Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས།next

བཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས།


CMR009_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས་བཞུགས་སོ༔


CMR009_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཀྲོ་དྷ་ཡེ༔ རིག་འཛིན་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་ནས༔ དེ་ཡི་ཞལ་ཤེས་མན་ངག་ཅུང་ཟད་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ དེ་ཡང་འདི་ཡི་བཤད་པ་རྒྱས་པ་ནི༔ ཡི་གེར་འཇིགས་ཕྱིར་སྤྲོས་པ་སྐྱུངས་ནས་དོན་རྩ་ཚིག་གསུམ་ཞུ་ན༔ གནས་ཕུན་སུམ་ཚོགས་པ་བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་སྣང་བ་མཐའ་ཡས་ལ༔ འཁོར་ཕུན་སུམ་ཚོགས་པ་པདྨ་རིགས་ཀྱི་སེམས་དཔའ་རྣམས་ལ༔ དུས་ཕུན་སུམ་ཚོགས་པ་སྣང་མཐའི་ཐུགས་ཀ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་དང་པོར་


CMR009_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མཛད་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་ཞུས་པའི་ངོར༔ གུ་རུ་ཞི་བ་སྐུ་གསུམ་གྱི་རྒྱུད་སུམ་བརྒྱ་དང་ཉེར་བཞི༔ དེ་ཚུར་བསྡུས་པ་པད་སྡོང་རྩ་བའི་རྒྱུད་དང་༔ རྩ་རྒྱུད་པད་སྡོང་བརྩེགས་པ་དང་༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ་རྣམས་གསུངས་རྗེས༔ རིག་འཛིན་དྲག་པོར་ཁྲོས་པའི་རྒྱུད་གང་ཡིན་ཞེ་ན༔ ཞེས་སོགས་ཞུས་ངོར༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པ་སྙིང་འབྱིན་ཞེས་བྱ་བའི་རྒྱུད་རྒྱས་བསྡུས་རྣམས་བཀའ་སྩལ་པ༔ སྤྱན་རས་གཟིགས་ཀྱིས་བཀའ་ཡི་བསྡུ་བ་མཛད་ནས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་


CMR009_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཏད༔ དེས་བྲག་ཕུག་མ་ར་ཏི་ཀར་ཨོ་རྒྱན་ཉིད་ལ་གཏད་དོ༔ སྤྱིར་གུ་རུ་ཞི་དྲག་གི་སྐོར་ཐམས་ཅད་རྒྱུད་དེ་རྣམས་ལ་བརྟེན་པ་ཡིན་མོད་ཀྱང་༔ བྱེ་བྲག་དགོས་པ་རེ་ལ་བརྟེན་ནས་མཛད་པའི་ལོ་རྒྱུས་སོ་སོར་ཡོད་པ་ལས༔ འདི་ནི་བསམ་ཡས་སུ་རྒྱལ་པོ་བེ་ཀར་གྱི་སྡིག་པ་ར་ཙ་ཆེན་པོར་སྤྲུལ་ནས་བསམ་ཡས་ཧས་པོ་རི་ཁར་བཅུག་འཇིག་རྟེན་གཡོ་ཞིང་འགུལ་བའི་ཆོ་འཕྲུལ་བསྟན་དུས༔ གུ་རུ་ཉིད་དྲག་པོའི་སྐུར་བཞེངས་ཏེ༔ ཕྱག་གཡོན་པས་སྡིག་པ་དེའི་སྐེ་ནས་བཟུང་སྟེ༔ ཡར་ལྷ་གནས་སུ་ཕྱུར་ནས་ས་ལ་བརྡབས་ཏེ་དམ་ལ་བཏགས༔ སྲོག་སྙིང་ཕུལ་དུས་མཛད་པ་ཡིན་ནོ༔ སྤྱིར་བོད་དུ་གཏེར་ཁ་བྱེ་བ་སྦས་པ་ཐམས་ཅད་ལ་དྲག་པོའི་རྐྱང་སྒྲུབ་རེ་རེ་སྦས་ཀྱང་༔ དྲག་པོའི་ཐུགས་སྒྲུབ་ལྔ་ལས་མ་སྦས༔ འདི་ལྷོ་གཏེར་འབྲས་བུའི་ཚུལ་ཐུགས་ཀྱི་སྒྲུབ་པ་ཡིན་པས་ཟབ་གསུང་༔ དེ་སྔ་གཏེར་ཆེན་བཞི་བཅུ༔ སྤྱིར་གཏེར་སྟོན་བརྒྱ་རྩ་བརྒྱད༔ གཏེར་རྫུན་བཅུ་གསུམ་བྱུང་བ་ལས༔ རཏྣ་གླིང་པ་ནི་གཏེར་སྟོན་གྱི་མཆོག་ཡིན་ཏེ༔ སྔོན་གྱི་གཏེར་ཁ་གོང་མ་བརྒྱད་ནས་རཏྣ་གླིང་པ་ལུང་བསྟན་གསལ་བ་དང་གཅིག༔ རཏྣ་གླིང་པ་ལ་གཏེར་རྫུན་ཡིན་ཟེར་མཁན་གཅིག་ཀྱང་མ་བྱུང་བས་


CMR009_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཐུན་སྣང་གྲུབ་པ་དང་གཉིས༔ གནམ་སྐས་བྲག་ནས་རྟ་མགྲིན་གསང་འདུས་བཏོན་དུས༔ ཁྲོམ་ཆེན་པོ་བསྡུས་ནས་བྲག་བཤིགས་ནས་ཐམས་ཅད་ཀྱིས་མཐོང་བར་བཏོན་ནས་བོད་ཁམས་ཡིད་ཆེས་པ་དང་གསུམ༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་བུམ་བསྒྲུབས་བྱས་ནས་སྐྱེ་བདུན་རིལ་བུ་དང་པོ་བཀྱེས་དུས་ཁྲོམ་ཁྲི་ཕྲག་བདུན་འཚོགས་པ་ཐམས་ཅད་ཀྱིས་མཐོང་སར༔ མེ་ཏོག་གི་ཆར་ཆུང་གྲ་ཡང་སེ་བའི་མེ་ཏོག་ཙམ་དཔག་ཏུ་མེད་པ་ཉིན་ཕྱེད་བར་དུ་བབས་པས་ཁྲོམ་ཐམས་ཅད་དད་པའི་ཤུགས་ཀྱིས་ངུ་སྒྲ་འབྱིན་ཅིང་སྙན་གྲགས་ཀྱིས་ཁྱབ་པ་དང་བཞི༔ རྟེན་འབྲེལ་གྱི་ཆ་ཅུང་ཟད་ཙམ་འཕྱུགས་མ་ཤོར་བས༔ སྐུ་ཚེ་ཡང་བདུན་ཅུ་དོན་ལྔ་ཐུབ༔ སྲས་ཀྱིས་ཚེ་ཆུ་གསོལ་བས་ལོ་བརྒྱ་དང་བཅུ་ཐུབ༔ རྟེན་འབྲེལ་འགྲིགས་པས་ཆོས་དར་ཆ་ཆེ་ལ་བཀྲ་ཤིས་པ་དང་ལྔ༔ ཁྱད་པར་ཆོས་འདི་ཡང་སློབ་དཔོན་གྱི་རྗེས་སློབ་མའི་དུས་ལ་དར་རྒྱས་ཆེ་བར་ལུང་བསྟན་པ་དུས་དེང་སང་ཡིན་པ་དང་དྲུག༔ གུ་རུ་དྲག་པོ་འདི་ཡང་གཙང་དང་ཁམས་ཕྱོགས་སུ་དར་ཆེ་བར་གསུངས༔ དང་པོ་གཏེར་ནས་ཐོན་དུས་རྩུབ་ཆ་ཆེན་པོ་བྱུང་དུས༔ རྗེས་ནས་ཇེ་འཇམ་ཇེ་འཛམ་མཐར་ཤིན་ཏུ་


CMR009_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་པའི་ལུང་བསྟན་ཡོད་པ་དང་༔ གཏེར་ཆོས་གཞན་ལས་ཀྱང་འདི་ཁྱད་པར་དུ་འཕགས་པ་ཡིན༔ ཁྱད་པར་རཏྣ་གླིང་པ་ལ་ཨོ་རྒྱན་ཉིད་ཀྱི་ལུང་བསྟན་པའི་སྤྲུལ་པའི་ཁྱེའུ་ལྔའི་རང་བཞིན་དོན་ལ་སྤྱོད་ཅེས་གསུངས་པ་ལྟར༔ སྐུའི་སྲས་ལྔ་ཡོད་པའི་ནང་ནས་གཅིག་དགེ་ལུགས་ཀྱི་བསྙེན་རྫོགས་མཛད་ནས༔ དམྱལ་སྡེ་དྲུག་ཅེས་པའི་དགེ་ལུགས་ཀྱི་དགོན་པ་དྲུག་ཙམ་ཡོད་པ་འདྲ་བའི་བླ་མ་མཛད་ནས༔ ར་ལུགས་དང་དགེ་ལུགས་པ་འདི་ཤིན་ཏུ་མཐུན་པ་ཡིན་སྐད༔ གཞན་ཞིག་པོ་གླིང་པ་སོགས་གཏེར་སྟོན་མང་ཞིག༔ ལ་ལས་ཚད་ལྡན་དུ་བྱེད་ནས་གཏེར་ཆོས་ཉམས་སུ་ལེན༔ འགའ་རེས་གཏེར་རྫུན་དུ་བཟུང་ནས་གཤེ༔ རྒྱ་ཞང་ཁྲོམ་དང་ལྷ་བཙུན་སྔོན་པོ་དང་༔ རཀྴ་གཏེར་སྟོན༔ ལས་འབྲེལ་རྩལ༔ ཨོ་རྒྱན་གླིང་པ་སོགས་ཚད་ལྡན་རྣམས་ཀྱང་རྟེན་འབྲེལ་འཕྱུགས་ནས༔ རྒྱ་ཞང་ཁྲོམ་ངན་སྔགས་སྤེལ་བས་ཐམས་ཅད་དད་པ་ལོག་ནས་འགྲོ་དོན་མ་བྱུང་༔ ལྷ་བཙུན་སྔོན་མོས་པེ་ཀར་བསྒྲུབས་པས་ཐམས་ཅད་མ་དད༔ རཀཱ་གཏེར་སྟོན་མདོས་ཀྱང་བཅོས་པས་སྒོམ་པར་སོང་ནས་ཆོས་མ་འཕེལ༔ ར་མོ་ཤེལ་སྨན་པས་སྨན་ལ་འབྱོངས་པས་ཆོས་ཆེར་མ་འཕེལ༔ ལས་འབྲེལ་རྩལ་


