Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད།
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད།next

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད།


CMR009_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད་ཅེས་བྱ་བ་བཞུགས།།


CMR009_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ༔ གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་བསྐུར་བ་ཡིན་ཏེ༔ དེ་ལ་ཡིད་ཆེས་པའི་ལོ་རྒྱུས་ཅུང་ཟད་ཞུ་བ་ནི༔ ལྷའི་ངོ་བོ་གང་ཡིན་པ་དང་༔ རྒྱུད་ཇི་ལྟར་གསུངས་ཚུལ་དང་༔ མན་ངག་ཇི་ལྟར་བྱུང་ཚུལ་དང་༔ ཕན་ཡོན་དགོས་ཆེད་དང་བཞིའོ༔ དང་པོ་ལྷའི་ངོ་བོ་ནི༔ དྲག་པོ་བདེར་འདུས་གཞུང་ལས༔ ཧཱུྃ༔ ཁམས་གསུམ་གནས་ན་སྟོབས་ལྡན་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀཿ དྲག་པོ་པདྨའི་སྐུ་


CMR009_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་པས་ངོ་བོ་སྣང་བ་མཐའ་ཡས་ཉིད་ཡིན་ནོ༔ རྒྱུད་གསུངས་ཚུལ་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སངས་རྒྱས་འོད་དཔག་ཏུ་མེད་པས་གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ཞེས་བྱ་བ་གསུངས༔ གཞན་ཡང་དྲག་པོ་ཁྲག་འཐུང་རོལ་བ་རྩ་རྒྱུད་སོགས་རྩ་རྒྱུད་བརྒྱ་དང་རྩ་བརྒྱད༔ སྒོས་རྒྱུད་སུམ་འབུམ་ཉི་ཁྲི༔ སྤྱི་རྒྱུད་འབུམ་སྡེ་ས་ཡ་གསུངས་སོ༔ ཁྱད་པར་ལྷ་མ་སྲིན་དང་སྡེ་བརྒྱད་འཁྲུགས་ནས་རླུང་ལྟར་རྒྱུག་ཅིང་གློག་ལྟར་མྱུར་བའི་ཚེ༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་


CMR009_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་སྤྲུལ་ནས༔ ལྷ་སྲིན་གཟིར་ནས༔ ཧཱུྃཞེས་དབང་ཆེན་ང་རོའི་བཀའ་སྩལ་པས༔ སྡེ་བརྒྱད་བརྒྱལ་ལོ༔ བརྒྱལ་སངས་ནས་ས་མཱ་ཡ་ཧཱུྃ་ཕཊ༔ ཅེས་དམ་ལ་བཏགས་ནས་སངས་རྒྱས་འདུས་པའི་ཁྲོ་བོ་ལས༔ ནུས་པ་ཆེ་བ་གཞན་གར་ཡོད༔ བདེར་གཤེགས་ཀུན་གྱི་རྩལ་བསྡུས་པས༔ མཐུ་སྟོབས་མི་ཆེ་ཀ་མེད་ཡིན༔ སྡེ་བརྒྱད་ཀྱི་སྙིང་འདོད་ཁྲག་འདོད༔ ཙིག་གཏུམ་ཞེས་པས་སྡེ་བརྒྱད་ཐམས་ཅད་ཀྱི་ཙིཏྟ་ཐང་ལ་བྲུལ་ནས་བརྒྱལ་ལོ༔ ཡང་སོས་ནས་གདུག་པའི་སྡེ་བརྒྱད་མི་མ་ཡིན༔ ངེད་ཟས་ནི་ཕོ་འདྲེའི་ཤ་ལ་བྲ༔ སྐོམ་དུ་མོ་འདྲེའི་ཁྲག་ལ་འཐུང་༔ ལས་སུ་མ་ནིང་རུ་ཏྲ་སྒྲོལ༔ ཅིག་ཧཱུྃ༔ ཞེས་པས་སྡེ་བརྒྱད་འགལ་བྱེད་ཀྱི་ཙིཏྟ་གསོལ་ཏེ༔ ཤ་རུས་ཀྱི་ཕུང་པོ་སྡིག་པའི་ཟས་སུ་བསྟབ་སྟེ༔ ཉིན་མཚན་དུ་སྡེ་བརྒྱད་གྲངས་མེད་པ་བསྒྲལ་ནས་གསོལ་བས༔ སླར་སྡེ་བརྒྱད་སྐྱབས་སུ་གསོལ་ནས༔ ཉིན་མཚན་རེ་ལ་སྡེ་བརྒྱད་གསུམ་གསུམ་གྱི་ཤ་ཁྲག་ཚོགས་སུ་ཕུལ་ནས་གཞན་མི་གསོད་པར་ཞུས་སོ༔ སྡེ་བརྒྱད་ཀྱི་ཤ་ཁྲག་སྤྱོད་དུས་སྡེ་བརྒྱད་འཚོགས་ཏེ༔ ཤོ་རྒྱན་བྱེད་དེ༔ སྡེ་བརྒྱད་གཞན་གྱི་མི་གསོད་པ་དབང་མེད་པར་གསོད་ཅིང་


