Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
གུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།next

གུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།


CMR009_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་བཞུགས་སོ།


CMR009_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མེ་ཏོག་ཚོམ་བུ་བརྟེན་ནོ༔ གཏོར་མ་རིན་ཆེན་འབར་བ་ཤ་ཁྲག་གིས་བརྒྱན༔ གཞན་ཡང་སྨན་རཀ་གཏོར་མ་གང་དགོས་བཤམས༔ ལས་བུམ་བཤམས༔ གུ་རུ་ཞི་དྲག་གི་ལས་བྱང་གང་རུང་བྱ༔ དེ་ནས་སྐད་ཅིག་ལ་གནས་འགྱུར་ནས༔ བདག་དང་གཏོར་མ་གཉིས་ཀ་དྲག་པོ་ཕྱག་གཉིས་པ་གསལ་གདབ་ལ་བསྙེན་པ་ཅི་འགྲུབ་བྱ༔ ལས་བུམ་དུ་དྲན་རྫོགས་བདུད་རྩི་འཁྱིལ་པ་ལྗང་ཁུ་རྒྱ་གྲམ་དང་སྡིགས་མཛུབ་ཅན་བསྐྱེད་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླས༔ དེ་ནས་སློབ་མ་ཁྲུས་བྱས་མཎྜལ་ཕུལ་ལ༔ བགེགས་གཏོར་སྤྱི་ལྟར་བཏང་༔ དེ་ནས་རོལ་མོ་དང་བཅས་ཏེ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཞེས་སོགས་ནས༔ ཨོཾ་སུཾ་བྷ་ནི་སོགས་བརྗོད་ཅིང་ནས་


CMR009_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ༔ ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཞེས་སོགས་ནས༔ ཨོཾ་བཛྲ་ཙཀྲ་ཏིག་སོགས་བརྗོད་པས་སྲུང་འཁོར་བསྒོམ༔ འོ་ན་ད་ལམ་ཁྱེད་རྣམས་ལ་གུ་རུ་དྲག་པོའི་དབང་བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བསྐུར་བ་ཡིན་ཏེ༔ འདི་ནི་ཏིང་ངེ་འཛིན་ནོར་བུ་ལུགས་སུ་བསྐུར་བ་ཞེས་བྱ་བ་ཤིན་ཏུ་གཉན་པས་དམ་ལྡན་བདུན་ལས་མང་བར་བསྐུར་དུ་མི་རུང་ཞེས་དང་༔ ཏིང་ངེ་འཛིན་གྱི་གཏོར་དབང་ནོར་བུ་ལུགས་སུ་བསྐུར་བ་ཞེས་བྱ་བ་འདི༔ ཤིན་ཏུ་བྱིན་རླབས་ཆེ་ཞིང་༔ བཀའ་གཉན་པས་སྣོད་མིན་ལ་གསང་ངོ་༔ གར་ཐོད་ཐོད་དུ་མི་བྱའོ༔


