ་བདུན༔ གཞན་ཡང་སྟག་ཤ་དེ་བ་དང་ས་ལེ་སྦྲམ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ནས་ཨུ་རྒྱན་རིན་པོ་ཆེ་ལ་འབུལ་བསམ་པའི་མོས་པ་མཛོད༔ འདི་ནི་རིན་ཆེན་སྣ་ཚོགས་ཏེ༔ ཁྱོད་ཀྱིས་ལྷ་ལ་ཕུལ་བ་ཡིས༔ བསམ་དོན་ཡིད་བཞིན་འགྲུབ་པར་ཤོག༔ ཅེས་མེ་ཏོག་ནས་བཀྱེ༔ དེ་ནས་མཎྜལ་གཅིག་མདུན་དུ་བཞག་པའམ་མཆོད་གཡོག་པས་བཟུང་ལ་ད་མཎྜལ་འདི་རིན་པོ་ཆེ་གསེར་གྱི་ས་གཞི་གླིང་བཞི་གླིང་ཕྲན་ལྕགས་རི་འཁོར་ཡུག་དང་བཅས་པའི་སྟེང་དུ༔ ནས་འབྲུ་རྣམས་གསེར་གཡུ་ལ་སོགས་རིན་པོ་ཆེ་སྣ་བདུན་གྱུར་པས་ཕྱུར་བུར་བཀང་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པའི་སྤྲུལ་སྐུ་ཨུ་རྒྱན་རིན་པོ་ཆེ་ལ་འབུལ་སྙམ་པ་གྱིས་ལ་མཎྜལ་སྟེང་


CMR008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བླུགས་ཤིང་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔་ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ གུ་རུ་རཏྣ་མཎྜལ་པྲ་ཏིཙྪ་ཨཱཿཧཱུྃ༔ ཞེས་མཎྜལ་ཕུལ་ནས༔ འོ་ན་ད་ལམ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ རྩ་རྒྱུད་པད་སྡོང་བརྩེགས་པ་ལས༔ བཅོམ་ལྡན་འདས་དཔག་མེད་རྡོ་རྗེས་བཀའ་སྩལ་པ༔ འདི་ལ་དབང་སྤྱོད་རིགས་ཀྱི་བུ༔ སྐྱེ་འཆིས་མི་གོས་རྡོ་རྗེའི་སྐུ༔ དྲི་མེད་མཚོ་དབུས་འདབ་བརྒྱད་ལས༔ ལེགས་བྱུང་སྤྲུལ་སྐུ་དམ་པ་འབྱུང་༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ སྣ་ཚོགས་སྤྱོད་པ་རླབས་པོ་ཆེ༔ གདུལ་བྱའི་མོས་བློ་ཐ་དད་ལ༔ རྣམ་པ་བཞི་ཡི་དོན་བྱེད་འགྱུར༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་པ༔ ངའི་སྤྲུལ་ཀོ་ཤའི་མཚོ་གླིང་དུ༔ པདྨ་ལས་བྱུང་སྤྲུལ་པའི་སྐུ༔ ཚེ་ལ་དབང་བའི་རིག་འཛིན་ལ༔ བཀའ་ཡི་བབ་དང་བཅས་ཏེ་གནང་༔ ཨུ་རྒྱན་རྒྱ་གར་ཤར་ནུབ་ཏུ༔ དེ་ཡིས་བསྟན་པ་དར་བར་བྱེད༔ ཅེས་དང་༔ རྩ་