CMR009_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཙོ་འཁོར་གྱི་ཟས་སུ་སྤྲད་དོ༔ སྡེ་བརྒྱད་དམ་ལ་སུ་འགལ་རེ༔ གྲངས་མེད་སྡིག་པས་གསོན་ཟོས་བྱེད་པས་སྡེ་བརྒྱད་འཚོགས་ཤིང་ཤོ་རྒྱན་བྱེད་པ་དང་༔ ཉེས་པ་ཡོད་པས་སྡེ་བརྒྱད་བཀའ་ལས་འགལ་བ་དེ་ཟས་སུ་སྤྱོད༔ སུས་ཀྱང་སྐྱབས་མགོན་མ་རྙེད་ནས་ངུའོ༔ ངུས་ནས་ཀུ་ཅོ་ལྷང་ལྷང་འདོན་ཏེ༔ དབང་མེད་དུ་སྡེ་བརྒྱད་ཟླ་བོས་ཁྲིད་ནས༔ ཡཀཱ་མེ་དབལ་ལ་སྤྱོད་ཅིང་ཌཀི་རཱ་ཛས་བཟུང་ནས༔ ཁྲག་འཐུང་གཙོ་བོར་ཚོགས་འཁོར་བྱེད་དོ༔ དུས་གཉན་བཞི་ལ་སྡེ་བརྒྱད་འཚོགས་ཏེ༔ དབང་དྲག་གིས་སྡེ་བརྒྱད་རྣམས་ལ་ཉེས་པ་སུ་ལ་འདུག་སེམས་ཅན་ལ་གནོད་པ་སུས་བྱས༔ རྣལ་འབྱོར་པ་ལ་བར་ཆད་སུས་བྱས༔ དམ་ལས་སུ་འགལ༔ བཀའ་ལས་སུ་འདས་རྣམས་ལྟ་ཞིང་༔ རྩིས་མགོ་ལ་མཁས་པ་འཇམ་དཔལ་གྱིས་རྡེའུ་འགྲིམ༔ སྨྲ་བརྗོད་ལ་གཙོ་བོ་རྟ་མགྲིན་གྱིས་ཤག་འདེབས༔ མཐུ་སྟོབས་ལ་གཙོ་བོ་ཕྱག་ན་རྡོ་རྗེས་ཆད་པ་གཅོད་དེ༔ བསྟན་པ་ལ་གནོད་པ་ཐམས་ཅད་གསོན་སྲེག་བྱེད༔ ཆོས་ལ་བར་དུ་གཅོད་པ་ཐམས་ཅད་སྡིག་པས་གསོན་ཟོས་བྱེད༔ རྣལ་འབྱོར་པ་ལ་བར་དུ་གཅོད་པ་ཐམས་ཅད་


CMR009_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་གཏུབས༔ མཚོན་ཆས་གསོད༔ སྡིག་པས་ཟ་ཞིང་སེམས་ཅན་ལ་གནོད་པ་ཐམས་ཅད་སྡིག་པས་བཟུང་གསོད་བྱེད་པ་ལ༔ དེ་ནས་སྡེ་བརྒྱད་ཐམས་ཅད་འདུས་ཏེ་བཀའ་ལས་མི་འདའ་བའི་དམ་བཅའ་བྱས༔ དམ་ལ་མི་འགལ་བའི་བྲོ་བོར་རོ༔ ཆོས་སྒྲུབ་པ་ལ་བར་ཆད་མི་བྱེད་པར་ཁས་བླངས༔ རྣལ་འབྱོར་པའི་བྲན་དུ་བཅས༔ སེམས་ཅན་རྣམས་ལ་མི་གནོད་པའི་ཁྲིམས་བྱས༔ ཚེས་བཅུ་ལ་གུ་རུ་དྲག་པོའི་མདུན་དུ་ཆོས་ཞུ་ཞིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས་བཤད་དེ༔ ད་ལྟ་ཡང་ཟངས་མདོག་དཔལ་གྱི་རིའི་ངོས་སུ་གུ་རུ་དྲག་པོའི་སྐུར་བཞེངས་ནས༔ ལྷ་འདྲེ་དང་སྲིན་པོ་ཐམས་ཅད་དེ་ལྟར་བཏུལ་བར་གསུངས་པས༔ གུ་རུ་དྲག་པོ་འདི་ཡི་དབང་ཐོབ་ན་ལས་ཀྱི་རྣམ་པར་སྨིན་པ་ཡོད་ན་མ་གཏོགས་སོ༔ སྣང་སྲིད་ལྷ་འདྲེའི་གནོད་མི་ནུས་པའི་རྒྱུད་དེ་ལྟར་ཡིན་ནོ༔ ཁྱད་པར་དུ་སྔོན་བསམ་ཡས་སུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་རྒྱལ་པོ་པེ་དཀར་བཏུལ་དུས༔ པེ་དཀར་གྱིས་སྲོག་སྙིང་ཕུལ་ཏེ༔ ཕྱི་རབས་ཀྱི་ཆོས་བྱེད་བུ་བཞིན་སྐྱོང་བ་དང་༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་༔ ཁྱད་པར་