CMR009_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལམ་ནོར་བས་སྐུ་ཚེའི་བར་ཆད་བྱུང་༔ ཨོ་རྒྱན་གླིང་པའི་གཉེར་པ་དབང་ཆེ་བས་གཏེར་ཤོག་མ་བཤུས་པ་མཁའ་འགྲོས་གདན་དྲངས༔ བཀའ་ཆད་ཁོ་རང་སྲས་ཀྱིས་བཀྲོངས༔ ཀརྨ་གླིང་པས་ཆོས་ཕྱེད་ཙམ་ཐོན་པ་ལས་འདས༔ པདྨ་གླིང་པས་བཏོན་པས་གཏེར་ཤོག་ཕྱེད་ཙམ་ཆུ་ལ་ཤོར་ནས༔ ཕྱེད་ཙམ་ཁོ་རང་གི་ཉམས་ཐོག་ནས་རྩོམ་དགོས་པ་བྱུང་༔ འཇའ་ཚོན་སྙིང་པོས་རབ་བྱུང་མཛད་པས་རྟེན་འབྲེལ་མ་ལེགས༔ གཏེར་ཆེན་འདོན་རྒྱུ་གཏེར་ཕྲན་ལས་མ་ཐོན༔ གུ་རུ་ཆོས་དབང་རང་གིས་ངན་སྔགས་ཀྱི་ཤོག་སེར་བཤུས་དུས་ཨོ་རྒྱན་ལ་ལོག་ལྟ་ཅུང་ཟད་ཙམ་ཤོར་བས་ཤོག་སེར་འབྲི་བདོ་ཨོ་རྒྱན་ཉིད་ཀྱིས་བསྣམས་ནས་བྱོན༔ རྟེན་འབྲེལ་འཕྱུགས་པས་གདམས་ངག་གང་ཡང་མི་རྣོ༔ དེ་ལྟར་གཏེར་སྟོན་ལ་བར་ཆད་མ་ཞུགས་པ་རཏྣ་གླིང་པ་ཙམ་ཡིན༔ དེས་ན་ཆོས་འདི་གསེར་དང་འདྲ་བས་བཟང་ངོ་༔ དགེ་བཤེས་ལ་ལ་དག་གཏེར་སྤྱི་ལ་ཡང་ཡིད་མི་གཏོད་པ་དག་ནི་ཅུང་ཞིག་ཐོས་པ་ཆུང་བ་སྟེ༔ མདོ་སྡེ་མཛངས་བླུན་ནས་བསྙེན་གནས་ཡན་ལག་བརྒྱད་པ་གཏེར་ནས་བཏོན་ཚུལ༔ ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ལས་གཏེར་སྒོ་ཡོད་ཚུལ༔ གཏེར་འདོན་ལུགས་


CMR009_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་གསུངས་པ༔ ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་སྡེ་ལས༔ མདོ་སྡེ་གཏེར་དུ་སྦས་ཚུལ༔ མཐར་གཏེར་ནས་འདོན་ཏེ་བྱང་ཕྱོགས་སུ་དར་ཚུལ་ལུང་བསྟན་པ་དང་༔ ཇོ་བོ་རྗེས་ལྷ་ས་ནས་བཀའ་ཆེམས་གཏེར་ནས་བཏོན་པ་སོགས་དང་༔ རྗེ་ཐམས་ཅད་མཁྱེན་པ་ན་རིམ་གྱིས་ཉང་གི་གཏེར་མ་རྟ་མགྲིན་ལྕགས་རལ་ཅན་ལ་ཐུགས་དམ་མཛད་པ་ལ་ཡང་བསམ་སྟེ༔ སྤྱིར་བཀའ་ཆོས་ཕལ་ཆེར་གཏེར་དུ་མ་སོང་བ་མེད་ཚུལ་བརྟག་སྟེ་ཡིད་ཆེས་པར་བྱའོ༔ ཆོས་འདི་བསྟན་པ་སྔ་དར་ཆོས་ཀྱི་གྲ་མ་ཉམས་དུས་ཀྱི་ཆོས་ཡིན་པ་དང་༔ སྦྱིན་བདག་སྤྲུལ་པའི་རྒྱལ་པོ་ཡིན་པ་དང་༔ མཎྜལ་གསེར་ཤ་བའི་ཁ་ཤུས་སོགས་ཕུལ་བ་དང་༔ བླ་མཆོད་སྤྲུལ་པའི་པཎྜི་ཏ་ལོ་ཙཱ་བ་ཡིན་པ་དང་༔ ཨོ་རྒྱན་གྱིས་བོད་སྐད་དུ་གསུངས་པས་ལོ་ཙཱ་བའི་ཚིག་ལྷག་ཆད་མ་ཞུགས་པ་དང་༔ བརྒྱུད་པ་ཉེ་བ་དང་༔ ཨོ་རྒྱན་གྱི་གསུང་ཚུགས་ལ་བཅོས་སླད་མེད་པ་སོགས་གཏེར་མ་ཟབ་པའི་རྒྱུ་མཚན་རྣམས་ཀྱང་ཡིད་ཆེས་བྱེད་དེ༔ སྒྲུབ་པ་རྣམས་ནི་མ་ལྕོགས་ཀྱང་ལས་བྱང་ཁོ་ན་ལ་བརྟེན་ཏེ༔ བསྙེན་སྒྲུབ་བྱ་བར་འདོད་པའི་གང་ཟག་གིས༔ དེ་ཡང་བདག་བསྐྱེད་ཁོ་ན་བྱེད་ན་དཀྱིལ་


CMR009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མི་དགོས་གཏོར་མཆོད་ཙམ་གྱིས་ཆོག༔ མདུན་བསྐྱེད་ལ་བརྟེན་ན་རབ་རྡུལ་ཚོན་འབྲིང་རས་བྲིས་དཀྱིལ་ཐང་༔ ཐ་མ་འབྲུའི་ཚོམ་བུ་ལྷ་གྲངས༔ མ་འཕྲོད་ན་ཐང་སྐུའམ་མེད་ན་ཡི་དམ་གཏོར་མའི་སྟོད་ཆ་མདུན་བསྐྱེད་ལ་བརྟེན་པར་བྱ༔ དབང་བསྐུར་རམ་སྒྲུབ་པ་བྱེད་ན་གཏོར་མ་རིན་ཆེན་འབར་བ་གཅིག་བཤམ༔ དེ་ཡང་མདུན་བསྐྱེད་གྱི་རྟེན་བྱ༔ རྒྱུན་དུ་གསོ་མི་དགོས༔ ཡང་སྤྲོ་ན་བུམ་པ་ཡང་བཤམ་མོ༔ ཕུགས་གཏོར་སྤྱི་དང་འདྲ་བས་ཡི་དམ་གཏོར་མ་དེས་ཆོག༔ ལོགས་སུ་བཅའ་མི་དགོས༔ སྒྲུབ་པ་མ་གྲོལ་བར་སྟན་བསྒུལ་བ་དང་སྤྲུག་པར་མི་རུང་༔ དེའི་ཕྱིར་སྟན་བདེ་བར་བཤམ༔ གོས་དང་མལ་སྟན་སྤོས་ཀྱིས་བདུག༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ སྔོན་འགྲོ་ད་ནངས་ཆོ་ག་གཞན་གྱི་སྔོན་འགྲོ་གཏོར་མ་བཏང་ན་དེས་ཆོག༔ མཚམས་ལ་འདུག་ཁ་ལྟ་བུ་ལ༔ དང་པོ་ལ་གཞི་བདག་གཏོར་མ་གཅིག་གནས་བདག་ལ་བསྔོ་ལ་ཕྲག་དོག་མ་བྱེད་ཅིག་ཅེས་བཀའ་བསྒོ༔ དེ་ནས་ཆ་གསུམ་གཏོར་མ་ལྟ་བུ་བགེགས་གཏོར་བཏང་ལ་བགེགས་བསྐྲད༔ གུ་གུལ་བདུག་མཚམས་གཅོད༔ རྒྱུན་དུ་སྔོན་འགྲོ་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་ཡང་ད་ནངས་


CMR009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སོང་ན་དེས་འཐུས་སོ༔ དེ་ནས་རང་ཉིད་ཀརྨ་དྲག་པོ་རྩལ་ལྗང་ལ་དམར་མདངས་ཅན་དུ་སྐད་ཅིག་ལ་བསྐྱེད༔ ཧཱུཾ་ང་ནི་ཁྲོ་རྒྱལ་འཇིགས་པའི་སོགས༔ བགེགས་ལ་བཀའ་བསྒོ༔ སུམྦྷ་ནི་ཤར༔ བྷཾཏྟཱ་ལྷོ༔ གྷིཥྛ་པ་ཡ་ནུབ༔ ཨཱ་ན་ཡའི་བྱང་གི་བགེགས་བསྐྲད་པར་བསམ༔ དེ་ལྟར་བཀའ་བསྒོས་པས་མི་ཉན་མི་འགྲོ་བ་རྣམས་དྲག་པོའི་བསྐྱེད་དེ༔ རང་གི་སྐུ་ལས་ཁྲོ་བོའི་ཚོགས་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་དང་འཚུབ་མ་ཆེན་པོ་བྱུང་ནས༔ གནོད་བྱེད་ཐམས་ཅད་བྱ་སྤྱི་ལ་བསྐལ་པའི་རླུང་ཐོག་བརྒྱབས་པ་ལྟར་རྒྱ་མཚོའི་ཕར་འགྲམ་དུ་རང་དབང་མེད་པར་བརྡས་ནས༔ དེ་དག་ཚུར་འདུས་པ་ལས་སྲུང་བའི་གུར་ཁང་རིམ་པ་དྲུག་སྟེ༔ བཛྲ་ཞེས་པ་རྡོ་རྗེའི་གུར་ས་གཞི་དྲྭ་བ་ར་བ་བཞིར༔ ཙཀྲ་ཞེས་པ་འཁོར་ལོའི་གུར་ཏ༔ འཁོར་ལོ་གཉིས་ཁ་སྦྱོར་དུ་རྩིབས་བྱེ་བ་གྲངས་མེད་ཅན་ནམ༔ འཁོར་ལོ་ཆུང་ངུ་མང་པོ་གསོར་ལོ་ལྟར་འཁོར་བའི་གུར་གང་རུང་༔ ཏིག་རྣ་རལ་གྲི་སྣ་རེ་རྒྱ་གྲམ་དུ་འཁོར་བའོ༔ ཀརྨ་ནི་སྣ་ཚོགས་རྡོ་རྗེ་སྟེ་ཁ་གདེངས་བ་དྲག་ཏུ་འཁོར་བའི་གུར༔ ཀཱི་ལ་ཡ་ཕུར་པ་སྟེ་ཐམས་ཅད་སོ་ཕྱིར་བསྟན་པའི་གུར༔ ཛྭ་ལ་རཾ་རཾ་མེ་སྟེ་མེ་ཁ་དོག་ལྔ་ལྡན་བར་མཚམས་


