Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
གུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན།next

གུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན།


CMR009_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན་བཞུགས་ལགས་སོ༔


CMR009_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། ཡེ་ཤེས་པ་ལས་ལ་བསྐུལ་བ་དང་། འཇིག་རྟེན་པ་བསྐུལ་བའོ། །དང་པོ་གཏོར་མ་སྨན་རཀ་གིས་བྲན་ཞིང་། ཐོད་རྔ་དང་རྔ་ཆེན་དུང་གླིང་ལ་སོགས་འཇིགས་པའི་དབྱངས་དང་བཅས་པས་འདི་སྐད་དོ།། ཧཱུྃ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །མ་གཡེལ་མ་གཡེལ་ཐུགས་དམ་དུས་ལ་བབ། །དྲག་པོ་པདྨའི་ལྷ་ཚོགས་བཀའོ་མ་གཡེལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་


CMR009_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། དྲེགས་པ་ཚར་གཅོད་དུར་ཁྲོད་གཞལ་ཡས་དབུས། །ཐམས་ཅད་ཟིལ་གནོན་སྲིན་པོ་ཕོ་མོའི་གདན། །ཆགས་པའི་སྐྱོན་སྤངས་པདྨའི་ལྟེ་བའི་སྟེང་། །ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་གསལ། །ཉོན་མོངས་འདམ་སྐེམ་ཉི་མའི་དཀྱིལ་འཁོར་འབར། །མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས། །བདེན་པའི་སྟོབས་རྒྱས་བྱིན་རླབས་ཚྭ་ཚྭ་འཕྲོ། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཚར་བཅད་ནས། །གསུང་གི་དབང་ཕྱུག་ཧེ་རུ་ཀ་ཡི་སྐུ། །དཔའ་ལ་སྒེག་པའི་ཆ་ལུགས་གསལ་བར་ལྡན། །རྔམ་


CMR009_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྗིད་པའི་ཁྲོ་བོ་གཡུལ་ལས་རྒྱལ། །གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་སྟོབས་ཅན། །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་བཅུག་།དམ་ལས་འགལ་བའི་དགྲ་བགེགས་འབྱུང་པོ་རྣམས། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །བསད་བཅད་གཏུབས་ནས་ཤ་ཁྲག་རུས་པ་གསོལ། །ཁྱེད་ནི་དུས་ངན་བསྟན་པའི་རྒྱལ་མཚན་ཏེ། །བསྟན་ལ་སྡང་བ་ཐམས་ཅད་རྡུལ་དུ་རློགས། །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མཆོག་ནམ་མཁའི་ཁམས་གང་འཇིགས་པ་ལ། །ལྟ་བས་ཆོག་མི་ཤེས་པའི་མཚན་དཔེར་ལྡན། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྗེས། །སྤྱན་རྩ་དམར་པོ་སྡང་མིག་


CMR009_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་གཟིགས། །བར་སྣང་ཁམས་ཀྱི་གདོན་ཚོགས་རླག་པར་བྱེད། །ཞལ་བགྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར། །གཟི་བརྗིད་འོད་ཀྱིས་སྟོང་གསུམ་མ་ལུས་བསྲེགས། །ཁྲོས་པའི་སྐད་སྒྲས་རི་རབ་ཐང་ལ་བསྙིལ། །རྔམ་པའི་སྟོབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ། །རྔམ་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་འཕྱར། །འདྲེ་གདོན་འདུལ་ཕྱིར་ཕྱག་གཡོན་སྡིག་པ་བསྣམས། །གླང་ཆེན་ཀོ་རློན་ཞིང་ལྤགས་གཡང་གཞི་གསོལ། །སྟག་གི་ཤམ་ཐབས་སྦྲུལ་གྱིས་ཡན་ལག་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་བྱས། །ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་བརྒྱན། །ཐལ་ཆེན་ཚོམ་བུས་གནས་གསུམ་བྱུགས་པས་མཚན། །ཉོན་མོངས་སྲེག་བྱེད་མེ་དཔུང་ཀློང་ནས་འགྱིངས། །ཆོས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་


CMR009_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་དབང་རྫོགས་ཕྱིར་འཇམ་དཔལ་དབུ་ལ་བཞུགས། གསུང་དབང་རྫོགས་ཕྱིར་རྟ་མགྲིན་མགྲིན་པར་བཞུགས། །ཐུགས་དབང་རྫོགས་ཕྱིར་གསང་བདག་ཐུགས་ཀར་བཞུགས། །ཡོན་ཏན་འདོད་པའི་དོན་རྣམས་ལྷུན་གྲུབ་ཕྱིར། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལྟེ་བར་བཞུགས། །ཕྲིན་ལས་རྫུ་འཕྲུལ་ཐོགས་པ་མེད་པའི་ཕྱིར། །སྤྱི་བོའི་གཙུག་ནས་ལྷ་འདྲེའི་གཉེན་པོར་ལྡིང་། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཚར་བཅད་ཕྱིར། །སྐུ་ཡི་སྤྲུལ་པ་ཡཀྵ་མེ་དབལ་འགྱེད། །རྣམ་དག་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་ཡི་གཟི་བརྗིད་འབར་བའི་འོད་ཟེར་གྱིས།་།སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད། །གསུང་གི་གདངས་སྐད་རྔམ་པའི་ང་རོ་ཡིས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བར་མཛོད། །ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་ཀྱིས། །འགྲོ་