CMR008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མན་ངག་གི་ཏམྦྷ་ལས༔ བཅོམ་ལྡན་ཤཱཀྱ་ཐུབ་པས་བཀའ་སྩལ་པ༔ པདྨ་འབྱུང་གནས་ཞེས་བྱ་བ༔ སྐྱེ་ཤི་མེད་པའི་སྤྲུལ་སྐུ་འབྱུང་༔ སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ ཐུབ་པའི་རྒྱལ་ཚབ་དོན་གསུམ་པ༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ བཀའ་མདོ་ལུང་གསུམ་ཆོས་ཀྱི་མཛོད༔ ང་ཡི་བསྟན་མཇུག་དེས་སྐྱོང་ངོ་༔ ང་ཡི་ཞབས་ཀྱིས་མ་བཅགས་པའི༔ འཛམ་གླིང་བོད་ཁམས་གླིང་བཞི་སོགས༔ སྤྲུལ་སྐུ་དེ་ཡི་ཞབས་ཀྱིས་བཅགས༔ སངས་རྒྱས་བསྟན་པའི་ཉི་མ་བདལ༔ ང་ཡི་ཆོས་རྣམས་ཀུན་གྱི་ལུང་༔ མན་ངག་སྐྱེས་བུ་དེ་ཡིས་སྟོན༔ ང་ཡི་ཆོས་སྲིད་བསྟན་པ་ཡིས༔ མ་ཁྱབ་བོད་ཁམས་མུན་རུབ་ཏུ༔ དམ་ཆོས་སྒྲོན་མེ་སྤྲུལ་སྐུས་སྦྱར༔ ཐུབ་པའི་བསྟན་པ་བོད་ཡུལ་དུ༔ ཨུ་རྒྱན་པདྨ་ཉིད་ཀྱིས་སྐྱོང་༔ བོད་དུ་ཆོས་ཀྱི་རྒྱལ་སྲིད་དར༔ རྒྱ་གར་སྟོན་པ་ཤཱཀ་ཐུབ་ལ༔ བོད་ཀྱི་སྟོན་པ་ཨོ་རྒྱན་ཉིད༔ ཨུ་རྒྱན་པདྨ་ཞེས་བྱ་བ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ༔ རིགས་ལྔ་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ ཐུགས་རྗེ་


CMR008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པོ༔ མ་འོངས་སེམས་ཅན་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་དཔལ༔ བདེ་གཤེགས་ཐམས་ཅད་སྐུ་གསུམ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ ཞེས་གསུངས་པ་ལྟར༔ རྒྱ་གར་གྱི་ཡུལ་དུ་ལོ་སུམ་སྟོང་༔ བོད་དུ་བརྒྱ་དང་བཅུ་གཅིག་བཞུགས་ནས་འགྲོ་དོན་མཛད༔ དེ་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་བྱོན་ཏེ༔ ཨུ་རྒྱན་ཉིད་ཀྱི་ཞལ་ནས༔ ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ངས་ནི་འབྱོན་པར་དབུ་བསྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྟུང་ན་ང་རང་ཤེས། བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཕྱི་རབས་ང་ལ་བློ་གཏད་མིས༔ སྨོན་ལམ་འབྲེལ་བའི་རྗེས་འཇུག་ལ༔ ཡིད་ཆེས་ཐེ་ཚོམ་བསལ་བའི་ཕྱིར༔ གསང་བའི་ཞལ་གདམས་འདི་


CMR008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀོད༔ དོན་ལ་ང་ལ་གཤེགས་བཞུད་མེད༔ འགྲོ་འོང་གཉིས་ལས་འདས་མོད་ཀྱང་༔ ཀུན་རྫོབ་བག་ཆགས་གཉིས་སྣང་ལ༔ ང་ཉིད་མཁའ་སྤྱོད་གནས་སུ་གཤེགས༔ ལུས་རྒྱ་འཁོར་བའི་བག་ཆགས་དང་༔ དག་བྱ་སྒྲིབ་གཉིས་མ་དག་པས༔ ཀུན་གྱིས་ང་ཡི་ཞལ་མི་མཐོང་༔ ཉོན་མོངས་སྒྲིབ་པ་དག་པའི་ཚེ༔ པདྨ་ང་ཉིད་དངོས་སུ་མཐོང་ཚིག་བཤད་གླེང་མོ་བྱ་རྒྱུ་ཡོད༔ ཅེས་གསུངས་པ་ལྟར༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཅིག་ནས་བཟུང་སྟེ་ལོ་གསུམ་གྱི་བར་དུ་ཨོ་རྒྱན་རིན་པོ་རྒྱུན་དུ་ཞལ་མཇལ་ཞིང་མི་དང་མི་ལབ་པ་ལྟར་བྱུང་༔ དེའི་ཚེ་ཨུ་རྒྱན་གྱི་གསུང་ཡི་གེར་བཀོད་པ་པོ་ཏི་བཅུ་གསུམ་ཙམ་ཡོད་པའི་ནང་ནས༔ ད་རེས་གུ་རུ་ཞི་བའི་དབང་བསྐུར་བ་ཡིན་ཏེ༔ ཨོ་རྒྱན་ཉིད་ཀྱི་ཞལ་ནས༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར༔ སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི༔ ཐུགས་རྗེ་བྱིན་རླབས་རྒྱུན་ཆད་མེད༔ སུས་མོས་རྩ་ན་ང་ཉིད་འདུག༔ དེ་བས་མང་དུ་ཅི་བཤད་ཀྱང་༔ ཚིག་གི་སྦྱིན་རོ་ཡིན་མོད་ཀྱི༔ དོན་ལ་གློ་སྙིང་ང་ལ་ཁོལ༔ ཆེ་རེག་ཆེ་དང་ཆུང་རེག་ཆུང་༔ རང་གི་མོས་གུས་དང་བསྟུན་པའི༔ བྱིན་རླབས་འཇུག་