CMR009_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་སྐྱོང་བ་དང་༔ སྔགས་པའི་སྲུང་མ་བྱེད་དེ་ཕྲིན་ལས་སྒྲུབ་པ་དང་༔ ཁྱད་པར་གསང་སྔགས་རྙིང་མ་དང་༔ ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་ལ་འཁུ་ལྡོག་མི་བྱེད་བུ་བཞིན་སྐྱོང་༔ ཕྲིན་ལས་གང་བཅོལ་སྒྲུབ་པར་སྲོག་འཕྲོག་སྟེ་བྲོ་བོར་དམ་ལ་བཞག་གོ༔ དེའི་ཕྱིར་འདིའི་དབང་ཐོབ་ན་རྒྱལ་བོ་པེ་དཀར་འཁོར་བཅས་ཀྱི་གནོད་པ་མི་འབྱུང་བའོ༔ སྙིགས་མའི་དུས་སུ་རྒྱ་འདྲེ་འགོང་པོ་བོད་དུ་དར་ཚུལ་ལུང་བསྟན་ལས་ཀྱང་༔ དམ་སྲི་གདུག་པ་ཅན་འདིས་སྙིགས་མའི་འགྲོ་བ་དབུགས་སྡུད་པར་འགྱུར་ཏེ༔ པདྨ་ང་ཡི་བརྒྱུད་འཛིན་ལ་འཕྲལ་དུ་གནོད་པ་མི་ནུས་ཏེ༔ གལ་ཏེ་གནོད་ཚབས་ཆེ་ན་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་༔ བོད་ཀྱི་བརྟན་མ་རྣམས་ཁོའི་གཤེད་དུ་འབབ་པ་བྱེད་དོ༔ ཞེས་གསུངས་པའི་ཕྱིར༔ འདིའི་དབང་ཐོབ་ན་རྒྱ་འདྲེ་དང་འགོང་པོའི་གནོད་པ་ཡང་ཞིའོ༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ མི་རྣམས་ཆོས་ལོག་མི་དགེ་སྣ་ཚོགས་བྱེད༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་རླུང་ལྟར་འཚུབ༔ རྒྱལ་བསེན་གཟའ་ཀླུའི་འགྲོ་བའི་དབུགས་སྡུད་ཚེ༔ ལོ་ཉེས་དུས་འཁྲུག་ནད་ཀྱིས་མི་ཐོག་འབུད༔ དེ་ལྟའི་དུས་ན་


CMR009_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་རྟགས་མཚན་ཆེ༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ ཅེས་དང་༔ གདོན་དུ་རྒྱལ་པོ་དང་གཟའ་དང་༔ ཀླུ་བདུད་བསེན་མོའི་གདོན་ཅིང་མི་རྣམས་ཀྱི་སྙིང་དུ་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་འབྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏེ༔ སྣང་སྲིད་ལྷ་འདྲེའི་གཉེན་པོར་པདྨ་ང་ཉིད་དྲག་པོར་སྒྲུབ་པ་ཉི་ཤུ་ཤིན་ཏུ་ཟབ་གསུངས་ཏེ༔ ལྷོ་བྲག་མཁར་ཆུ་དེ་ཝི་ཀོ་ཊའི་གནས་སུ་གཏེར་དུ་སྦས༔ ཕྱིའི་གཏེར་སྲུང་དགེ་བསྙེན་སྨྱོ་ཁ༔ ནང་གི་བཀའ་སྲུང་སྤུ་གྲི་མཆེད་གསུམ༔ གསང་བའི་བཀའ་སྲུང་མཁའ་འགྲོ་སྡེ་ལྔ་ལ་གཏད་དོ༔ དེ་ནས་སློབ་དཔོན་སྲིན་ཡུལ་དུ་བྱོན་རྗེས་སུ༔ རྗེ་འབངས་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེས་མཐའ༔ གཏེར་སྟོན་རཏྣ་གླིང་པ་གཏེར་འདི་འདོན་དུ་བྱོན་པས་དགེ་བསྙེན་སྨྱོ་ཁས་མཚོན་ཆའི་འཁོར་ལོ་བསྐོར་ནས་འདོན་མ་བཅུག༔ ང་གཏེར་གྱི་བདག་པོ་ཡིན་སྨྲས་པས༔ ད་དུང་དུས་ཚོད་ལོ་གཉིས་ལ་མ་ཐེམ་ཟེར་སྐད༔ དེ་ནས་ལོ་གཉིས་ཐེམ་ནས་བྱོན་པས༔ གཏེར་ཐོན་ཀྱང་འདི་ཤིན་ཏུ་གཉན་པས་འཁུ་ལྡོག་གིས་གཏེར་གཡོག་པའི་ལྟག་ལ་ལྷོག་པ་བརྒྱབ༔ གཏེར་སྟོན་ཡུན་