CMR009_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མ་ལུས་འཁོར་བའི་གཏིང་ནས་འདྲེན། །ཨ་ར་ལི་ཡི་སྒྲ་ཆེན་སྒྲོགས་པ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། །ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས་པ་ཡིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྤྱི་བོའི་གཙུག་ནས་བྱ་ཁྱུང་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྱུང་གིས་སྟོང་ཁམས་འཇིག་རྟེན་གང་། །ག་རུ་ཎ་ཡི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །དུང་ཁང་ནང་ནས་འཇམ་དཔལ་སྤྲུལ་པར་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །ཡ་མཱནྟ་ཀའི་ཐུགས་དམ་དུས་ལ་བབ་། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །མགྲིན་པའི་གནས་


CMR009_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟ་མགྲིན་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས། །རྒྱ་གྲི་ཝའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཐུགས་ཀྱི་དཀྱིལ་ནས་གསང་བདག་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །བཛྲ་པཱ་ཎིའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ལྟེ་བའི་གནས་ནས་མཁའ་འགྲོའི་སྤྲུལ་པ་འགྱེད། །ཡང་སྤྲུལ་མཁའ་འགྲོས་སྟོང་གསུམ་འཇིག་རྟེན་འགེངས། །མཁའ་འགྲོ་སྡེ་ལྔའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་གསུང་ཐུགས་ལས་མེ་དབལ་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །ཡཀཱ་མེ་དབལ་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་


CMR009_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྡིགས་མཛུབ་རྩེ་ནས་སྡིག་པའི་སྤྲུལ་པ་འགྱེད་། །ཡང་སྤྲུལ་སྡིག་པས་སྟོང་གསུམ་འཇིག་རྟེན་འགེང་། །འཇིགས་བྱེད་སྡིག་པའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །བསྟན་པ་སྲུང་ཕྱིར་ལས་མཁན་སྤྲུལ་པ་འགྱེད། །ཡང་སྤྲུལ་ཆོས་སྐྱོང་སྟོང་གསུམ་འཇིག་རྟེན་འགེང་། །བདུད་བཙན་ཀླུ་མགོན་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཁྱེད་ནི་འགྲོ་བའི་མགོན་གྱུར་སྐྱབས་ཀྱི་མཆོག །བདག་གི་སྒོ་གསུམ་དད་པས་ཁྱེད་སྒྲུབ་ཅིང་། །དཀའ་བ་དང་བླངས་ལྗི་བ་ཁུར་དུ་ཁུར། །ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བོར། །མོས་གུས་གཏིང་ནས་ཁྱེད་ལ་སྐྱབས་གསོལ་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །སྨོན་ལམ་འབྲེལ་བ་འདི་ཡིས་


CMR009_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་ནས། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ནས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བདག་སོགས་བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས། །གསུང་དབྱངས་དྲུག་ཅུར་ལྡན་པའི་མགུལ་དུ་སྒྲིམས། །དོན་དམ་སྐྱེ་མེད་ཐུགས་ཀྱི་དབྱིངས་སུ་བསྟིམ། །རྣལ་འབྱོར་བདག་གིས་འདོད་པའི་དོན་རྣམས་ཀུན། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །འགྲུབ་པར་མཛོད་ཅིག་བཛྲ་ས་མ་ཡཱ། །རྒྱུན་དུ་བསྟོད་བསྐུལ་འདི་བྱ། རྣམ་རྒྱལ་འབར་མ་གཉན་པས་ཞག་དུ་བྱེད་ཀྱང་འབུལ་ཉིན་ཚར་གཅིག་ལས་མི་འདོན་ནོ། །གཏོར་རྫོངས་བྱའོ། །བསྡུ་ན་མི་དགོས་སོ། །སྔགས་འཆང་བྱིན་ཆེན་ན་གལ་ཆེ་བའི་དུས་ལ། རྣམ་རྒྱལ་འབར་མ་མཇུག་ནས་ཡར་འདོན་ལ་ཡོན་བདག་ལ་གཏོར་རྒྱབ་བྱའོ། །བདག་དམ་ཚིག་ལ་མ་འགལ་བ་གལ་ཆེའོ།་།ཞེས་ཨ་རཱ་གས་གསུངས་པའོ། །འདི་ཞལ་གདམས་ཡིན་ནོ་གཞུང་མིན་ནོ། །མངྒ་ལཾ། བྷ་ཝནྟུ། །


previousགུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན།next