CMR009_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་དུམ་བུ་གཅིག་ཏུ་གྱུར་པ༔ བྷི་ཤྭ་ཀྲོ་དྷ་ནི་ཁྲོ་བོ་སྣ་ཚོགས་སྟེ་སྲུང་འཁོར་དེ་དག་གི་བར་མཚམས་སུ་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་རླུང་ལྟར་འཚུབ༔ ཧཱུྃ་དང་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་ལ་ལས་ནང་དུ་ཞལ་གཟིགས་ནས་སྲུང་བའི་ལས་མཛད༔ ལ་ལས་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པར་བསྒོམ་ཞིང་༔ སྦྱིན་བདག་སོགས་བསྲུང་བྱ་ཐམས་ཅད་སྲུང་འཁོར་དེའི་ནང་དུ་དང་པོ་ནས་ཚུད་པར་བྱས༔ དམིགས་པ་སྲུང་འཁོར་དེ་དག་བསྒོམ་ཞིང་༔ ཧཱུྃ་བདག་ནི་འབར་བ་དབང་གི་སོགས༔ དབྱངས་བྱེད་དམིགས་པ་མ་ཟིན་བར་དུ་རྔ་རོལ་མོ་སོགས་རྒྱུན་རིང་བྱ༔ དེ་ནས་དམ་བཅའ་བཟུང་བ་ནི་གསང་སྔགས་བླ་མེད་ཀྱི་ལུགས་ལ༔ རང་གི་ལུས་རང་སེམས་ལས་གཞན་དུ་མ་གྲུབ་པའི་ལྷ་ཡེ་ཤེས་པ་མེད་དེ༔ ཡ་ཀི་བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ མ་ཀི་འགྲོ་དྲུག་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངོ་བོ་གཅིག་ཅིང་དབྱེར་མེད༔ དེ་ཡང་རིག་པ་སེམས་ཉིད་འདིའི་ཀློང་དུ་འདུས༔ རང་གི་ལུས་འདི་ཡང་ཕུང་པོ་ལྔ་དྲག་པོ་རིགས་ལྔ་དང་༔ ཁམས་ལྔ་མཁའ་འགྲོ་སྡེ་ལྔ༔ ལུས་ཀྱི་རྩ་འཁོར་ལྔ་གོ་ཆ་ལྷ་ལྔ་སོགས་ཡེ་ནས་ལྷུན་གྱིས་གྲུབ་པས༔


CMR009_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུའི་གསང་སྔགས་བླ་ན་མེད་པའི་ལྟ་སྒོམ་སྤྱོད་གསུམ་ལ་དུས་ནམ་ཡང་འདའ་རེ་ཀན་སྙམ་དུ༔ ཧཱུྃ་བདེ་གཤེགས་རྒྱལ་བ་ནས། ས་མ་ཏི་ཛའི་བར་བརྗོད་དོ༔ དེ་ལྟ་བུའི་ལྟ་སྒོམ་ལ་གནས་ན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཆོས་ཉིད་ཡིན་མོད༔ འོན་ཀྱང་ཐུགས་རྗེའི་བྱིན་རླབས་བསྐུལ་ཞིང་བྱིན་ཕབ་པ་ནི༔ གནས་དང་གང་ཟག་དང་སྒྲུབ་རྫས་ཐམས་ཅད་ལ༔ བྱིན་རླབས་མ་ཕེབས་ན་ཉེས་སྐྱོན་སོ་སོར་ཡོད༔ བར་ཆད་ཀྱི་བགེགས་ཀྱང་འཇུག་སྲིད་པས༔ སྤོས་དང་རོལ་མོ་དབྱངས་དང་བཅས་ཏེ༔ རང་གི་ཐུགས་ཀ་ནས་འོད་ཟེར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོས་པས༔ ཐུགས་རྗེ་དང་ཐུགས་དམ་བསྐུལ་ནས་ཁྱད་པར་ནུབ་ཕྱོགས་དབང་དྲག་རོལ་པའི་དཀྱིལ་འཁོར་ལ་སོགས་པའི་ཞིང་ཁམས་ཐམས་ཅད་ནས༔ བླ་མ་ཡི་དམ་དཔའ་བོ་ཌཱཀི་ཐམས་ཅད་སྐུ་གར་སྟབས་ལིང་ལིང་༔ ཕྱག་རོལ་མོ་དིར་དིར༔ ཐུགས་བྱིན་རླབས་ཀྱི་ཏིང་ངེ་འཛིན་དང་བཅས༔ ནམ་མཁའ་བར་སྣང་ཐམས་ཅད་གང་བར་བྱོན་ཏེ༔ སྒྲུབ་པ་པོ་དང་སྒྲུབ་པའི་དཀྱིལ་འཁོར་དམ་རྫས་དང་བཅས་པ་ལ་བྱིན་རླབས་ཆེན་པོ་མཛད༔ རྣལ་འབྱོར་པ་རྣམས་ལ་ཡེ་ཤེས་ལྔའི་དབང་བསྐུར་


CMR009_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ཐམས་ཅད་བདག་དང་དཀྱིལ་འཁོར་ལ་ཐིམ་པར་བྷེ་ཞིང་༔ ཧཱུྃ་དབང་དྲག་རོལ་པའི་སོགས་ནས་ཨ་ཝེ་ཤ་ཡ་ཨ་ཨཱའི་བར་དུ་གྱེར་རོ༔ དེ་ནས་སྐབས་འདིར་གཏོར་མ་བྱིན་རླབས་དང་བདུད་རྩི་མཆོད་པ་བྱིན་རླབས་གཞན་ནས་ཁ་སབ་སྲོལ་ཡོད་ཀྱང་༔ གཏེར་གཞུང་འདི་མ་བཅོས་པ་རང་ཟབ༔ བཅོས་པ་ལེགས་ལེགས་འདྲ་ཡང་བྱིན་རླབས་ཉམས་པར་གསུངས་པས༔ གཞུང་སྔགས་ཀྱི་མཆོད་པ་བྱིན་རླབས་འདི་རང་གིས་ཆོག༔ དམིགས་པ་ཟིན་དཀའ་ན་སྔགས་གསུམ་རེའམ་བདུན་རེ་བརྗོད་དོ༔ དེ་ཡང་སྭ་བྷ་ཝ་བརྗོད་པས་མཆོད་པ་རྣམས་རང་བཞིན་སྟོང་པ་ཉིད་དུ་བསམ༔ ནང་མཆོད་སྤྱི་ལྟར་རླུང་མེ་ཐོད་སྐྱེད་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བའི་བདུད་རྩི་རྒྱ་མཚོ་ཆེན་པོར་བསྒོམས་ལ༔ སརྦ་པཉྩ་སོགས་བརྗོད་གཏོར་མ་ཡང་བསྐྱེད་ལུགས་བདུད་རྩི་དང་འདྲ་བས༔ རླངས་པ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་དུ་མ་ཐོགས་པ་མཆོད་པའི་སྤྲིན་ཕུང་ཆེན་པོར་བསྒོམས་ལ༔ མ་ཧཱ་བྷ་ལིང་སོགས་བརྗོད༔ ར་ལས་ལྷ་མོ་གིརྟི་མ་དམར་མོའི་མཁའ་གསང་ནས་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ༔ དེ་ནས་རཀྟའི་རྒྱུན་བབས་པས་བྷནྡྲ་ལྕང་


CMR009_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཅན་དུ་གནས་པའི་རཀྟའི་རྒྱ་མཚོ་ཆེན་པོར་གྱུར་ཏེ༔ ལྷ་མོ་ཡང་རཀྟ་ལ་ཐིམ་པར་བསམས་ནས༔ མ་ཧཱ་རཀྟ་སོགས༔ དེ་ནས་སྨན་རཀ་གཏོར་གསུམ་གྱི་རླངས་པ་ལས་སྐུ་གསུང་ཐུགས་ཀྱི་རིག་མ་ལྔ༔ མཆོད་པའི་ལྷ་མོ་རིན་པོ་ཆེའི་གཞོང་པ་ཐོགས་པ་བྱེ་བ་དུང་ཕྱུར་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་དང་༔ མེ་ཏོག་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་དུ་མ་ཐོགས་པར་བསྒོམ་སྟེ༔ བྷོ་དྷི་ཙིཏྟ་སོགས་དང་༔ པུལླེ་སོགས་བརྗོད་པས་བྱིན་གྱིས་བརླབས་སོ༔ རང་གི་སེམས་འདི་ཡི་ཐོག་མ་ནས་ཆོས་སྐུ་ཡིན་ཀྱང་༔ དེ་ངོ་མ་ཤེས་པས་དབུལ་བའི་ཁྱིམ་དུ་རིན་པོ་ཆེའི་གཏེར་ཡོད་པ་ལྟར་དེ་སྔ་ཕན་མ་ཐོགས་ནས་ཐོག་མ་མེད་པའི་དུས་ནས་འཁོར་བར་འཁྱམས་པའི་ཚེ༔ སྡིག་སྒྲིབ་ཅི་བགྱིས་པ་ཐམས་ཅད་བཤགས་སྙམ་པས༔ ཧཱུྃ༔ ལྷག་པའི་ལྷ་མཆོག་སོགས་ནས་ཤུདྡྷེ་ཨཱཿ དེ་ནས་རྙིང་མའི་ལུགས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ཏིང་ངེ་འཛིན་རྣམ་གསུམ་དུ་འདུས༔ དེར་མ་ཟད་གསང་སྔགས་རྙིང་མའི་ཆོས་ཐམས་ཅད་འདི་ལ་འདུས་པ་ཡིན་ཏེ་བཤད་པ་རྒྱ་ཆེ་བ་བྲིར་མི་ལོང་༔ དབུ་མ་དང་གཅིག་ལག་ཏུ་བླང་བྱ་རབ་སྟོང་ཉིད་ངོ་བོ་མཐོང་བ་ཡོད་ན་དེའི་སྟེང་དུ་བཞག༔ འབྲིང་སྟོང་ཉིད་ཀྱི་གོ་བ་བཟང་པོ་ཡོད་