CMR009_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྙུང་༔ རྟ་མགོ་ཅན་དང་གཡག་མགོ་ཅན་གྱིས་སྒར་གང་བ་བྱུང་༔ དེའི་ཚེ་ཨོ་རྒྱན་དང་བི་མ་ལ་དང་སྒྲོལ་མ་གསུམ་བྱོན་ནས་བར་ཆད་བསལ༔ ཤིན་ཏུ་གཉན་པའི་ཕྱིར་ལོ་བཅུ་གཉིས་ཀྱི་བར་དུ་མ་སྤེལ་བ་བཀའ་རྒྱས་གདམས༔ དེ་ལྟར་གཉེན་ཞིང་སློང་ཆེ་བར་བྱུང་ཡང་༔ རྗེས་ནས་བཀྲ་ཤིས་ཤིང་དར་རྒྱས་ཆེ་བར་ལུང་བསྟན་ཕྱིས་བཀའ་རྒྱ་བཀྲོལ་ནས་བོད་ཀྱི་སྡེ་པ་སྣེའུ་གདུང་རྩེར་གདན་དྲངས་ནས་རྒྱལ་པོའི་ཕོ་བྲང་དེར་ཤོག་སེར་རྣམས་ཕབ༔ དུས་དེང་སང་གི་བར་དུ་སྣེའུ་གདུང་རྩེར་འདིའི་སྒྲུབ་མཆོད་ཀྱང་བཙུགས༔ དེ་ནས་སྲས་སློབ་བརྒྱུད་རྣམས་ནས་བརྒྱུད་དེ་རྒྱ་ཆེར་འཕེལ་ལོ༔ བཞི་པ་འདིའི་ཕན་ཡོན་དགོས་ཆེད་ནི༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པ་སྙིང་འབྱིན་ལས༔ དངོས་གྲུབ་གཞན་བས་འདི་དག་ཆེ༔ འགྲུབ་ཐག་གཞན་བས་མྱུར་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཞག་བདུན་འགྲུབ་འགྱུར་ཐེ་ཚོམ་མེད༔ ཅེས་དང་༔ དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་མན་ངག་གི་ཏན་ལས༔ ཅིག་ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཐོད་ཕྲེང་ཁྲོས༔ འབྱུང་པོ་འདུལ་བྱེད་བཀའ་སྩལ་པ༔ ང་


CMR009_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུས་གསུམ་སངས་རྒྱས་དང་༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཀུན་འདུས་ལྷ་གཅིག་ཡིན༔ སྔགས་ཀྱང་བདེར་གཤེགས་སྤྱི་སྒྲུབ་ལས༔ ང་ལ་སྒོས་སུ་རྡུལ་ཙམ་མེད༔ ཨོཾ་དང་ཨཱདང་ཧཱུྃ་དང་གསུམ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཨཱནི་སྐྱེ་མེད་ཡིག་འབྲུ་ནི༔ ཙིག་གིས་ཆོ་འཕྲུལ་སྡེ་བརྒྱད་འདུལ༔ ནེར་ཙིག་ཆོས་ཉིད་རང་བྱུང་གསུང་༔ ན་མོ་གུས་པའི་བློ་བསྐྱེད་ལ༔ བྷ་ག་ཝ་ཏེ་བཅོམ་ལྡན་འདས༔ ཧཱུྃ་གཉིས་སྔགས་ཀྱི་ང་རོ་སྒྲོགས༔ སྡེ་བརྒྱད་ལྷ་སྲིན་དབང་དུ་གནོན༔ ཨ་ནི་སྐྱེ་མེད་ཆོས་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཕཊ་ཕཊཐོག་མདའ་འཕེན༔ སྣང་སྲིད་དྲེགས་པ་འདར་དང་ཆུམ་ཉི་ཤུ་རྩ་གཅིག་རྩ་སྔགས་འདི༔ སངས་རྒྱས་འདུས་པའི་ཡང་སྙིང་ཡིན༔ བདེ་གཤེགས་འདུས་པའི་སྙིང་པོ་ཡིན༔ ཡི་དམ་འདུས་པའི་རྩ་བ་ཡིན༔ ཁྲོ་བོ་འདུས་པའི་རང་སྒྲ་ཡིན༔ ལྷ་འདྲེ་འདུས་པའི་གཉའ་གནོན་ཡིན༔ སྡེ་བརྒྱད་འདུས་པའི་སྙིང་གཟེར་ཡིན༔ ཙིག་ཧཱུྃ་ཁྲི་ཕྲག་གཅིག་གིས་སྡེ་བརྒྱད་ཐུལ༔ སྟོང་ཕྲག་གཅིག་གིས་དམ་སྲི་ཆོམས༔ བརྒྱ་ཕྲག་གཅིག་གིས་རྒྱལ་བསེན་ཆུན༔ མཆོག་ལ་འབུམ་ལས་མི་དགོས་