CMR009_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ དྲེགས་པ་འདུལ་བྱེད་ཐོད་ཕྲེང་རྩལ༔ ལྷ་སྲིན་གདུག་པ་དམ་ལ་བཏགས༔ ཁྲོ་རྒྱལ་དཔལ་ལ་ཕྱག་འཚལ་ལོ༔ རྗེ་བཙུན་ཨོ་རྒྱན་པདྨ་ལ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁར་ཆུ་དགོངས་པ་ཡང་ཕུག་རུ༔ ཐུགས་སྒྲུབ་དྲག་པོ་གཏེར་གཅིག་མ༔ ཀུན་གྱི་ཡང་ཞུན་རྩོད་བྲལ་འདི༔ གུས་པས་ཞུས་ཏེ་ཡི་གེར་བྲིས༔ ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས༔ དུས་ཀྱི་ཐ་མར་སྐྱེས་བུ་སྙིང་སྟོབས་ཅན༔ ཆོས་བདག་བུ་དང་འཕྲད་ནས་སྤྱོད་པར་འགྱུར༔ དུས་ཀྱི་སྙིགས་མ་ལ༔ པྲ་ཏ་བོད་ཀྱི་རྒྱལ་ཁམས་འདིར༔ ལོག་ཆོས་འདྲ་མིན་མང་དུ་དར་ཞིང་༔ རང་འདོད་ཀྱིས་ལྟ་བ་ཁ་བདག་བྱས་ཏེ༔ གཞན་ཕྱོགས་རྣམས་དགག་ལ༔ ཁྱད་པར་པདྨ་ངའི་བཀའ་ལ་རལ་ཆོད་བྱེད༔ ལྷར་འགོང་པོ་དང་དམ་སྲི་མཆོད༔ དེར་བོད་ཀྱི་བརྟན་མ་དང་དགེ་བསྙེན་འཁྲུགས་ཏེ༔ དུས་འཁྲུགས་ལོ་ཉེས་ནད་ཡམས་ཀྱིས་མི་ཐོག་འབུད་པ་འབྱུང་ངོ་༔ དཔོན་འོག་གཡོག་མི་འདུ་བར་བཙན་རྫོང་གིས་འགེང་༔ མི་རྣམས་སླ་ངར་བརྗོ༔ བདེ་བའི་གོ་སྐབས་མེད་པར་འོང་ཞིང་༔ གདོན་དུ་རྒྱལ་པོ་དང་གཟའ་དང་ཀླུ་བདུད་དང་བསེན་མོས་གདོན་ཅིང་༔


CMR009_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་སྙིང་དུ་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་འབྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏེ༔ སྣང་སྲིད་ལྷ་འདྲེའི་གཉན་པོ་པདྨ་བདག་དྲག་པོར་སྒྲུབ་པ་ཁག་ཆེ་ཞིང་༔ ཤིན་ཏུ་ཟབ་གསུངས་ཏེ༔ མཚོ་རྒྱལ་བདག་གིས་གུ་རུའི་གསུང་བཞིན་ཐུགས་སྒྲུབ་དྲག་པོའི་གཏེར་ཁ་ལྔ་ཙམ༔ བོད་མཐའ་དབུས་ཕྱོགས་མཚམས་སུ་སྦས་ཏེ༔ དེ་ཡང་ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་མའོ༔ མ་འོངས་པ་ན་གདོལ་པ་ཅན་ཟོག་པོས་དྲག་བསྒྲུབ་ཟེར་ཞིང་༔ གཏེར་རྫུན་མང་པོ་འབྱུང་སྟེ༔ བར་ཆད་ཀྱི་སྣང་བ་ལ་འགུགས་པས་བཀྲ་མི་ཤིས༔ སྨོན་ལམ་དག་པའི་སྐྱེས་བུ་རྣམས་ཀྱིས་འདི་ལ་སྤྱོད་པར་འགྱུར་རོ༔ ཞེས་གསུངས་པའི་དྲག་སྒྲུབ་འདི་ལ་དབང་གི་རིགས་ལྔ་སྟེ༔ དབང་ཆེན་མོ་རྡོ་རྗེ་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག༔ འབྲིང་བ་གཏོར་དབང་ནོར་བུ་ལུགས་སུ་བསྐུར་བ༔ བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་༔ གསང་དབང་བདེ་ཆེན་འཁོར་ལོ༔ དྲེགས་པའི་སྲོག་དབང་དམར་ནག་མེའི་འཁོར་ལོ་དང་ལྔ་ལས༔ ད་ལམ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཞུ་བའི་