CMR009_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ན་གོ་བ་དེ་ཡིད་ལ་བཀོད༔ ཐ་མ་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང་བདག་མེད་པ་ཡིན་བསམ་པ་ཙམ་བྱས་ལ༔ ཧཱུྃ༔ ཆོས་རྣམས་ཞེས་པ་ནས་ཤུདྡྷོཉཧཾ་ཞེས་པའི་བར་བརྗོད༔ དེ་ལྟར་ཆོས་ཐམས་ཅད་ཡེ་ནས་ཡེ་ཤེས་ཀྱི་སྙིང་པོ་ཅན༔ སྟོང་ཉིད་ཆོས་སྐུ་རྗེན་པ་ཡིན་ཀྱང་༔ དེ་མ་ཤེས་པར་འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ་སྙམ་དུ་བསྒོམ༔ འདི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་བ་དང་དོན་གཅིག་པས༔ ཧཱུྃ༔ ཆོས་རྣམས་ཡེ་ཤེས་སྙིང་པོ་ཅན་ཞེས་ནས་ཤུདྡྷོཉཧཾ་བར་བརྗོད༔ ཆོས་ཐམས་ཅད་ངོ་བོ་སྟོང་པའི་ངང་ལས༔ རྒྱུ་འབྲས་མི་བསླུ་བ་རྟེན་འབྲེལ་སྒྱུ་མ་ཙམ་དུ་ཅིར་ཡང་སྣང་བ་སྟེ༔ ཐམས་ཅད་རྒྱུ་ལ་འབྲས་བུ་འབྱུང་བ་ཤ་སྟག་ཡིན་པས༔ རང་གི་སེམས་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་གཅིག་ཏུ་བསྒོམས་ལ༔ ཧཱུཾ་ཐམས་ཅད་རྟེན་འབྲེལ་རྒྱུ་ནས་ས་མ་ཏི་ཧཱུྃ་གི་བར་བརྗོད༔ ཧཱུྃ་དེ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པས་མེ་ཆུ་རླུང་གསུམ་བྱུང་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དངོས་པོར་འཛིན་པའི་མ་རིག་པ་ཐམས་ཅད་བསྲེགས༔ གཟུང་བ་དང་འཛིན་པའི་འདོད་ཆགས་གཏོར༔ ཐ་མལ་དུ་འཛིན་པའི་


CMR009_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་དང་ཞེ་སྡང་བཀྲུས༔ ནམ་མཁའ་སྤྲིན་མེད་པ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་མཁའ་ཀློང་རྡོ་རྗེ་བཙུན་མོའི་བྷ་གའི་རང་བཞིན་དུ་གྱུར༔ ཧཱུྃ་དེ་ལས་ཨེ་ཡཾ་ར་སུཾ་ཀེ་རཾ་ཧཱུྃ་འཕྲོས་པས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་༔ དུར་ཁྲོད་བརྒྱད་རྡོ་ར་མེ་རི་དབུས་ཉི་ཟླ་པདྨ་རོ་གདན་དང་བཅས་པ་སྒོམ་ལུགས་དཀྱིལ་འཁོར་སྤྱི་དང་འདྲའོ༔ ཧཱུྃ་བྷི་ཤྭ་སོགས་ཀྱིས་གཞལ་ཡས་ཁང་གདན་དང་བཅས་པ་བྱིན་གྱིས་བརླབས་སོ༔ དེ་ནས་རྒྱུའི་ཡི་གེ་ཧཱུྃ་དེ་ནམ་མཁའ་ནས་གདན་སྟེང་དུ་བབས་པ་ལས་འོད་ཟེར་གྱིས་འཕགས་པ་མཆོད་པ་སོགས༔ དོན་གཉིས་བྱས་ནས་གཙོ་བོ་བསྐྱེད་པ་གཞུང་ལྟར༔ གོ་ཆའི་ལྷ་བསྐྱེད་པ་རྒྱུན་གྱི་ཤོག་དྲིལ་ལྟར༔ འཁོར་ཐམས་ཅད་གཞུང་ལྟར་བསྐྱེད་དེ༔ དེ་ཡང་བདག་མདུན་བུམ་གསུམ༔ དབང་དུས་གཏོར་མ་ལྷར་བསྐྱེད་པ་དང་བཞི་ཁ༔ མངོན་རྟོགས་ཚར་གཅིག་གིས་དུས་གཅིག་ལ་བསྐྱེད་པ་ནི་རྙིང་མའི་ཁྱད་ཆོས་ཡིན་ནོ༔ དེ་ཡང་བསྙེན་པ་དུས་དང་རྒྱུན་དུ་བདག་བསྐྱེད་གཙོ་ཆེ་བས༔ བདག་བསྐྱེད་ཀྱི་དུར་ཁྲོད་ནང་དཀྱིལ་འཁོར་ཕྱིའི་ཁྱམས་དེར་མདུན་བསྐྱེད་སོགས་ལྷ་མགྲོན་གཏོར་མགྲོན་ཐམས་ཅད་བསྐྱེད༔ སྒྲུབ་པ་དབང་དང་རྡུལ་ཚོན་ཡོད་ནི་མདུན་བསྐྱེད་


CMR009_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་བས༔ མདུན་བསྐྱེད་ཀྱི་ཤར་སྒོའི་དྲུང་དུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྐྱེད༔ དེ་ཡང་གཙོ་གང་ཆེ་བའི་རྡོ་ར་མེ་རི་ནི་གུར་ཕུབ་པ་ལྟར་བར་མཚམས་མེད་པ༔ དཀྱིལ་འཁོར་ཁྱམས་ཀྱི་དཀྱིལ་འཁོར་གཞན་རྣམས་ཀྱི་རྡོ་ར་མེ་རི་ནི་དགོན་པའི་ལྕགས་རི་ལྟར་སྟེང་ཧད་པོར་ཡོད་པར་བསྒོམ་པ་མན་ངག་གོ༔ དེ་མ་བྱས་ན་བདག་མདུན་བར་སྲུང་འཁོར་གྱིས་ཆོད་ནས་སྔགས་འཁོར་སོགས་མི་བདེའོ༔ ལྷ་བསྐྱེད་ཚར་ནས་གནས་གསུམ་བྱིན་རླབས་སོགས་ཀྱི་དོད་ལ༔ འདིར་བཛྲ་གུ་རུ་ཀྲོ་ཏ་ནས་ས་མ་ཡ་ཧཱུྃ་གི་བར་བརྗོད་པས་ཐམས་ཅད་བྱིན་གྱིས་བརླབས་ཏེ༔ སྐད་ཅིག་ལ་རང་རང་གི་ཐུགས་ཀར་རང་རང་གི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་མོས་པ་ཙམ་དུ་བསྒོམས་ལ༔ རང་གི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་རང་རང་གི་ཞིང་ཁམས་སུ་འཕྲོས་པས༔ རང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག༔ སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་རང་སོ་སོའི་སྐུ་ལ་སིབ་སིབ་ཐིམ་པར་བྷེ༔ ཚིག་རེ་དང་དམིགས་པ་རེ་སྤྲད་དེ༔ དེ་ཡང་འོད་ཟེར་ཟངས་མདོག་དཔལ་རིར་ཨོ་རྒྱན་གྱི་ཐུགས་ཀར་ཕོག་པས༔ སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་


CMR009_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་ནས་བྱོན༔ བདེ་བ་ཅན་ནས་འོད་དཔག་མེད༔ རི་རབ་འབར་བའི་རྩེ་མོ་ནས་བྱ་ཁྱུང་༔ འོག་མིན་ཕོ་བྲང་ནས་འཇམ་དཔལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས་པདྨ་དབང་ཆེན༔ ལྕང་ལོ་ཅན་ནས་གསང་བདག་སོགས་བྱོན་ཅིང་རང་རང་ལ་ཐིམ་པར་བསྒོམ༔ སླར་ཡང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་གུ་རུ་དྲག་པོའི་ལྷ་ཚོགས་སུ་གྱུར་ནས༔ ནམ་མཁའ་བར་སྣང་གང་བར་བྱོན་ཏེ༔ ཆ་ལུགས་ནི་རྒྱན་ཆ་མང་པོ་ཁྲོ་ལོ་ལོ་ཞེས་སོགས་གཞུང་ཚིག་དང་མཐུན་པར་བྱོན་ནས༔ ནམ་མཁའ་བར་སྣང་ཐམས་ཅད་སྤྲིན་ལྟར་འཁྲིགས་སེར་བཞུགས་པར་བསམས་ལ༔ ཛཞེས་དཀྱིལ་འཁོར་ནང་དུ་བྱོན༔ ཧཱུྃ་ཞེས་དམ་ཚིག་པ་ལ་ཞུགས༔ བོ་ཞེས་གཉིས་སུ་མེད་པར་འདྲེས༔ ཧོཞེས་ཐུགས་དགྱེས་པར་གྱུར༔ དེ་རྣམས་བསྒོམ་ཞིང་༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ སོགས་དབྱངས་དང་རོལ་མོ་བྱེད༔ དེ་ནས་བཞུགས་གསོལ་དང་ཕྱག་འཚལ་གཉིས་བདག་བསྐྱེད་ཀྱིས་མདུན་བསྐྱེད་ལ་བྱེད༔ མདུན་བསྐྱེད་ཀྱིས་བདག་བསྐྱེད་ལ་བྱེད་པར་སྒོམ་པ་དྲག་ཆེ་ནའང་༔ འདིར་མན་ངག་གི་བདག་གི་ཐུགས་ཀ་ནས་


CMR009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐ་མལ་པའི་ལུས༔ ལྷའི་གྲངས་དང་མཉམ་པར་སྤྲུལ་ནས༔ བདག་མདུན་གྱི་དཀྱིལ་འཁོར་གྱི་ནང་གི་བར་ཁྱམས་སུ་འཁོད་དེ༔ ལག་ན་པདྨ་དང་ཟླ་བ་དང་ཉི་མ་གསུམ་བརྩེགས་ཀྱི་གདན་རེ་རེ་བཟུང་ནས༔ ལྷ་སོ་སོར་ཕུལ་བས་སོ་སོའི་གདན་ལ་ཐིམ་པས་སྔར་ལས་ཅུང་ཟད་ཆེ་ཞིང་གཟི་མདངས་ཆེ་བར་བསྒོམས་ལ༔ ཧཱུཾ་དུར་ཁྲོད་ཆེན་པོ་སོགས༔ ཏིཥྛ་ལྷན་བར་བརྗོད༔ དེ་ནས་བདག་བསྐྱེད་རྣམས་ལས་སྤྲུལ་པ་མང་དུ་འཕྲོས་ཏེ༔ བདག་ལུས་གྲངས་མེད་པ་དེ་དག་གིས་ལ་ལས་ཆོས་གོས་རྣམ་གསུམ་གསོལ་ཏེ། ཕྱི་ཉན་ཐོས་ཆ་ལུགས་སུ་ཡན་ལག་ལྔ་ས་ལ་བཙུགས་ཏེ་ཕྱག་འཚལ༔ ལ་ལས་ཕོད་ཁ་དང་རྒྱན་དྲུག་གྱོན་ཏེ་བརྐྱང་བསྐུམ་སྲིན་པོའི་གར་དང་བཅས༔ ནང་སྔགས་ལུགས་སུ་ཕྱག་འཚལ༔ ལ་ལས་ལུས་གཅེར་བུར་བྱས་ནས་ལུས་འཕར་ཞིང་ས་ལ་རྡེག་པའི་བརྐྱང་ཕྱག་འཚལ་བར་བྷེ་ལ༔ ཧཱུྃ༔ དྲག་པོ་པདྨའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས་ནས་ཕྱག་འཚལ་བའི་བར་དང་༔ ཨ་ཏི་པཱུ་ཧོ༔ ཞེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་བར་བསྒོམ༔ པྲ་ཏི་ཛ་ཧོ༔ མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་བར་བསྒོམ༔ དེ་