CMR009_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ འབུམ་ཕྲག་ཉི་ཤུ་སོང་བའི་མི༔ རྟོགས་ལྡན་རྣལ་འབྱོར་དབང་ཕྱུག་ཡིན༔ ལྷ་སྲིན་སྡེ་བརྒྱད་དེ་ལ་སྐྱོབས༔ སྲ་བའི་གོ་གྱོན་བཙན་མཁར་ཟིན་དབང་ཆེན་རྒྱུན་ཁྱེར་ཉམས་ལེན་སྲིད༔ དེ་ལས་སྒྲུབ་པར་མ་གསུངས་སོ༔ རྩ་རྒྱུད་དེ་ཉིད་ལས༔ སྔགས་ཀྱི་ཤམ་བུ་གསུངས་ནས༔ དེ་ལྟར་བསམ་ན་སྡེ་བརྒྱད་འཆི༔ དེ་ལྟར་བསམ་ན་སྡེ་བརྒྱད་བརླག༔ གཟའ་གདོན་རྒྱལ་བསེན་སྨོས་ཅི་དགོས༔ ཏྲཀ་ཤད་བེང་མ་སྐད་ངན་འདོན༔ སྡེ་བརྒྱད་གུ་ལོང་ར་ལྟར་གསོད༔ རྒྱལ་བསེན་དམ་སྲི་ཕྱེ་མར་བཏང་༔ ཁ་བ་ཅན་གྱི་དྲག་སྔགས་ལ༔ འདི་ཉིད་དོ་བ་མི་གདའ་འོ༔ ཞེས་གསུངས༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ང་ཡི་མཐའ་རྒྱས་དྲག་སྔགས་ལས༔ སངས་རྒྱས་ཀྱིས་ཀྱང་ཚད་མི་ཟིན༔ ལས་ལ་སྟོང་ཕྲག་བཅུ་གཅིག་ཡོད༔ བནྡེ་བུ་ཆུང་བཀོལ་མི་ཟིན༔ འཁོར་ལོ་ཁྲི་ཕྲག་བཅོ་བརྒྱད་ཡོད༔ བན་ཆུང་དཔུང་མེད་བཀོལ་མི་ཟིན༔ དྲག་སྔགས་བྱེ་བྲག་སོ་བརྒྱད་ཡོད༔ ཐོས་ཆུང་གསར་བུས་གྲངས་མི་ཟིན༔ དམིགས་པའི་ལྷ་སྐུ་བརྗོད་ལས་འདས༔ དགེ་སློང་ཕལ་བས་བསམ་མི་ཚལ༔ ཞེས་གསུངས༔ གུ་རུ་


CMR009_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དྲེགས་པ་སྙིང་འབྱིན་གྱི་རྒྱུད་ལས༔ ལས་ཚོགས་མཐའ་རྒྱས་དེ་ལྟར་ཏེ༔ གཞན་བས་ཟབ་ཅིང་མྱུར་བར་འོང་༔ ཞེས་གསུངས་སོ༔ གུ་རུ་དྲག་པོའི་སྒོ་ནས་དགྲ་བགེགས་བསད་པ་རྣམས་ཀྱང་འདྲེན་པ་ཡིན་ཏེ༔ པདྨ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ སེམས་ཅན་དོན་དུ་ལྷ་སྲིན་བཅོམ༔ སྡེ་བརྒྱད་ཁྱོད་རྣམས་སྙིང་རེ་རྗེ༔ རྗེས་སུ་བཟུང་ནས་འདྲེ་ཡིན་ཀྱང་༔ མཐར་ཐུག་བདེ་བ་ཆེན་པོའི་སྐུ༔ གཉིས་མེད་ངང་དུ་སངས་རྒྱའོ༔ ཞེས་གསུངས་སོ༔ ཁྲོ་རྒྱལ་སྟོབས་འདུས་ལས༔ མདོར་ན་ཁྲི་ཕྲག་གཅིག་གིས་དྲེགས་པ་སྡེ་བརྒྱད་ཐུལ་ཞིང་༔ སྐུ་གསུང་ཐུགས་ལ་འབུམ་ཕྲག་རེ་རེ་ནས་གསུམ་བཟླས་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་༔ ཐོས་དང་དྲན་པ་ཙམ་གྱིས་ཀྱང་༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞིང་ལས་བྱེད་དོ༔ སྤྲིངས་ཡིག་གིས་སྡེ་བརྒྱུད་བཀའ་ཉན་པར་འགྱུར་རོ༔ ཞེས་དང་༔ སྲིད་གསུམ་ཟིལ་གནོན་ལས༔ དེ་ནི་ཚེ་འདི་ལ་བླ་མ་དྲག་པོའི་བྱིན་རླབས་བདག་དང་དབྱེར་མེད་དུ་འགྱུར་ཏེ༔ མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ༔ ལུས་རྗེས་རྣམ་ཤེས་འཕོས་མ་ཐག་ཏུ་ཨོཾ་