CMR008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐེ་ཚོམ་མེད༔ ཅེས་གསུངས་པ་དང་༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་གསང་བ་འདུས་པའི་སྔགས༔ སྟོང་ཕྲག་བཟླས་པས་བྱིན་རླབས་འབྱུང་༔ ཞེས་དང་༔ པདྨ་བཀའ་ཡི་ཐང་ཡིག་ལས༔ དེ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་རང་བཞིན་ལས་ནི་མ་འདས་པས༔ ཅིས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་སྒོམ༔ སྙིང་པོ་གུ་རུ་པདྨ་སིདྡྷི་བགྲང་༔ རིགས་དྲུག་སྡུག་བསྔལ་གུ་རུ་དྲུག་གིས་སྐྱོབ༔ འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིན༔ དད་པ་ཅན་གྱི་ཡོན་བདག་ཕོ་མོ་ལ༔ པདྨ་འབྱུང་གནས་མི་བཞུད་སྒོ་ཉལ་ཡོད༔ ཅེས་གསུངས་པ་ལྟར་ཐུགས་རྗེ་ཆེ་ཞིང་བྱིན་རླབས་མྱུར་བའི་དབང་ཟབ་མོ་ཞུ་བའི་ཕྱིར༔ དད་པས་སློབ་མས་ཐལ་མོ་སྦྱར་བྱས་ལ༔ རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མིའགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིནཔོ་ཆེ་


CMR008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས༔་ཞེས་ལན་གསུམ་མམ་ཚིག་རྗེས་མ་གསུམ༔ ད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་མམ་ཚིག་རྗེས་མ་གསུམ༔ ད་བྱིན་དབབ་པ་ནི༔ འདི་ནས་ཉི་མ་ལྷོ་ནུབ་ཀྱི་ཕྱོགས༔ རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ན་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་ཁྲོ་འཛུམ༔ ཐུགས་རྗེའི་