CMR009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་ལུས་དེ་དག་སྐད་ཅིག་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གྱུར་ཏེ་ཕྱི་མཆོད་མེ་ཏོག་བདུག་སྤོས་སོགས༔ ནང་མཆོད་འདོད་ཡོན་ལྔ༔ གསང་བ་བདེ་སྟོང་གི་མཆོད་པ༔ ཕྱག་ན་བྷན་ཐོགས་པས་ནང་མཆོད་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ་སོ་སོར་མཆོད་པར་བསྒོམ༔ སྐབས་འདིར་ལ་ལས་སྨན་མཆོད་དང་གཏོར་བསྔོས་གཉིས་ཡང་ཕྱེ་མ་ཤེས་པའི་ཉབ་ཉོབ་ཚིགས་བཅད་མང་པོ་སྦྱར་སྲོལ་འདུག་ཀྱང་འདིར་མ་སྦྱར་ཡང་མ་ཚང་བར་མི་འགྱུར༔ སྦྱར་ན་ཚེས་བཅུ་མཁན་ཐམས་ཅད་ལ་གྲགས་པའི་སྨན་མཆོད་དབྱངས་དང་བཅས་ཏེ་སྦྱར་ན་བཅོས་པའི་སྐྱོན་ཡང་མེད་དོ༔ གཞུང་རང་ནས་སྦྱོར་གསུངས་ཡོད༔ ལ་ལས་འདིར་གཏོར་བསྔོས་བཙུད༔ དེ་བཙུད་པ་ཅུང་ཟད་འཕྱུགས་པ་ཡིན༔ སྨན་མཆོད་ནི༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་རཏྣ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྒྱལ་སྲས་ཚེ་དབང་གྲགས་


CMR009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་བབས་ཆོས་བདག་ཉེར་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་དབང་དྲག་པདྨའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་མཁའ་འགྲོ་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་བདུད་མགོན་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བྱིན་རླབས་ཀྱི་རྩ་བ་རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཕྲིན་ལས་ཀྱི་རྩ་བ་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཅེས་བདུད་རྩི་ནམ་མཁའ་བར་སྣང་ས་གཞིར་མཐེབ་སྲིན་གྱིས་གཏོར༔ བདག་བསྐྱེད་མཆོད་ཕྱིར་ཐིགས་པ་ལྕེ་ལབཞག༔ དེ་ནས་གཏོར་མ་ནི༔ ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦྲ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་


CMR009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ་པ་ནི༔ ཚེས་བཅུ་སོགས་གཏོར་མ་དེ་སླར་བསྔོ་མི་དགོས་ན་བྱའོ༔ གཏོར་མ་བཞག་རྒྱུ་ལ་དེ་བྱས་ན་དེ་རིང་འཁོར་ལྷའི་གསོལ་ལྷག༔ སང་གཙོ་བོ་ལ་མཆོད་པ་མི་ལེགས་པས༔ མཆོད་པའི་ལྷ་མོ་མང་པོས་ཕྱག་ན་བྷནྡྷའི་སྐྱོགས་ཐོགས་ནས་གཏོར་མ་བདུད་རྩི་རྒྱ་མཚོ་ནས་བཅུས་ནས་ལྷ་སོ་སོ་ལ་མཆོད་དོ༔ གཞུང་ཚིག་ལས་འདོད་ཡོན་ལྷ་མོའི་ཚོགས་ཀྱི་སྤྱས་ཞེས་སོ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིའི་མཇུག་འདི་ན༔ གཏོར་བསྔོས་བཙུད་པ་ཡིན༔ གཏོར་བསྔོས་མ་བཙུད་ཀྱང་ཚིགས་བཅད་སྔགས་དང་བཅས་པ་འདི་ཁོ་ནས་འཐུས་པས་མ་ཚང་བའི་སྐྱོན་དུ་མི་འགྱུར་མོད༔ འོན་ཀྱང་གུ་རུ་དྲག་པོ་ཁོ་ན་གཙོ་བོ་བྱེད་རྒྱུ་ཡིན་ན་སྐབས་འདིར་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་བསྔོས་མང་ཉུང་རན་པ་ཞིག་བཙུད་ནས༔ སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་གུ་དྲག་གི་གཞུང་འདིས་ཐམས་ཅད་ཀྱི་གོ་ཆོད་པས་ལེགས་པར་འོང་༔ ཡང་གུ་དྲག་ཁོ་ན་གཙོ་བོ་མིན་ན་གཞན་ཡི་དམ་ཆོས་སྐྱོང་གཙོ་ཆེ་བ་ཡོད་ན༔ གཏོར་བསྔོས་ལོགས་སུ་བྱས་པས་འདིར་མི་བསྲེ་བ་ལེགས་སོ༔ ཡང་རྣལ་འབྱོར་པས་རིགས་དྲུག་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མཐར་ཡི་དམ་ལྷར་གསལ་བས་ནང་མཆོད་འབུལ་བ་


CMR009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ གཞི་བདག་གཏོར་མ་ཡང་ཕུགས་གཏོར་གྱི་མཇུག་ཏུ་བསྔོ་རུང་གི༔ གཞི་བདག་ཐ་མལ་རང་གཟུགས་ཅན་དུ་དམིགས་ན་གཏོར་བསྔོས་ཀྱི་གྲ་རུ་མི་རུང་༔ ཕྱི་གཏོར་ཞེས་པ་ཕྱི་རོལ་དུ་ཕུལ་མི་དགོས་ཏེ༔ ཏིང་ངེ་འཛིན་གྱི་ཁྱད་ཙམ་སྟེ་གནད་ཆེ་བར་བརྩི་སྲོལ་གདའོ༔ བར་སྣང་ལ་དགྲ་བགེགས་ཀྱི་ངོ་བོ་ཁྲག་གི་རྐྱལ་པ་ནི་ཡིག་གིས་མཚན་པ་ལ༔ སྤྲུལ་པའི་ཁྲོ་བོས་ཕུར་པ་བཏབ་པས་ཁྲག་གི་རྒྱུན་བབས་པས་བྷན་ཁེངས༔ དེ་ནས་མཆོད་པའི་ལྷ་མོ་དེ་དག་དམར་མོ་ཁོ་ནར་གྱུར་ཏེ་བྷནྡྲ་ལྕང་ལོ་ཅན་དེས་རཀྟ་བཅུས་ཏེ་ཁྲོ་བོ་ཐམས་ཅད་ལ་མཆོད་པ་དང་༔ ལྷ་མོ་དེ་དག་ཁྲོ་བོ་ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་མང་པོར་གྱུར་ཏེ༔ ཕྱིའི་དགྲ་བགེགས་དང་བདུད་བཞི༔ ནང་གི་ཉོན་མོངས་པའི་རྣམ་རྟོག་ཐམས་ཅད་བྱམས་པའི་ལྕགས་ཀྱུས་བཀུག༔ སྙིང་རྗེའི་ཞགས་པས་བཅིངས༔ དགའ་བའི་ལྕགས་སྒྲོག་གིས་བསྡམས༔ བཏང་སྙོམས་དྲིལ་བུས་མྱོས་པར་བྱས་ནས་མདུན་བསྐྱེད་རྣམས་ཀྱི་ཞལ་དུ་བསྟབས་པས་ལུས་ཤ་ཁྲག་ཆེམ་ཆེམ་གསོལ༔ སེམས་ཐུགས་བསྐྱེད་སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟིམས་ནས་སངས་རྒྱས་པར་བསྒོམ་པ་ནི་སྙིང་རྗེས་གཞན་


CMR009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྒོལ་བ་ཡིན༔ འཁོར་བར་འཁྱམས་པའི་རྩ་བ་ང་དང་བདག་ཏུ་འཛིན་པ་ཁོ་ན་ཡིན༔ དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྒྲོལ་བ་རྟོགས་པས་བདག་སྒྲོལ་བ་སྟེ༔ དེ་བདག་མེད་ཀྱི་སྒོལ་མཆོད་ཡིན་ཏེ༔ དོན་ཉམས་སུ་ལེན་ཚུལ་རབ་སེམས་ངོ་ལ་གཅེར་གྱིས་བལྟས་པས་རང་བཞིན་མེད་པར་ལྷང་གི་མཐོང་༔ ཐོ་མ་ཡང་ཆོས་ཐམས་ཅད་བདག་མེད་པའོ་སྙམ་དུ་དྲན་པར་བྱའོ༔ འདི་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡང་ཟེར༔ དེ་ལྟར་བསྒོམ་ཞིང་གཞུང་གི་སྨན་རཀ་གཏོར་གསུམ་བསྒྲལ་མཆོད་རྣམས་དབྱངས་དང་བཅས་པས་གྱེར་ཏེ༔ དབྱངས་བྱེད་ཆེ་དམིགས་པ་སྒོམ་ལོང་ཡོད་པའི་གནད་དང་དབྱངས་དེ་ཡང་གླུའི་མཆོད་པ་ཡིན་ནོ༔ དེ་ཡང་དངོས་སུ་བཤམས་པའི་མཆོད་པ༔ ཡིད་ལས་སྤྲུལ་པའི་མཆོད་པ༔ ངག་གིས་བརྗོད་པའི་མཆོད་པ༔ སྔགས་དང་ཕྱག་རྒྱའི་མཆོད་པ༔ འཇིག་རྟེན་གཞན་ན་ཡོད་པ་བློས་བླངས་བའི་མཆོད་པ༔ ཐམས་ཅད་འདི་ལ་ཚང་བ་ཡིན་ནོ༔ དེ་ཡང་སྤྲུལ་པའི་མཆོད་པའི་ལྷ་མོ་དེ་དག་སྐད་ཅིག་ལ་གནས་འགྱུར་ཏེ༔ ལ་ལ་ནི་ཚངས་པ་གདོང་བཞི་པ་དང་༔ ལ་ལ་ནི་བརྒྱ་བྱིན་ཏེ་ལྷའི་དབང་པོ་དང་༔ ལ་ལ་ནི་འདོད་པའི་དབང་ཕྱུག་བདུད་ཀྱི་རྒྱལ་པོ་དང་༔ ལ་