CMR009_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བདག་གིས་ལམ་སྣ་དྲངས་ཏེ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་རྣམས་ཀྱི་གཞི་ཐོབ་པར་འགྱུར་ཏེ༔ མི་བསླུ་བའི་ཐ་ཚིག་ཅེས་གསུངས་སོ༔ དྲག་པོའི་ཕྱི་སྒྲུབ་ལས་དྲག་པོའི་སྔགས་རྒོད་འདི་ཉིད་ལ༔ ཁྲི་ཚོ་གཅིག་བཟླས་ན༔ དྲེགས་པ་སྡེ་བརྒྱད་ཐུལ་བར་འགྱུར་རོ༔ འབུམ་ཕྲག་གཅིག་བཟླས་པར་གྱུར་པས་ན༔ མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ལ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་ཉན་སྲོག་སྙིང་འབུལ༔ ཅི་བཅོལ་དགོས་པའི་བཀའ་ཉན་པར་འགྱུར་ཏེ༔ མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་བོ༔ ཞེས་དང་༔ དམིགས་པ་ངར་དང་ལྡན་པར་བཟླས་པས༔ སྡེ་བརྒྱད་ཐམས་ཅད་ཐལ་བར་བརླག་པར་འགྱུར་ཏེ༔ བདག་མཐོང་བ་ཙམ་གྱིས་བརྒྱལ་བར་འགྱུར་རོ༔ ཞེས་དང་༔ དྲག་པོའི་ནང་སྒྲུབ་ལས༔ འདི་ལ་འབུམ་ཕྲག་གཅིག་བསྙེན་ན༔ མཐུ་དང་ནུས་པ་པདྨ་ཧེ་རུ་ཀ་དང་མཉམ་སྟེ༔ ཀླུ་དང་རྒྱལ་བསེན་བཀའ་ཉན་དམ་ལ་འདུ་ཞིང་༔ ལྷ་སྲིན་སྡེ་བརྒྱད་བྲན་ལྟར་ཉན་པར་འགྱུར༔ ཞེས་དང་༔ ཡང་གསང་བླ་མེད་སྒྲུབ་པ་ལས༔ འབུམ་ཕྲག་བདུན་བཟླས་ན་མཆོག་གི་


CMR009_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་ཅིང་༔ ཐུན་མོང་གི་དངོས་གྲུབ་ཞོལ་ལ་འགྲུབ་བོ༔ ཞེས་དང་༔ ཀུན་དྲིལ་ཡིད་བཞིན་ནོར་བུ་ལས༔ སུ་ཡིས་སྒྲུབ་ཀྱང་བར་དོའི་ས་མཚམས་ནས༔ ཨོ་རྒྱན་རྗེ་ཡི་ཐུགས་རྗེས་མི་འཛིན་རེ༔ ཞེས་དབུ་བསྙུང་བཞེས་སོ༔ ཨོ་རྒྱན་ཐུགས་སྒྲུབ་དྲག་པོའི་སྒྲུབ་ཁོག་ལས༔ སྔགས་ཨ་ཙིག་འདི་གསུངས་ནས་ཞེས་པ་འབུམ་ཕྲག་གཅིག་བཟླས་ན༔ པདྨ་དངོས་སུ་མཇལ་བར་འགྱུར་རོ༔ དང་པོ་རྟགས་ནི་འོད་དང་མེ་ཆེན་འབར༔ ཉམས་དགའ་རིག་པ་འུར་བ་དང་༔ སྣང་བ་འགྱུར་དང་ཤེས་པ་འཕྱོ༔ དགའ་སྤྲོ་ལྷག་པའི་བསམ་པ་འབྱུང་༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་སྙིང་ལ་ཞུགས་པའི་རྟགས༔ གཉིས་པའི་རྟགས་སུ་སྨྲ་བརྗོད་བདེ༔ ངག་བཙུན་མགྲིན་པ་བདེ་བ་དང་༔ གསུང་མི་འགག་ཅིང་ཅི་ཡང་སྨྲ༔ ངག་གི་ཚིག་ལས་གཞན་མི་གད༢༔ གླུ་ལེན་རྒོད་བྲོ་ཉམས་འཆར་ཞིང་༔ མ་བསླབས་ཆོས་སྒོ་སྨྲ་བར་ནུས༔ སྒྲ་དང་བསྟན་བཅོས་ལ་མཁས་ཤིང་༔ འཛིན་བཟང་སྨྲ་བརྗོད་ཤེས་རབ་རྣོ༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ངག་ལ་ཞུགས་པའི་རྟགས༔ གསུམ་པའི་རྟགས་སུ་གཟི་བརྗིད་ཆེ༔ ནད་མེད་ཚེ་


CMR009_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རིང་གཞོན་ཤ་ཆགས༔ བཀྲག་ལེགས་མདངས་མཚར་དབང་པོ་རྣོ༔ སྤྱན་གསལ་ཤ་རྒྱས་མགུལ་པ་དང༔ སྐྲ་དཀར་ནག་ཅིང་ཚེམས་དང་ལྡན༔ རླུང་གི་ཤུགས་ལྡན་རྐང་མགྱོགས་འགྲུབ༔ དྲེགས་པ་ཅན་རྣམས་ཟིལ་གནོན་ཞིང་༔ གཟུགས་མཛེས་གཞན་གྱི་ཡིད་དུ་འོང་༔ རྩལ་དང་ལྡན་ཞིང་སྟོབས་རྒྱས་འགྱུར༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ལུས་ལ་ཤར་བའི་རྟགས༔ ཁྱད་པར་མཆོག་ལ་རྟགས་རྣམས་འབྱུང་༔ བག་ཆགས་བྱང་ཞིང་རྨི་ལམ་འཆད༔ འཁྲུལ་སྣང་བཟློག་ཕྱིར་འདི་ལྟར་འོང་༔ རང་བྱུང་ཡེ་ཤེས་ཤར་རྟགས་སུ༔ ལུས་ལ་ཇི་ལྟར་ཤར་བ་དང་༔ གཞན་དོན་འགྲུབ་རྟགས་ཚོགས་དཔོན་བྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་རྟགས༔ དམག་ཚོགས་མང་པོའི་དཔོན་བྱེད་དང་༔ སེམས་ཅན་གཞན་དོན་འགྲུབ་རྟགས་སུ༔ ཆུ་ཆེན་ལས་སྒྲོལ་མཉེན་པ་བྱེད༔ མཆོག་དང་ཐུན་མོང་ཐོབ་པའི་རྟགས༔ མེ་ཏོག་དཀར་དམར་ཐུ་བ་དང་༔ མཁའ་འགྲོ་འགྲུབ་རྟགས་བུད་མེད་འདུ༔ དཔའ་བོ་འགྲུབ་རྟགས་སྐྱེས་པ་དགའི༔ སྒྲིབ་པ་བག་ཆགས་བྱང་བའི་རྟགས༔ རང་གི་ལུས་ལས་རྣག་ཁྲག་འཛག༔