CMR008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རྒྱུང་ཁྱེད་རང་རྣམས་ལ་གཟིགས་པ༔ ཕྱག་ན་རྡོ་རྗེ་བྷནྡྷ་བསྣམས་པ༔ དབུ་ལ་ཤ་བའི་སྙན་ཞུ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ༔ སྐུ་ལ་ཟབ་ཆེན་གྱི་བེར་དང་ཆོས་གོས་གསེར་གྱི་ཧ་རིས་ཅན་གསོལ་བ༔ གྲུ་མོ་གཡོན་ན་ཁ་ཊཾ་ག་བརྟེན་པ༔ འོད་ཟེར་ཉི་མ་འབུམ་བས་ལྷག་པ་ཅན༔ ས་རྡོ་རི་བྲག་གིས་ཀྱང་མི་བསྒྲིབ་པར་ཡིད་ཡུལ་དུ་ལྷང་ངེ་གསལ་ཐོབ༔ དེ་ལ་མོས་གུས་དྲག་པོ་བྱས་པས་དེའི་སྐུ་ལས་དེ་འདྲ་བ་དུང་ཕྱུར་མང་པོ་ཆེ་བ་རྣམས་ཁྱུང་ཆེན་འཛུམ་པ་ལྟ་བུ༔ འབྲིང་བ་རྣམས་ངང་པའི་ཁྱུ་འཕུར་བ་ལྟ་བུ། ཆུང་བ་རྣམས་ཉུངས་ཀར་གཏོར་བ་ལྟ་བུ་ལྷོ་ནུབ་ཀྱི་ནམ་མཁའ་ལ་དྲི་བཟང་གི་ངད་པ་རོལ་མོའི་སྒྲ་དང་བཅས་ཏེ་ཆི་ལི་ལི་བྱོན་ནས༔ མཚོ་ལ་ཆར་པ་བབས་པ་ལྟར་ཁྱེད་རང་གི་ལུས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱང་ཨོ་རྒྱན་དངོས་ཀྱི་སྐུར་གྱུར་པར་སྒོམས་ཤིག༔ དབྱངས་རོལ་མོ་སྤོས་དུད་དང་བཅས་ཏེ༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་དུ༔ ལྷ་ཁང་དགུ་བརྩེགས་རིམ་བརྩེགས་སྟེང་༔ པདྨ་འབྱུང་གནས་སྐུ་མདོག་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་ཉིད་


CMR008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་དུང་ཕྱུར་དུང་༔་ཉུངས་ཀར་ཕུལ་གང་གཏོར་བ་ལྟར༔ གནམ་ནས་ཐམས་ཅད་རབ་ཏུ་བྱོན༔ ཐིགས་པ་ཆུ་ལ་བརྒྱབ་པ་ལྟར༔ ལུས་དང་དབྱེར་མེད་གཅིག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱཝེ་ཤ་ཡ་ཨ་ཨཱ༔ དྲིལ་བུ་ཁྲོལ་ཞིང་ལན་བདུན་བརྗོད༔ དེ་ནས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲཿ འོ་དེས་དབང་གི་གཞི་བཀོད་པ་ཡིན༔ དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས་སྐུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་སྐུ་ཡི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་བུམ་པ་ཐོགས་བྱས་ལ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ༔ ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་ཨུ་རྒྱན་རིན་པོ་ཆེ་དངོས་སུ་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་


CMR008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས༔ བུམ་པའི་ལྷ་ལ་ཐིམ་པས་བདུད་རྩིར་ཞུ༔ ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས༔ ལུས་ཀྱི་གནས་བཞི་གང་༔ སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞི་མངོན་དུ་བྱས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་དུ་པད་འབྱུང་ལྷ་ཚོགས་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར༔ སྐུ་ཡི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ་བྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་སྐུ་བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ ལུས་པད་འབྱུང་གི་སྐུར་སྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ༔ ད་གཉིས་པ་གསུང་གི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔


CMR008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་ཀྱང་། བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་གསུང་གི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་པོ་ཏི་ཐོགས་བྱས་ལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་པད་འབྱུང་གི་ལྷ་ཚོགས་རྣམས་ཀྱི་མགྲིན་པའི་ཨཱཡིག་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཐེག་པ་རིམ་པ་དགུའི་ཆོས་ཐམས་ཅད་པོ་ཏི་གླེགས་བམ་གྱི་ཚུལ་དུ་ཆར་ལྟར་བབས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ པོ་ཏི་འདི་ནི་རྒྱལ་བའི་གསུང་༔ རྒྱལ་བའི་གསུང་ལ་ལྷག་ཆད་མེད༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ གསུང་གི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཱཀ་པུཎྜི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔


CMR008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འགགས་མེད་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ གུ་རུའི་སྔགས་བཟླ་ཞིང་གསོལ་བ་འདེབས་པ་དང་༔ རྒྱུད་དང་རྣམ་ཐར་ཀློག་པར་དབང་༔ འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་དང་ལྡན་པའོ༔ ད་ཐུགས་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཐུགས་ཀྱི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་གཏོར་མ་ཐོགས་བྱས་ལ༔ ད་གཏོར་མ་རིན་ཆེན་འབར་བ་འདི་ཉིད་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར་པའི་དབུས་སུ་གུ་རུ་སྐུ་གསུམ་གྱི་ལྷ་ཚོགས་ཐོ་བརྩེགས་སུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་


CMR008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་ཡེ་ཤེས་ཀྱི་ཀ་པཱ་ལ་བདུད་རྩིས་བཀང་བ་དང་འཆི་མེད་ཚེའི་བུམ་པ་ཆར་བཞིན་དུ་བབས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ནི་པདྨ་འབྱུང་༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་སྤྱི་བོར་བཞག་ནས༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས་རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ༔ དེ་ནས་ཡོན་ཏན་གྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་


CMR008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཡོན་ཏན་དབང་སྐུར་བསྩལ་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ལྟེ་བ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་་་་ཡོན་ཏན་དྲུག་ཅུ་རྩ་བཞིའི་ངོ་བོ་ཡིན་པ་ལ་རྣམ་པ་གསེར་གྱི་མདོག་ཅན་གྱི་ཐིག་ལེ་གྲུ་བཞི་པ་ནང་པདྨ་འདབ་བཞི་ཉིས་རིམ༔ ལྟེ་བ་གྲུ་བཞི་ཕྱི་ཡེ་ཤེས་ཀྱི་མེ་འབར༔ འཇའ་གུར་ཐིག་ལེ་ཐིག་ཕྲན་གྱིས་བསྐོར་པ་དཔག་ཏུ་མེད་པ་སྤྱན་དྲངས༔ ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག༔ དེ་ནས་ཐིག་ལེ་སེར་པོ་གཏད་ལ༔ ཧཱུྃ༔ འདི་ནི་པད་འབྱུང་དཀྱིལ་འཁོར་ཏེ༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་ཎ་ཏི་ལ་ཀཱ་ཨ་བྷི་ཥིཉྩ་སྭཱ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་ཡོན་ཏན་ལྷུན་གྲུབ་


CMR008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ བཀའ་རྫོགས་པ་ཆེན་པོ་བསྒོམ་པར་དབང་༔་འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ༔་ད་ཕྲིན་ལས་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཕྲིན་ལས་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་མཚོ་རྒྱལ་སྐུ་ཐོགས་ལ༔ སྐུ་གཟུགས་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་སྟོང་གསུམ་ཁྱབ་པར་འཕྲོས་པས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག༔ དེ་རྣམས་ཀྱི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་སེར་དམར་ལྗང་གི་རྣམ་པར་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ཕྲིན་ལས་རྣམ་པ་བཞི་ལ་རང་དབང་ཐོབ་པར་སོམས་ཤིག༔ ཧཱུྃ༔ འདི་ནི་ཡེ་ཤེས་


CMR008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྒྱལ་སྐུ༔ ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཤཱནྟི་པུཊྛི་པ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ལག་ཏུ་གཏད་ཀྱང་རུང་༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས་རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་ཕྲིན་ལས་འགྲོ་འདུལ་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག༔ ཕྲིན་ལས་ཀྱི་དབང་ཐོབ༔ འདིའི་ལས་ཚོགས་རྣམས་བསྒྲུབ་རུང་༔ འབྲས་བུ་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ དེ་ལྟར་དངོས་བཞིའི་དབང་ལྔ་པོ་སོང་ནས༔ ད་མཐའ་རྟེན་གཏོར་མའི་བཀའ་བསྒོ་ནི༔ ད་གཏོར་མ་འདི་ཉིད་གུ་རུ་སྐུ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཆེན་པོ་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས༔ གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་ནས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས༔ གུ་རུའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་ལ་སེམས་མ་བཅོས་པར་མཉམ་པར་ཞོག་མཛོད༔