CMR009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་༔ ལ་ལ་དགའ་བོ་དང་འཇོག་པོ་དང་༔ སྟོབས་ཀྱི་རྒྱུ་སོགས་ཀླུའི་རྒྱལ་པོ་དང་༔ ལ་ལ་རབ་དགའ་ལ་སོགས་དྲི་ཟ་དང་༔ ནམ་མཁའ་ལྡིང་དང་མིའམ་ཅིའི་རྒྱལ་པོ་ལ་སོགས་པ་མདོར་ན་འཇིག་རྟེན་ན་ཆེ་ཞིང་ཆེ་བར་གྲགས་པ་ཐམས་ཅད་ཀྱིས་ལུས་གྲངས་མེད་པར་སྤྲུལ་ནས༔ རོལ་མོ་སྣ་ཚོགས་དང་བཅས་ནས་མགྲིན་གཅིག་ཏུ་བདག་མདུན་གཙོ་བོ་སོ་སོ་ལ་བསྟོད་པ་བྱེད་ཅིང་ཁམས་གསུམ་སྲིད་གསུམ་གྱི་བདག་པོར་མངའ་གསོལ་བར་བསྒོམས་ལ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་སོགས་ནས༔ བསྟོད་པ་ཐམས་ཅད་ཚང་བར་བྱའོ༔ དེ་ནས་ལྷ་ཚོགས་རྣམས་ལ་བོས་ནས་ཞུས་པ་ནི༔ བསྐལ་པ་གྲངས་མེད་པའི་སྔོན་ནས་ད་ལྟ་ཡི་བར་དུ༔ ཡེ་ཤེས་ཀྱི་ལྷ་ཚོགས་ཁྱེད་རྣམས་རང་གི་རིག་པ་སེམས་ཉིད་སྐྱེ་བ་མེད་པ་འདི་དང་དབྱེར་མེད་དུ་བཞུགས་པ་འདི་མ་ཤེས༔ མ་རྟོགས་པས་འཁོར་བར་འཁྱམས་པས༔ བདག་མེད་པ་ལ་བདག་ཏུ་བཟུང་བས་ཞེན་ཅིང་ཆགས༔ སེམས་ལས་གཞན་དུ་གྲུབ་པ་མེད་པ་ལས་གཞན་དུ་བཟུང་ནས་སྡང་སྟེ༔ དེ་ལྟར་གཉིས་འཛིན་འཁྲུལ་པའི་རྟོག་པ་དེས་ལས་ངན་པ་ཅི་བྱས་ཅི་བསགས་པ་ཐམས་ཅད༔


CMR009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་དབྱེར་མེད་པ་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཀློང་དུ་བཟོད་པར་གསོལ་སྙམ་པས་བཤགས་པའི་ཚིག་དང་བླ་མའི་ཡིག་བརྒྱ་བཟླའོ༔ དེ་ནས་དྲག་པོའི་ཕྱི་ནང་གསང་བ་ཡང་གསང་ཟིལ་གནོན་སོགས་སྒྲུབ་པའི་དུས་ཡིན་ན༔ ལས་བྱང་གི་སྔགས་འདི་རྣམས་སྔགས་མཆོད་ཀྱི་ཚུལ་དུ་ཚར་གཅིག་བཏོན་ནས་སྒྲུབ་ཐབས་སོ་སོ་ཡི་སྔགས་དམིགས་རིམ་པར་བྱ་རྒྱུ་ཡིན་རུང་༔ ལས་བྱང་འདི་ཁོ་ན་ལ་བརྟེན་ནས་བསྙེན་པ་བྱེད་ཚུལ༔ འདི་ལྟ་སྟེ༔ གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ་ལྟར༔ རང་གི་སྤྱི་གཙུག་དབུ་སྐྲའི་གསེབ་ཏུ་ཨོ་རྒྱན་མཐིང་ནག་ཏུ་བསྒོམ་པ་དེའི་ཐུགས་ཀར་ཟླ་བའི་དབུས་སུ་ཧཱུྃ་མཐིང་ནག་གི་མཐར༔ ཐོད་ཕྲེང་རྩལ་གྱི་སྔགས་གཡས་སུ་འཁོར་བས་མ་བཟོད་པ་ལྟར༔ སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག༔ ཕྱག་ཞབས་གར་སྟབས་ཁྱུགས་ཁྱུག༔ ཞལ་ནས་ཧཱུྃ་སྒྲ་ཕཊ་སྒྲ་བྷོ་སྦྲུ༔ ཨེ་ཨཱ་རལླི་ཕོ་ཕོ་ཞེས་གསུངས་པ་ཙམ་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས༔ རིག་འཛིན་བརྒྱད༔ མཆོག་གི་གྲུབ་ཆེན་བརྒྱད་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་བརྒྱ་རྩ་བརྒྱད་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་རིག་འཛིན་གྲུབ་ཐོབ་ཐམས་ཅད་དང་༔ ཡི་


CMR009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཞི་བ་དང་ཁྲོ་བོ་ཐམས་ཅད་དང་༔ དཔའ་བོ་ཉི་ཤུ་རྩ་བཞི༔ དཔའ་མོ་ཉི་ཤུ་རྩ་བཞི༔ གོ་རི་ལྷ་མོ་བརྒྱད༔ ལ་སོགས་པ་གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་༔ མགོན་ཆེན་སྡེ་བཞི༔ ལྷ་མོ་དཔོན་གཡོག་ལ་སོགས་པ༔ ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད༔ རང་དབང་མེད་པར་ཤོག་གུ་བཀྲམ་པ་རླུང་ཆེན་པོས་བསྐྱོད་པ་ལྟར་ཆི་ལི་ལི་བྱོན་ནས༔ བླ་མ་ཐམས་ཅད་གུ་རུ་པདྨའི་དཔྲལ་བའི་ཨོཾ་ལ་ཐིམ༔ ཡི་དམ་ཐམས་ཅད་མགྲིན་པའི་ཨཱལ་ཐིམ༔ དཔའ་བོ་མཁའ་འགྲོ་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཆོས་སྐྱོང་ཐམས་ཅད་ལྟེ་བའི་ཧྲིལ་ཐིམ་པས༔ སྤྱི་བོར་པདྨ་འབྱུང་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར༔ དེ་ལྟར་བྱིན་རླབས་བསྡུ་བའི་དམིགས་པ་དེ་བྱེད་ཅིང་སྔགས་ཐོད་ཕྲེང་རྩལ་ཅི་ནུས་བཟླའོ༔ ༈ དེ་ནས་དབང་བླང་བ་ནི༔ ཨོ་རྒྱན་མཐིང་ག་དེའི་དཔྲལ་བའི་ཨོཾ་ལས་འོད་ཀྱི་ཐིག་ལེ་དཀར་པོ་ཨོཾ་ཡིག་གིས་མཚན་པ་གྲངས་མེད་པ་བྱུང་ནས་རང་གི་དཔྲལ་བར་ཐིམ༔ ལུས་ཀྱི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ སྐུའི་བྱིན་རླབས་ཞུགས༔ ལམ་བསྐྱེད་རིམ་བསྒོམ་པར་དབང་ཞིང་༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་


CMR009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་རྒྱུད་ལ་བཞག༔ ཡང་ཨོ་རྒྱན་དེའི་མགྲིན་པའི་ཨཱཙྪཡིག་ལས༔ འོད་ཀྱི་ཐིག་ལེ་དམར་པོ་ཨཱཡིག་གིས་མཚན་པ་མང་པོ་བྱུང་ནས་རང་གི་མགྲིན་པར་ཐིམ་པས༔ ངག་གི་སྒྲིབ་པ་དག༔ གསང་བའི་དབང་ཐོབ༔ ལམ་རྩ་རླུང་བསྒོམ་པར་དབང་༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་ཐོབ༔ ཡང་ཐུགས་ཀའི་ཧཱུཾ་ལས་ཐིག་ལེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གྲངས་མེད་པ་བྱོན་ནས༔ རང་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལམ་རྩ་རླུང་ཐིག་ལེ་རྫོགས་རིམ་བསྒོམ་པར་དབང་༔ འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས༔ ཡང་ལྟེ་བའི་ཧིལས་ཐིག་ལེ་ལྗང་ཁུ་ཧཱུྃཡིག་ལྗང་ཁུས་མཚན་པ་དུ་མ་འཕྲོས༔ རང་གི་ལྟེ་བར་ཐིམ་སྒོམ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག༔ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པར་བསྒོམ་ཞིང་སྔགས་འདི་བཟླས་ཏེ༔ སྔགས་དོན་ནི༔ ཨོཾ་ཨཱཿཧཱུྃ་ནི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ནོ༔ བཛྲ་གུ་རུ་ནི་རྡོ་རྗེ་སློབ་དཔོན་ཡིན་ནོ༔ དེ་ཡང་གུ་རུ་ཟེར་བ་ནི་འགའ་


CMR009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་རུ་ཟེར་བ་འོང་སྟེ༔ ཟུར་ཆགས་སྐད༔ གྷ་རུ་ཟེར་བ་ཟུར་ཆགས་སྐདི༔ འགུ་རུ་ལེགས་སྦྱར་སྐད་ཡིན་ཏེ༔ དཔེ་ཆ་ལ་ཅི་ཡང་ཡོད་དེ༔ གུ་རུ་ཟེར་བ་ལེགས་སོ༔ པདྨ་ཐོད་ཕྲེང་རྩལ་ནི་བོད་སྐད་ཡིན་ཏེ༔ ཨོ་རྒྱན་གྱི་གསང་མཚན་ཡིན་ནོ༔ བཛྲ་ས་མ་ཡ་ནི་རྡོ་རྗེའི་དམ་ཚིག༔ ཛ་ནི་སྤྱན་འདྲེན༔ སིདྡྷི་ཕ་ལ་ཧཱུྃ་ནི་དངོས་གྲུབ་བཟང་པོ་སྩོལ༔ ཨཱཙྪནི་སྐྱེ་བ་མེད་པ་མཆོག་གི་དངོས་གྲུབ་སེམས་ལ་རྟོགས་པ་འཆར་བའོ༔ དེ་ཡང་སྔགས་གྲངས་ཅི་ཙམ་བཟླ་བ་ནི༔ ཐུན་རེ་རེ་ལ་སྔགས་ཐམས་ཅད་མང་ཉུང་ཅི་ཙམ་འདོན་པ་དེ་ཆ་བཞི་བྱས་ལ༔ ཆ་གཅིག་ལ་ཞི་བ་ཐོད་ཕྲེང་རྩལ་འདི་འདོན༔ ཆ་གཅིག་ལ་ཚེ་དཔག་མེད་འདོན༔ དེ་ལྟར་ཕྱེད་དེ་ཞི་བ་ཡིན་པས༔ ཞི་བ་བསྙེན་ཅིང་ཁྲོ་བོར་བསྒྲུབ་པའི་མན་ངག་གོ༔ གོང་ནོན་ཡིན་པས་འཇམ་ཞིང་བར་ཆད་མི་འབྱུང་བའི་གནད་དོ༔ དེ་ནས་ཆ་གཅིག་ཨ་ཙིག་རྐྱང་པ་འདོན༔ ཆ་གཅིག་དེ་ལ་ཆ་བཅུ་བགོས་ལ༔ ཨ་ཙིག་མེ་དབལ་སྡེ་བརྒྱད་ཤམ་བུ་དང་བཅས་པ་ཆ་གཅིག༔ ཁྱུང་ཆ་གཅིག༔ འཇམ་དཔལ་ཆ་གཅིག་རྟ་མགྲིན་ཆ་གཅིག༔ ཕྱག་རྡོར་ཆ་གཅིག༔ མཁའ་འགྲོ་ཆ་གཅིག༔ ཚེ་བདག་ཁྲོས་མ་