CMR009_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྗེས་ཟློས་མཛོད༔ ན་མོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ འཁྲོས་པའི་རྒྱལ་པོ་ཧེ་རུ་ཀ༔ འཇིགས་བྱེད་དྲག་པོའི་དཀྱིལ་འཁོར་དུ༔ བདག་ཅག་ཡང་དག་གཞུག་ཏུ་གསོལ་༔ དྲག་པོའི་དབང་བཞི་རྫོགས་པ་དང་༔ བྱིན་རླབས་འཇུག་པར་མཛད་དུ་གསོལ༔ ལན་གསུམ་ཞུས་ནས༔ བླ་མས༔ ཚུར་ཤོག་བླ་མེད་གསང་བ་ཡི༔ སྣོད་དང་ལྡན་ན་རྗེས་སུ་བཟུང་༔ མཆོག་གི་དངོས་གྲུབ་དམ་པ་ཐོབ༔ ཁྱེད་ཅག་ལས་སད་སྐལ་བར་ལྡན༔ ཞེས་བརྗོད༔ སྐྱབས་སེམས་ནི༔ གཞུང་ན་མེད་དེ་གཏེར་གཞུང་ནས་སབ་པར་བྱ་དགོས་པ་སྟེ༔ སྐྱབས་སེམས་འདིའི་རྗེས་ཟློས་མཛོད༔ ན་མོ༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་ལན་གསུམ༔ དེ་ནས་ལས་བུམ་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་གསང་བ་མཆོག་གི་ནི༔ དམ་ཚིག་ཆེན་པོ་མཆོག་ཐོབ་འགྱུར༔ འདི་ཉིད་ཉམས་ན་སྲེག་བྱེད་ཅིང་༔ བསྲུང་ན་དངོས་གྲུབ་


CMR009_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐོབ་འགྱུར༔ བུམ་ཆུ་སྦྱིན་ཏེ༔ ས་མ་ཡ་ཨི་དན་ཧཱུྃ༔ ཅེས་བྱིན་ལ༔ ལག་ཏུ་རྡོ་རྗེ་གདེངས་ཤིང་༔ ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ རྡོ་རྗེ་འཛིན་པ་ང་ཡིན་པ༔ བཀའ་ལས་འདའ་བར་མི་རུང་ངོ་༔ རྡོ་རྗེ་སྤྱི་བོར་བཞག༔ བཛྲ་ས་མ་ཡ༔ ཡང་རྡོ་རྗེ་གདེངས་ཐབས་སུ་འཛིན་ཏེ༔ ཧཱུྃ༔ དེ་རིང་དྲག་པོ་ཁྲོས་པའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་སྨྲས་ན་ཉམས་འགྱུར་ཏེ༔ ཤིན་ཏུ་གསང་ངོ་རིགས་ཀྱི་བུ༔ སྙིང་གར་བཞག་ལ༔ བཛྲ་ས་མ་ཡ་ཧཱུྃ༔ དཔྲལ་བར་སྐུའི་ས་བོན་ཨོཾ་དཀར་པོ༔ མགྲིན་པར་གསུང་གི་ས་བོན་ཨཱཋདམར་པོ༔ སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་གིས་མཚན་པར་གྱུར༔ རྡོ་རྗེ་གནས་གསུམ་དུ་གཏུག་ཅིང་༔ ཨོཾ་ཨཱཿཧཱུྃ༔ བརྗོད་དེ༔ ས་བོན་བཞག་གོ༔ དེ་ནས་དབང་བསྐུར་བ་ནི་སློབ་བུ་རྣམས་ལ་ལུང་གསལ་བར་འབོགས་ལ་བསྐུར་ཞེས་གསུངས་པས༔ ངེད་བླ་མ་རང་དང་ཁྱེད་རང་སློབ་བུ་རྣམས་དང་༔ དབང་རྫས་གཏོར་མ་དང་གསུམ་ཁ་བསྐྱེད་པའི་རིམ་པ་ནི་འདི་ལྟར་གསལ་བར་སྒོམས་ཤིག༔ སྟོང་པའི་ངང་ལས་ཨེ་ལས་གྲུ་གསུམ་དམར་ནག་འབར་བའི་ཀློང་དུ༔ ཉི་ཟླ་པདྨ་བདུད་བཞི་བསྣོལ་བའི་སྟེང་