CMR009_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཐུལ་རྟགས་སུ་ཁྱུང་ལ་ཞོན༔ ས་བཅུ་ནོན་རྟགས་གླང་ཆེན་ཆིབས༔ ཐར་ལམ་བགྲོད་རྟགས་ཟམ་པ་བཙུགས༔ འཁོར་བ་བསྒྲལ་ཕྱིར་ཆུ་ཆེན་སྒྲོལ༔ ཉོན་མོངས་ལས་ཐར་གངས་ལ་འཛེག༔ གདེང་ཚད་ལྡན་ཕྱིར་ཆུ་བོ་བསྒྱུར༔ རིགས་ལྡན་བུད་མེད་ལུང་ཡང་སྟོན༔ རྨི་ལམ་པདྨའི་ཞལ་མཇལ་སོགས༔ སྒྲུབ་རྟགས་ལ་སོགས་རྨི་ལམ་འབྱུང་༔ དེ་ལྟར་བསྒྲུབས་པའི་རྟགས་མཐོང་ནས༔ དམ་ལ་གནས་ཤིང་གཏོར་མ་བརྩོན༔ རྒྱུན་དུ་བཟླས་པས་སྒྲིབ་བྱང་ནས༔ བླ་མ་ཉིད་དང་འབྲལ་བ་མེད༔ དུས་གསུམ་རྒྱལ་བ་སྤྲིན་ལྟར་འདུ༔ མ་ཚོགས་མཁའ་འགྲོའི་བསྒོ་བ་ཉན༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འབྲོས༔ ལྷ་སྲིན་སྡེ་བརྒྱད་བྲན་གཡོག་བྱེད༔ དེ་བས་དམ་ཅན་རྒྱ་མཚོའི་ཚོགས༔ ལུང་བསྟན་ཆོས་འཆད་ལེགས་ཉེས་སྨྲ༔ འདྲེ་གདོན་ཀུན་ལ་སྤྲིངས་ཡིག་ཐེང་༔ དགྲ་བགེགས་གཉིས་ལ་ཁྲོས་པས་སྒོལ༔ ལོག་པར་ལྟ་བ་དྲན་པས་འདུལ༔ འདི་ལ་དངོས་གྲུབ་བརྗོད་མི་ལང་༔ ཕྱི་མ་ཨོ་རྒྱན་ཡུལ་དུ་སྐྱེ༔ གུ་རུ་ཡབ་ཡུམ་བུ་བཞིན་སྐྱོང་༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ དངོས་གྲུབ་སྤྲིན་ལྟར་འཐིབ་པར་འགྱུར༔


CMR009_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་ཟབ་པ་ཡོད་རེ་ཀན༔ དགྲ་ལ་རྣོ་ཞིང་བགེགས་ལ་མྱུར༔ འགྲུབ་ཐག་ཉེ་ཞིང་དམ་ཚིག་སླ༔ རྫས་ཉུང་མཐུ་ཆེ་ཡོན་ཏན་མང་༔ འདི་དང་ལྡན་པའི་རྣལ་འབྱོར་ལ༔ ལྷ་སྲིན་རྣམས་ཀྱི་སྲོག་སྙིང་འབུལ༔ འགྲོ་བ་མི་རྣམས་དབང་དུ་འགྱུར༔ བསོད་ནམས་ཆེ་ཞིང་བཀྲ་ཤིས་ཕྱུག༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ གཞན་ཡང་ཐུགས་སྒྲུབ་འདི་དག་ནི༔ འགྲུབ་རྟགས་ཐེའུ་རང་ལས་མྱུར༔ སྟོབས་ནི་ཧེ་རུ་ཀ་ལས་ཆེ༔ འགྲུབ་རྟགས་ཉེ་ཕྱིར་སྔགས་ཁྲིས་འགྲུབ༔ སྟོན་ཆེ་ཕྱིར་ན་ཡ་ཀི་ཡི༔ ཀུན་བཟང་ཡབ་ཡུམ་མན་ཆད་ནས༔ རྣོ་ཚད་ཕྱིར་ན་མ་ཀི་ཡི༔ གྲོང་རྒྱུན་ཐེའུ་རང་གཅིག་ལའང་ཕེབས༔ ཟབ་དང་མི་ཟབ་འགྲན་ཟླ་མེད༔ འདི་ཡི་ཐུན་མོང་དངོས་གྲུབ་ནི༔ བནྡེས་འདྲེ་བརྡུངས་བྱས་གྱུར་ཀྱང་༔ ཕྱི་མ་ཕྱག་རྒྱ་ཆེན་པོ་བརྙེས༔ འདི་འདྲའི་སྒྲུབ་པ་གཞན་ན་མེད༔ ཡིད་ལ་ཨེ་འདུག་ལྟོས་ལ་གྱིས༔ སྒྲུབ་མྱུར་སྟོབས་ཆེ་འདི་འདྲ་དཀོན༔ ལས་སླ་དོན་ཆེན་འདི་འདྲ་དཀོན༔ རུ་ང་ཁུང་མེད་འདི་འདྲ་དཀོན༔ མཆོག་སྒྲུབ་མཐུ་ཡོད་འདི་འདྲ་དཀོན༔ ཐུན་མོང་ལས་མེད་མཆོག་སྒྲུབ་པའི༔ མཆོག་ཐུན་