CMR009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆ་གཅིག༔ ཕུར་པ་སེང་གདོང་མ་གཉིས་ཆ་གཅིག༔ ཁྲོ་བོ་བཅུ་ཆ་གཅིག༔ ཧཱུྃ་སྒྲུབ་ཆ་གཅིག་དང་ཆ་བཅུའོ༔ དེ་ནས་རང་དྲག་པོའི་དབུ་གཙུག་ཏུ་ཁྱུང་༔ ཁྱུང་གི་སྤྱི་གཙུག་ཏུནོར་བུའི་སྟེང་དུ་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུའི་ཚེ་དཔག་མེད་རིགས་བདག་གི་ཚུལ་འདབ་མ་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཐམས་ཅད་གསེར་མདོག་མཚན་དཔེ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་པ༔ ཕྱག་གཡོན་ཐམས་ཅད་མཉམ་བཞག་ལ༔ གཡས་ཐམས་ཅད་བསྙེན་སྒྲུབ་དང་སྲུང་བའི་དུས་བདག་དང་བསྲུང་བྱ་སྐྱབས་པའི་ཚུལ་དུ་སྐྱབས་སྦྱིན་གྱི་ཕྱག་རྒྱ༔ ཟློག་པ་དང་དྲག་ལས་དུས་བདུད་འདུལ་བའི་ཕྱག་རྒྱ་སྟེ་ས་གནོན་མཛད་པར་བསྒོམ༔ ཡང་གཙོ་བོ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་ཧྲིདམར་པོ་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས༔ རང་གི་ཚེ་ཡར་བ་དང་གཞན་གྱི་བརྐུས་པ་འཕྲོག་པ་ཐམས་ཅད༔ ས་ཆུ་མེ་རླུང་འབྱུང་བའི་བཅུད་དང་ལྷ་ཀླུ་མིའི་ཚེ་བསོད་ནམས༔ རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་ཕྱག་གི་བུམ་པར་ཐིམ་པས༔ འཆི་


CMR009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་ནས༔ རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་ཐམས་ཅད་འཆི་མེད་བདུད་རྩིས་ངང་ལྟེམས་ཀྱིས་གང་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསྒོམ་ཞིང་༔ སྔགས་བཟླས་ཏེ༔ ཨོཾ་ནི་སྐུ་ལྔའི་ངོ་བོ་སྟེ་སངས་རྒྱས་སྟོང་གི་སྙིང་པོ༔ ཨ་མི་དྷེ་ཝ་ནི་འོད་དཔག་མེད༔ ཨཱ་ཡུ་སིདྡྷི་ཧཱུཾ་ནི་ཚེའི་དངོས་གྲུབ་སྩོལ༔ ཧཱུྃནི་ཐུགས་སྲོག་ས་བོན་ནོ༔ དེ་ནས་རང་དྲག་པོའི་ཐུགས་ཀར་གསེར་གྱི་མཆོད་རྟེན༔ དེའི་བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་མཐིང་ནག་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་པ༔ ཕྱག་གཡས་ན་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་འགྲེང་ཐབས་སུ་གནས་པའི་ལྟེ་བར༔ ཐབས་ཤེས་རབ་གཉིས་ཀྱི་ངོ་བོ་ཉི་ཟླའི་གའུ་ཁ་སྦྱོར་བའི་ནང་དུ་ཧཱུྃ་ཡིག་དམར་པོ་འགྲེང་ཐབས༔ དེའི་མཐར་ཨ་ཙིག་གི་ཡིག་ངོ་ཕྱིར་བསྟན་པ་མདུན་ནས་བརྩམ་སྟེ༔ གཡོན་དུ་བསྐོར་ནས་སྔགས་མཇུག་མདུན་ངོས་སུ་ཡོད་པར་བསྒོམ༔ ཆེ་ཆུང་གཙོ་བོ་རང་ལུས་འདི་ཙམ་


CMR009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་ཉི་ཟླའི་གའུ་སྲན་མ་ཙམ༔ སྔགས་སྤུས་བྲིས་པ་ཙམ་སྟེ༔ ལྷ་ཆེན་པོ་བསྒོམ་ཚེ་དེ་ལ་དཔག་པའི་ཧཱུཾ་ཡིག་ཆེན་པོ་བསྒོམ་མོ༔ དཔེར་ན་ལྷའི་སྐུ་སྟོང་གསུམ་ཁྱབ་པར་བསྒོམ་ན་ཧཱུྃ་ཡིག་རི་རབ་ཙམ་མོ༔ དེ་ནས་སྔགས་ཕྲེང་དེ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་པས་སྔགས་ལས་འོད་ཟེར་ཁ་དོག་ལྔ་བྱུང་བས་ཡི་གེ་འབྲུ་མི་འཁོར་འོད་ཟེར་འཁོར་བ་དང་༔ དེ་ནས་ཡིག་འབྲུ་གཡས་སུ་ཀྱི་ལི་ལི་འཁོར་ཏེ༔ དབུས་སུ་ཧཱུཾ་ཡིག་གཡོ་འགུལ་མེད་པ་གལ་ཆེ༔ དེ་འཁོར་ན་སྨྱོ་བ་དང་རིག་པ་མི་ནོན་ནོ༔ དེ་ནས་སྔགས་ཕྲེང་ཤིན་ཏུ་མགྱོགས་པར་འཁོར༔ དེ་ནས་འཁོར་བཞིན་པ་དེའི་འོད་ཟེར་ལས་སྔགས་ཕྲེང་བྱུང་ནས་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་བྷ་ག་ནས་རྡོ་རྗེའི་སྦུབས་སུ་ཞུགས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས༔ དེ་ལྟར་རྒྱུན་དུ་འཁོར་བར་བསྒོམ་པ་བདག་བསྐྱེད་རྐྱང་པའི་དུས་ཡིན༔ མདུན་བསྐྱེད་ཡོད་ན་རང་གི་ཞལ་ནས་སྔགས་ཕྲེང་མཆོད་པའི་ཚུལ་དུ་མདུན་བསྐྱེད་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་པས་གོ་ཆའི་ལྷ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ༔ གསང་གནས་ནས་སྔགས་ཕྲེང་ཚུར་བྱོན་རང་གི་གསང་གནས་ནས་


CMR009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས༔ ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ༔ དེ་ལྟར་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་འཁོར་བར་བསྒོམ་མོ༔ ༈ སྔགས་དོན་ནི་མི་འདྲ་བའི་བཤད་པ་མང་ན་ཡང་འདི་སཾ་སྐྲ་ཏའི་སྐད་རྐྱང་པ་མ་ཡིན་པས་སྒྲ་བཀླག་ཐབས་ཀྱི་ཐོབ་ཆ་ཅིར་མི་གཏུབ་སྟེ་འདིར་རྣམ་བཅད་མི་ཐོབ་པ་ཐམས་ཅད་ན་རྣམ་བཅད་ཡོད་པའི་ཕྱིར་རོ༔ ཨོཾ་ཨཱཿཧཱུྃ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས༔ ཨ་ཙིག་ནིརྩིག་ནི་འཁྲོས་པའམ་ཤིན་ཏུ་འཁྲོས་པའི༔ དྲག་པོ་དྲག་བྱེད་ལ་ཡང་འཇུག་གོ༔ བྷ་ག་ཝ་ཏེ་བྱས་ན་དེ་བཞིན་གཤེགས་པ་སྟེ་བྷ་ག་ཝ་ཏི་དེ་བཞིན་གཤེགས་མ་སྟེ༔ ཡུམ་གྱི་སྔགས་ཡིན་པར་བཤད་པ་གཉིས་གང་བྱས་ཀྱང་འགལ་བ་མེད་ཀྱང་༔ འདིར་བྷ་ག་ཝ་ཏེ་བྱས་ན་ལེག༔ ཧཱུྃ་གཅིག་ནི་ཐུགས་སྲོག་ཧཱུྃ་གཅིག་ནི་སྡུད་པ་ཕཊ་ཚར་གཅོད་པ༔ ཨ་དང་ཧཱུཾ་གཉིས་ནི་ཆོས་ཉིད་སྐྱེ་བ་མེད་པའི་ཐུགས༔ ཧཱུྃ་ཕཊ་སྡུད་ཅིང་ཚར་གཅོད་པ་སྟེ༔ གོང་འོག་གི་ཧཱུྃ་བཞི་སྐུ་བཞི་ཡིན་པར་གསུངས་པ་ཡང་ཡོད༔ འདིར་སྒྲ་ཐད་སོར་བསྒྱུར་བ་དང་ཐད་ལོག་ཏུ་བསྒྱུར་བ་དང་གཉིས་ལས་ཐད་ལོག་ཏུ་བསྒྱུར་ན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཁྲོས་པ་