CMR009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ ཧཱུྃ་དམར་ནག་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ དགྲ་བགེགས་ཚར་བཅད༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་གུ་རུ་དྲག་པོ་སྐུ་མདོག་དམར་ནག་མེ་ཡི་འོད་ཟེར་འཕྲོ་བ༔ སྤྱན་གསུམ་སྡང་མིག་ཏུ་བསྒྲད་པ༔ ཞལ་གདངས་མཆེ་བ་བཞི་གཙིགས་པ༔ ལྗགས་འདྲིལ་བ༔ སྨིན་མ་དང་སྨྲ་རའི་རྩེ་ལ་མེ་སྟག་གིས་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་སེར་སྤྱི་བོར་འཁྱིལ་ཞིང་རྒྱབ་ནས་འཕྱང་བ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་བ་ནམ་མཁའ་ལ་ཕྱུར་བ་ཕྱག་གཡོན་པས་ལྕགས་ཀྱིས་སྡིག་པ་མགོ་དགུ་པས་གནོད་བྱེད་གདོན་བགེགས་ཀྱི་སྙིང་ཁྲག་འཇིབ་ཅིང་སྐན་སྒྲ་རྡེབ་པ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས༔ སྦྲུལ་རིགས་ལྔའི་སྐུ་ལ་བརྒྱན་ཅིང་༔ ཐོད་སྐམ་ལྔ་ཡི་དབུ་ལ་རྒྱན་པ༔ མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ༔ དཔའ་བོའི་གར་གྱི་ཉམས་དགུ་དང་ལྡན་པ༔ སྐུ་ཆེ་ཞིང་ཡན་ལག་རགས་པ༔ འཇིགས་སུ་རུང་བ༔ སྐུ་ལ་ཁྲོ་ཆུང་མཚོན་ཆའི་ཆར་འབེབས་པའོ༔ དེ་ལ་སྐུའི་དཀྱིལ་འཁོར་ལ་གོ་ཆའི་ལྷ་བསྐྱེད་པ་ནི༔ སྤྱི་གཙུག་


CMR009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རིགས་བདག་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་མཛད་པ༔ དེའི་འོག་ཏུ་བླ་མ་གསང་འདུས་མཐིང་ག་ཁཊཾ་དང་ཐོད་ཁྲག་འཛིན་པ༔ དེའི་འོག་ཏུ་།གནམ་ལྕགས་ཀྱི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་རྡེབ་པ༔ དེའི་འོག་དྲག་པོའི་དཔྲལ་བར་སྐུའི་ལྷ་འཇམ་དཔལ་སེར་པོ་དབྱུག་ཐོ་གདེངས་བ༔ མགྲིན་པར་གསུང་གི་ལྷ་རྟ་མགྲིན་དམར་པོ་རལ་གྲི་ཕྱར་བ༔ ཐུགས་ཀར་གསེར་གྱི་མཆོད་རྟེན་སེར་པོའི་བུམ་པར༔ ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ་མཐིང་ག༔ རྡོ་རྗེ་སྡིགས་མཛུབ་མཛད་པ༔ ལྟེ་བར་པདྨ་འདབ་བཞིའི་དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ག༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ ཀུན་ཀྱང་གཡས་ཀྱིས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ གསང་གནས་སུ་ཕྲིན་ལས་ཁྲོ་བོ་ཡཀཱ་མེ་དབལ༔ ཕྱག་གཡས་རྡོ་རྗེ་དབྱུག་ཐོ་གཡོན་ལྕགས་ཀྱུ་ཞགས་པ༔ སྐུ་མདོག་ཕྱག་མཚན་ཁྲོ་ཆུང་མང་པོ་འཕྲོ་བ་གསལ་བར་གྱུར༔ རང་དང་སློབ་བུ་གཏོར་མ་གསུམ་དེ་ལྟར་གསལ་བའི༔ གོང་གི་བསྐྱེད་རིམ་ལྟར་ནུབ་ཕྱོགས་བདེ་