CMR008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལག་ཏུ་ཐོགས་ལ༔ ཆོས་སྐུ་པདྨ་འབྱུང་གནས༔ ལོངས་སྐུ་པདྨ་འབྱུང་གནས༔ སྤྲུལ་སྐུ་པདྨ་འབྱུང་གནས༔ བུདྡྷ་མ་ཧཱ་གུ་རུ༔ བཛྲ་མ་ཧཱ་གུ་རུ༔ རཏྣ་མ་ཧཱ་གུ་རུ༔ པདྨ་མ་ཧཱ་གུ་རུ༔ ཀརྨ་མ་ཧཱ་གུ་རུ༔ ཉི་མ་འོད་ཟེར་ཤཱཀྱ་སེང་གེ་ལ་སོགས་པ་མཆོག་གི་མཚན་བརྒྱད༔ པདྨ་རྣམ་པར་རྒྱལ་བ་ལ་སོགས་པ་རིགས་དྲུག་འདུལ་བའི་གུ་རུ་དྲུག༔ པདྨ་ས་ར་ཧ་ཌ་བི་པ་ལ་སོགས་པ་འཕྲུལ་མཚན་བཞི་བཙུ༔ ཨུ་རྒྱན་བྱེ་བ་ཕྲག་བརྒྱ༔ འཁོར་རིག་འཛིན་བྱེ་བ་འབུམ་འབུམ་དང་བཅས་པ་པད་འབྱུང་ཞི་བའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ བར་ཆད་བསལ་དུ་གསོལ༔ སྒྲིབ་པ་སྦྱོང་དུ་གསོལ༔ ལམ་སྣ་འདྲེན་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ འཆི་མེད་ཚེའི་དངོས་གྲུབ་སྩོལ་ཅིག༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག༔ བདེ་དྲོད་ལུས་ལ་འབར་བར་བྱིན་གྱིས་རློབས་ཤིག༔་ནུས་པ་ངག་ལ་འབར་བར་བྱིན་གྱིས་རློབས་ཤིག༔ ཉམས་རྟོགས་སེམས་ལ་འབར་བར་བྱིན་གྱིས་རློབས་ཤིག༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ༔


CMR008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ དེ་ལྟར་དབང་ཟབ་མོ་ཐོབ་ནས་དེ་ནས་གུ་རུ་རིན་པོ་ཆེ་ཡི་དམ་དུ་འཛིན༔ བཛྲ་གུ་རུ་རྒྱུན་བསྙེན་བསམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ འདི་ཉིད་བྱང་ཆུབ་མ་ཐོབ་བར༔ ཡི་དམ་གཟུང་བར་སེམས་བསྐྱེད་དོ༔ ན་ར་ཀན༔ དེ་ལྟར་དབང་ཟབ་མོ་ཐོབ་པའི་གཏར་རག་ཏུ་མཎྜལ་རིན་པོ་ཆེ་གསེར་གྱི་ས་གཞིའི་སྟེང་དུ་ནས་རྣམས་གསེར་གཡུ་རིན་ཆེན་སྣ་ཚོགས་སུ་གྱུར་པས་ཕྱུར་བུར་བཀང་སྟེ་ཕུལ་བའི་མོས་པས་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེའུ་གྲོ་བཞིན་ཅན་གྱི་ཚེས་བཞི་ལ་ཨུ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་


CMR008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་དངོས་སུ་བཀའ་སྩལ་པའོ༔ ཞེས་སྒྲུབ་ཐབས་གསུམ་དབང་དང་འབྲེལ་མར་བྱུང་བ་ལས༔ མངོན་རྟོགས་རིགས་གསུམ་བདག་མདུན་བུམ་གསུམ་ལ་སྦྱར༔ དབང་བཤད་དང་བར་སྐབས་ཀྱི་མཚམས་སྦྱར་བཀྲ་ཤིས་སོགས་ཀྱིས་ཁ་བསྐང་སྟེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་གཏེར་སྟོན་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་༔ འགྲོ་བ་དཔག་ཏུ་མེད་པ་ཨུ་རྒྱན་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག༔ མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་༄༄༄༄༄ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒོང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ།next