CMR009_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲག་པའི་སྒྲུབ་སྡེ་ནི༔ རྣལ་འབྱོར་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ སྔགས་འཆང་འདོད་ཁ་ཅན་གྱིས་ཉམས་སུ་ལོངས༔ བྱང་སེམས་འགྲོ་དོན་ཅན་གྱིས་ཉམས་སུ་ལོངས༔ མཐུ་དགོས་ཆོས་འདོད་ཅན་གྱིས་ཉམས་སུ་ལོངས༔ བནེ་གྲགས་འདོད་ཅན་གྱིས་ཉམས་སུ་ལོངས༔ དད་ཅན་མོས་གུས་ཅན་གྱིས་ཉམས་སུ་ལོངས༔ འཚོགས་འདུལ་འཚོགས་པ་ཅན་གྱིས་ཉམསསུ་ལོངས༔ སྲན་མེད་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ ཁས་ཉན་དགྲ་བརྙས་ཅན་གྱིས་ཉམས་སུ་ལོངས༔ དེ་དག་རྣམས་ལ་གཏེར་སྲུང་སྤུན་གསུམ་གྱིས༔ བཀའ་འདི་ཀློད་ལ་སྤེལ་གཅིག་ས་མ་ཡཱ༔ དམ་མེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ བློ་མང་དཀྲུགས་ཤིང་མཁན་ལ་ཤོར་ར་ར༔ ལོག་ལྟ་སྐུར་འདེབས་མཁན་ལ་ཤོར་ར་རེ༔ རྣམ་རྟོག་ཐེ་ཚོམ་ཅན་ལ་ཤོར་ར་རེ༔ ངན་པ་ལྐོག་སྨྲས་ཅན་ལ་ཤོར་ར་རེ༔ དམ་མེད་དཔེ་ཀུན་མཁན་ལ་ཤོར་ར་རེ༔ ཆོས་དྲེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ སློབ་མ་དམ་མེད་མཁན་ལ་ཤོར་ར་རེ༔ དེ་རྣམས་ཀུན་ལ་མ་གཏད་བཀའ་འདི་སྲུངས༔ སྐྱེས་བུ་ལེགས་རྩལ་སྤྱན་གསུམ་མ་གཡེལ་ཅིག༔ ཅེས་


CMR009_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་༔ དྲག་པོའི་ཐུགས་ཁྲིད་ལས༔ མ་འོངས་ཁམས་དང་གཙང་ཕྱོགས་སུ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ ཞེས་པའི་ཕྱིར༔ གུ་རུ་དྲག་པོ་ལ་ཡང་རིགས་མང་ན་ཡང་༔ རཏྣ་ལུགས་འདི་ཁམས་ཕྱོགས་སུ་བཀའ་བབས་པས་བྱིན་རླབས་ཁྱད་པར་ཆེ་བ་ཡིན༔ དེ་ལྟར་གདོན་དང་ལྷ་སྲིན་ཐམས་ཅད་འདུལ་ཞིང་༔ ཚུལ་གང་གིས་མི་ཚུགས་པ༔ རྡོ་རྗེ་ཕ་ལམ་ལྟ་བུ་ཟབ་ལ་རྒྱ་ཆེ་བའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ༔ ཞེས་པ་དབོན་པོ་བླ་མ་རྒྱལ་མཚན་གྱིས་རིང་ནས་བསྐུལ་བས༔ མེ་འབར་ལུག་གི་ལོ་དབྱར་ཟླ་ཐ་ཆུང་ཚ་ངད་རྒྱས་པའི་དུས་ཀྱི་དམར་པོའི་ཕྱོགས༔ དྲག་པོའི་ལས་ཐམས་ཅད་འགྲུབ་པ་དྲག་ཅིང་རྩུབ་པའི་ཉིན༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བླ་མ་མུ་པ་པདྨ་དད་པའོ༔ འདི་ལ་ཉེས་འགལ་མཆིས་ན་བཀའ་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་མཐོང་ཐོས་དྲན་རེག་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ སརྦ་མངྒ་ལཾ།། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད།next