CMR009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབར་བའི་དཀྱིལ་འཁོར་ནས༔ དྲག་པོའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བྱོན་རྩེ་སྔགས་དང་ཧ་ཧ་་སྒྲ་དི་རི་རི་སློབ་མའི་སྤྱི་བོ་ནས་མར་སིབ་སིབ་ཐིམ་པར་གྱུར༔ དབང་བསྐུར་བའི་གོང་དུ་བྱིན་འབེབས༔ ཤ་ཆེན་དང་གུ་གུལ་ལམ་སྤོས་བསྲེགས་ཤིང་རོལ་མོ་རྣམས་དྲག་ཏུ་ལྡིར་ཏེ༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐལ་ལྡན་བདག་ཅག་བསྒྲུབ་པའི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེའི་མངའ་དབང་དུས་འདིར་སྩལ་དུ་གསོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཞེས་ལན་གསུམ་བཞི་བརྗོད་ཚེ་རོལ་མོ་དྲག་ཏུ་བྱའོ༔ ཡེ་ཤེས་པ་དེ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་བཞག༔ དེ་ཡང་སློབ་མ་དམ་ཚིག་པར་གསལ་བ༔ གཏོར་མ་དང་བླ་མ་ཡེ་ཤེས་པར་གསལ་བས་དབང་བསྐུར་བའི་ཚེ༔ གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར༔ འུར་འུར་


CMR009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་སྒྲ་དང་རྩ་སྔགས་ཏི་རི་རི་དབང་བསྐུར་བས༔ ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་ཡི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་རྩིག་ནིར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ གཏོར་མ་སྤྱི་བོར་བཞག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ཡི་བཀྲ་ཤིས་ཤོག་ཅེས་མེ་ཏོག་འཐོར༔ འོ་དེས་ལུས་ཀྱི་སྒྲིབ་པ་དག༔ ལུས་ལ་གནོད་པའི་གདོན་བགེགས་ཞི༔ སྐུ་ཡི་བྱིན་རླབས་ཞུགས༔ ལུས་ལ་སྐུ་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་མའི་སྤྱི་བོར་འུར་འུར་ཆེམ་


CMR009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་སྒྲ་དང་རྩ་སྔགས་དི་རི་རི་དབང་བསྐུར་བས་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས༔ ལྷ་སོ་སོའི་སྔགས་ཕྲེང་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ གཏོར་མ་བཟུང་དབྱངས་དང་བཅས༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ན་བཞེངས༔ གསང་བ་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ གསུང་གི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིར་ནིར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་གསུང་གི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་ངག་གི་སྒྲིབ་པ་དག༔ ངག་གི་དིག་ལྷུགས་ཞི༔ གསུང་གི་བྱིན་རླབས་ཞུགས༔ ངག་ལ་གསུང་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་


CMR009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕེ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་དབང་བསྐུར་བས༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་ལྷ་སོ་སོའི་ཕྱག་མཚན་རང་རང་གི་ས་བོན་གྱིས་མཚན་པ་འཕྲོས༔ འོད་སྔོན་པོར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ གཏོར་མ་ཐོགས་དབྱངས་དང་བཅས༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ན་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཐུགས་ཀྱི་སྒོ་ནས་བྱིན་ཆེན་ཕོབས༔ ཡེ་ཤེས་ལྔའི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྙིང་གར་གཏོར་མ་གཏུག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་ཐུགས་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར༔ དེས་སེམས་ཀྱི་སྒྲིབ་པ་དག༔ སེམས་ཀྱི་སྨྱོ་འབོག་བརྒྱལ་ནད་ཞི༔ ཐུགས་ཀྱི་བྱིན་རླབས་ཞུགས༔ སེམས་ལ་ཐུགས་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ དབང་མང་པོ་


CMR009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་མཚམས་འདིར༔ ད་གཏོར་མ་འདི་ཉིད་གུ་རུ་དྲག་པོའི་ལྷ་ཚོགས༔ རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་ཆེམ་ཧ་ཧ་ཧཱུཾ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་བྱོན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པ་བསྐུར་ནས༔ ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་ལ་དབྱེར་མེད་པར་ཐིམ་པར་སྒོམས་ཤིག་གཏོར་མ་ལག་ཏུ་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཆེན་ཕོབ༔ ཡེ་ཤེས་དབང་བཞི་ཡོངས་རྫོགས་བསྐུར༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་རཏྣ་གླིང་པ༔ རྒྱས་སྲས་ཚེ་དབང་གྲགས་པ༔ ཆོས་བདག་བཀའ་བབ་བུ་ལ༔ ཉེ་བའི་ཐུགས་སྲས་བཞི༔ རིགས་ལྡན་མཆོག་གི་བུ་ལྔ༔ དཀྱིལ་འཁོར་འཛིན་པའི་བུ་བརྒྱད༔ ལས་


CMR009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཆོས་བདག་ཉི་ཤུ་རྩ་ལྔ༔ གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་ལ་སོགས་པ༔ རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་༔ བཅོམ་ལྡན་འདས་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན༔ འཆི་མེད་ཚེ་ཡི་ལྷ་ཚོགས༔ དྲག་པོ་ཁྱུང་གི་ལྷ་ཚོགས༔ གསང་འདུས་ཞི་བའི་ལྷ་ཚོགས་འཇམ་དཔལ་སྐུ་ཡི་ལྷ་ཚོགས༔ རྟ་མགྲིན་གསུང་གི་ལྷ་ཚོགས༔ ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས༔ ཌཱཀྐི་ཡོན་ཏན་གྱི་ལྷ་ཚོགས་༔ མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས༔ དྲག་པོ་ལྷ་བཞི༔ དཔའ་བོ་གིང་བཞི༔ མཁའ་འགྲོ་སྡེ་ལ༔ ཕྲིན་ལས་སྒྲུབ་པའི་ལྷ་བཞི༔ ཟིལ་གནོན་ཁྲོ་བོ་བཅུ༔ སྒོ་སྲུང་ཕྲ་མེན་མ་བཞི་རྣམས་ཀྱིས༔ རྡོ་རྗེའི་སློབ་མ་འདི་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་རླབས་པ་དང་༔ དབང་བསྐུར་བར་མཛད་དུ་གསོལ༔ གཟའ་ཀླུ་རྒྱལ་བསེན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུང་བ་དང་སྐྱོབ་པར་མཛད་དུ་གསོལ༔ བརྒྱལ་ནད་སྨྱོ་འབོག་གག་ལྷོག་གཟེར་གསུམ༔ ཞ་གྲུམ་ནད་ཡམས་ལ་སོགས་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ དུས་འདི་ནས་བཟུང་སྟེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་


CMR009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་བ་དང་ལྷག་པའི་ལྷར་མཛད་དུ་གསོལ༔ སྔགས་ཐོད་ཕྲེང་རྩལ་དང་ཨ་ཙིག་དང་རྒྱས་པར་ལས་བྱང་གི་སྔགས་ཐམས་ཅད་བརྗོད་རྗེས༔ ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད༔ ཧོ་རིགས་ཀྱི་བུ་ཁྱོད་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པ་ཡིན་ནོ༔ དེ་ནས་ཕྲེང་བ་རིམ་པར་སྦྱིན་ལ་རྩ་སྔགས་ཀྱི་རྗེས་གནང་སྦྱིན་ཞེས་གསུངས་པས༔ མེ་ཏོག་དམར་པོའི་ཕྲེང་བ་ཞིག་ཕུལ་བའི་རྗེས་ཟློས་མཛོད༔ བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི༔ བདག་ལ་འགོ་བར་མཛད་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུ་རུའི་ཕྲེང་བ་ལྟ་བུར་འཕྲོས༔ ཁྱེད་རང་གི་ཞལ་དུ་ཞུགས༔ ཐུགས་ཀར་ཧཱུྃ་དམར་པོའི་མཐར་འཁོད་པར་བསྒོམས་ལ་རྗེས་ཟློས་མཛོད༔ ཅེས་ཕྲེང་བར་འཇུ་ཆུག་ལ༔ སྔགས་ཐོད་ཕྲེང་རྩལ་དང་༔ ཨ་ཙིག་རྗེས་ཟློས་བཅུག༔ ད་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་བའི་མོས་པ་མཛོད༔ རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ༔ བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ རྡོ་རྗེ་སློབ་མ་འདི་ལ་བཅོམ་ལྡན་འདས་གུ་རུ་དྲག་


CMR009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ཅིང་བརྟན་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་མེ་ཏོག་གཏོར༔ དེས་གུ་རུ་དྲག་པོའི་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཕྱག་ལེན་གྱིས་བརྒྱན་ཏེ་རྒྱས་པར་ཐོབ་པ་ཡིན་པས༔ དེང་ཕྱིན་ཆད་ཡི་དམ་དུ་འཛིན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ སོགས་དང་༔ ས་གཞི་སྤོས་སོགས། མཎྜལ་ཕུལ་སློབ་མ་གྲོལ༔ འདི་ནི་གཏེར་གཞུང་གི་དབང་ཡིན་པས༔ འདི་ཁོ་ན་བས་མ་ཐོབ་ན་ཡང་གུར་དྲག་འདོན་རུང་བས༔ སྔགས་པ་གསར་བུ་སོགས་ལ་ཕན་ནོ༔ ལར་འདི་བཀའ་གཉན་པར་གསུངས་པས༔ ཁྲོམ་དབང་ལ་མི་བྱ༔ ཡང་རང་ལ་རེ་ལྟོས་བཅས་པའི་ནད་པ་གདོན་ཆེན་ལ་དབང་བརྒྱ་སོགས་བྱེད་ན༔ ཉིན་རེ་ལ་སྐུ་གསུང་ཐུགས་ཀྱི་དབང་ཡན་ཆད་གཅིག་བྱས་ལ༔ བཀའ་བསྒོའི་དབང་མ་བྱས་མཚམས༔ གཏོར་མ་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕེ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་བྱོན་ནས་དབང་བསྐུར་བར་སྒོམས་ཤིག༔ གཏོར་མ་ལག་ཏུ་བཟུང་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་


CMR009_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་རིམ་པར་གནས་གསུམ་དུ་གཏོར་མ་གཏུག༔ གོང་དུ་ཨ་ཡ་མ་སྔགས་དེ་སྦྱར་ན་ཤིན་ཏུ་གཉན་པས་ལན་གཅིག་ཙམ་མ་གཏོགས་རྒྱུན་དུ་མི་སྦྱར་རོ༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པ་ཡིན་ནོ༔ ཞེས་དངོས་གཞི་དེ་ལ་ཉིན་རེ་དུ་ཐོན་གྱི་གྲངས་ཀ་བཟུང་༔ ཉིན་རེ་དུ་ཐོན་གྱི་མཇུག་ཏུ་གོང་གི་བཀའ་བསྒོ་དང་སྔགས་ཀྱི་བཟླས་ལུང་སོགས་བྱའོ༔ འདི་ཤིན་ཏུ་གཉན་གསུངས་གདའ་བས་དབང་བརྒྱ་མི་རུང་སྙམ་ན༔ གཉན་གསུངས་པ་སྔགས་ཨ་ཡ་མ་དེ་སྦྱར་བས་དོན་ལ་སྡེ་བརྒྱད་སྲོག་དབང་ཚང་བས་གཉན་པ་ཡིན་ལ༔ མ་སྦྱར་ན་དེ་ཙམ་མི་གཉན་པས་རུང་ངོ་༔ དབང་བརྒྱའི་མཚམས་མཚམས་ན་ལས་བྱང་འདོན་ནས་དབང་སྒྲུབ་ཝིག་སྟེ་རྩ་སྔགས་ཅི་མང་བསྙེན་པ་བྱའོ༔ དཔོན་སློབ་མང་ན་དབང་བསྐུར་ཚེ་ཡང་ཐོད་ཕྲེང་རྩལ་དང་ཨ་ཙིག་སྔགས་འུར་འདོན་བྱས་ན་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ༔ བདག་གིས་ཀྱང་འདི་ཡི་དབང་བརྒྱ་ལན་གསུམ་ཙམ་བྱས་


CMR009_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དབོན་པོ་པདྨ་ནམ་མཁའ་སོགས་གསར་བུ་རྣམས་ལ་ཕན་ཕྱིར་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་གཏེར་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱུར་ཅིག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།next