CMR009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཁྲོས་པའི་ཐུགས་ཀྱིས་དབང་དུ་བསྡུས་ཚར་ཆོད༔ ཆོས་ཉིད་སྐྱེ་བ་མེད་པའི་ཐུགས་ཀྱི་དབང་དུ་བསྡུས་ལ་ཚར་ཆོད་ཅེས་པ་ཞིག་དོན་ལ་འོང་བའོ༔ སྔགས་འབྲུ་ཉི་ཤུ་འདི༔ ཨོཾ་ཨཱཿཧཱུྃ་གསུམ་གསར་མ་དང་འདྲ་ལ་རིང་ཆ་ཚེག་དྲག་ཡོད༔ ཨར་ཅིག་ཟེར་བ་དཔེ་ཕལ་ཆེར་ལ་བྱུང་ཡང་ར་ལྷག་པ་འདྲ་བས་པར་མ་ལ་ཨ་ཙིག་བྱུང་༔ ཝ་ཏི་བྱུང་ཡང་སྐབས་འདིར་འགྲེང་བུ་ལེགས༔ ཨ་ཧཱུྃ་ཧཱུྃ་ནི་སྐྱེ་མེད་ཀྱི་དོན་ལ་བསམས་ནས་རིང་ཆ་མེད༔ ལུགས་འགའ་རེ་ལ་ཨཱཿ གསུང་རང་བཞིན་ཁྲོ་བོ་ཟེར་བ་ཡོད་པས་དེ་ལྟར་བྱེད་ན་རིང་ཆ་ཐོབ་བོ༔ དེ་ནས་མེ་དབལ་སྡེ་བརྒྱད་ཤམ་བུ་ཅན་འདི་ལས་སྦྱོར་ཡིན་པས་མཇུག་ཏུ་འདོན་ནོ༔ ཁྱུང་ཡང་ལས་སྦྱོར་ཡིན་པས་རྗེས་ལ་བྱའོ༔ དེ་ནས་རང་དྲག་པོའི་དཔྲལ་བར་འཇམ་དཔལ་བསྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ཡིག་སེར་པོའི་མཐར་འཇམ་དཔལ་གྱི་སྔགས་འདི་གཡས་སུ་འཁོར་བ་ལས༔ འོད་ཟེར་དཀར་སེར་ཕྱོགས་བཅུར་འཕྲོས་པས་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད༔ དེ་ཐམས་ཅད་འཇམ་དཔལ་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་ཁ་བ་བུ་ཡུག་ལྟར་བྱོན་ནས་དཔྲལ་བའི་འཇམ་དཔལ་ལ་ཐིམ་པས་བདག་གི་ལུས་སངས་རྒྱས་ཐམས་


CMR009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་གྱུར༔ ལུས་ལ་བདེ་སྟོང་གི་ཡེ་ཤེས་འབར་བར་བསམ་ཞིང་༔ ཨོཾ་ཧྲིདྡྷིའི་ཝི་ཊིའི་སྔགས་བཟླས་སོ༔ རང་དྲག་པོའི་མགྲིན་པར་རྟ་མགྲིན་གྱི་ཐུགས་ཀར་པདྨ་དམར་པོའི་གདན་ལ་ཨཱདམར་པོའི་མཐར་རྟ་མགྲིན་གྱི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས་པས༔ གསུང་པདྨ་རིགས་ཐམས་ཅད་ལ་མཆོད་པ་ཕུལ་བས་དེ་ཐམས་ཅད་རྟ་མགྲིན་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ༔ ཆར་བཞིན་བབས་ནས༔ མགྲིན་པའི་རྟ་མགྲིན་ལ་ཐིམ་པས་བདག་གི་ངག་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན་དུ་གྱུར༔ ངག་ལ་ནུས་པ་འབར་ཏེ་བདེན་ཚིག་གི་དམོད་པ་འགྲུབ་པར་བསྒོམ་ཞིང་ཨོཾ་པདྨ་ཏ་ཀྲི་ཏ་སོགས༔ རྟ་མགྲིན་གྱི་སྔགས་བཟླས་སོ༔ རང་དྲག་པོའི་ཐུགས་ཀར་ཕྱག་རྡོར་གྱི་ཐུགས་ཀའི་སྟོད་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཆ་སྨད་དུ་ཉི་ཟླའི་གདན་ལ་ཧཱུཾ་མཐིང་ནག་གི་མཐར་ཕྱག་རྡོར་གྱི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས་པ་ལས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་ཕུལ་བས་དེ་ཐམས་ཅད་ཕྱག་རྡོར་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་ཚར་ལྟར་བབས་ནས༔ ཐུགས་ཀའི་ཕྱག་རྡོར་ལ་ཐིམ་པས༔ བདག་


CMR009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་གྱུར༔ སེམས་ལ་ཡེ་ཤེས་ཆེན་པོའི་རྟོགས་པ་འཆར་བར་བསྒོམས་ལ་ཕྱག་རྡོར་གྱི་སྔགས་འདོན༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རང་གི་ལྟེ་བར་མཁའ་འགྲོ་སྡེ་ལྔའི་གཙོ་མོའི་ཐུགས་ཀར་ཆོས་འབྱུང་གི་དབུས་སུ་ཧཱི༔ལྗང་སྔོན༔ ཟུར་དུ་དྷཱ་ཀི་བཞི་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ༔ རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི༔ པདྨ་མཁའ་འགྲོའི་ཐུགས་ཀར་ནི༔ ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས༔ དེ་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་ཐམས་ཅད་དང་༔ གནས་གསུམ་གྱི་དྷ་ཀི་ཐམས་ཅད་མཆོད་པས་མཉེས་པས༔ དེ་ཐམས་ཅད་མཁའ་འགྲོ་སྡེ་ལྔའི་སྐུ་ཁོ་ནར་གྱུར་པ་ཁ་བ་བུ་ཡུག་བཞིན་དུ་བྱོན་ནས༔ ལྟེ་བའི་མཁའ་འགྲོ་སྡེ་ལྔ་ལ་ཐིམ་པས༔ བདག་སངས་རྒྱས་ཐམས་ཅད་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་རྟེན་འབྲེལ་ཡོན་ཏན་དྲུག་ཅུ་རྩ་བཞིའི་ངོ་བོར་གྱུར༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྷེ་ལ་མཁའ་འགྲོ་སྡེ་ལྔའི་སྔགས་འདོན༔ དྷཱ་ཀི་ནཱི་ཧ་རི་ནི་ས་བཟླས་སོ༔ མཁས་པ་ལ་ལས་ཌཱ་ཀི་ཟེར་དགོས༔ དྷ་ཀི་མ་དག་པར་གསུངས་ཀྱང་༔ སཾ་སྐྲྀ་ཏའི་སྐད་ལ་དེ་ལྟར་ཡིན་ཀྱང་༔ རྙིང་མའི་སྐབས་


CMR009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྷཱ་ཀི་ཞེས་སྒྲ་འཐུག་པོར་བཟླས་ན་བྱིན་རླབས་ཆེ་བར་དྷ་ཀི་གསང་བའི་རྒྱུད་ལས་བཤད་དོ༔ འདི་ལ་ཨོཾ་མེད་དེ་མགོ་མེད་ཀྱི་སྔགས་ཞེས་བྱའོ༔ ཨོཾ་མེད་པའི་སྔགས་བཤད་དོ༔ དེ་ནས་དབུ་གཙུག་བྱ་ཁྱུང་ལ་ཉེ་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ༔ ཐུགས་ཀར་ཁྲོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་མ་དག་པ་ས་བདུན་དག་པ་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་མཐུ་སྟོབས་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཁྱུང་ལ་ཐིམ་མ་ཐག་ཏུ༔ བྱ་ཁྱུང་དཀར་སེར་དམར་ལྗང་ནམ་མཁའ་བར་སྣང་གང་བོར་འཕྲོས་ཏེ༔ གནོད་བྱེད་ཀླུ་གཉན་ས་བདག་ཐམས་ཅད་བསད་གཏུབ་ཟོས༔ གཤོག་པའི་གསེབ་ནས་བྱེ་ཚན་གྱི་ཆར་བབས་པས་གནོད་བྱེད་ས་བདག་ནག་པོའི་ཕྱོགས་ཀྱི་ཀླུ་ཐམས་ཅད་བསྲེགས་ཏེ༔ ཕྱིན་ཆད་གནོད་པ་མི་བྱེད་པའི་མནའ་བགགས༔ ཁྱད་པར་ལྟས་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་སྡེར་མོས་བྱེད་རེས་བརྡུང་གཤོག་པས་བརྡབ་ཅིང་རྒྱ་མཚོའི་ཕ་རོལ་དུ་བསླད་པར་བསྒོམ་ཞིང་ཁྱུང་གི་སྔགས་བཟླས་སོ༔ ག་རུ་ཊ་ཙ་ལེ་སོགས༔ ག་རུ་ཊ་ལེགས་སྦྱར་སྐད་དོ༔ གྷ་རུ་ན་ཟུར་


CMR009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་སྐད་ཡིན་མི་འགལ༔ ཀ་རུ་ཎ་ནི་མ་དག་གོ༔ ཨོཾ་མེད་བྱའོ༔ དེ་ནས་འཁོར་ལྷའི་བསྙེན་པ་ནི༔ དྲག་པོ་རིགས་བཞི་གཙོ་བོ་དང་དོན་གཅིག་པ་དང་༔ མཁའ་འགྲོ་སྡེ་བཞི་ནི་ལྟེ་བའི་ལྷ་དང་དོན་གཅིག༔ སྒོ་མ་བཞི་ཕྲིན་ལས་ཀྱི་བསྒྲལ་མཆོད་དང་ཚོགས་ཀྱི་བསྒྲལ་ལས་སྐབས་སུ་ཚང་བས་གཞན་དུ་མི་དགོས་ལ༔ ཤར་ལྷོའི་གཤིན་རྗེ་ཚེ་བདག་སོགས་ལྷ་བཞིའི་ཐུགས་ཀར་ཧཱུྃ་མཐིང་ནག་ལ་རང་སྔགས་ཀྱིས་འཁོར་བར་བསྒོམས་ལ༔ བདག་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ འཁོར་བཞི་ལ་སོ་སོར་ཕོག་སྟེ༔ དང་པོའི་ཚེ་བདག་ལས་རང་འདྲ་བའི་ཁྲོ་བོ་གྲངས་མེད་པ་འཕྲོས༔ གནོད་བྱེད་ཕོ་གདོན་ཟ་འདྲེ་ཤི་གཤེད་ཤི་སྲི་ཆེ་སྲི་ཆུང་སྲི་ཐམས་ཅད༔ ཕྱག་གཡོན་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་སྐེ་ནས་བཅིང་༔ ཕྱག་གཡས་འཁོར་ལོ་བསྐོར་ཞིང་བརྒྱབས་པས་ལུས་ངག་ཡིད་གསུམ་དུམ་བུར་གཏུབས་ཤ་ཁྲག་ཐམས་ཅད་ལྷག་མེད་དུ་ཟོས་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ་ས༔ དེ་ཐམས་ཅད་ཚུར་འདུས་ཤར་ལྷོའི་ཚེ་བདག་ལ་ཐིམ་པར་བསྒོམ་ཞིང་སྔགས་བཟླས་སོ༔ དེ་ཡང་འཁོར་བཞིའི་སྔགས་ལ་ཨོཾ་མེད་དེ༔ ཧཱུྃ་ཕཊ་ཐུན་མོང་ཡིན་པས་ཚར་གཅིག་


CMR009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཆོད་བྱེད་དུས་གཅིག་གིས་ཆོག་གཞུང་ལྟར༔ སོ་སོར་བསྙེན་དུས་སོ་སོར་སྦྱར་དགོས་ཏེ༔ ཡ་མ་ར་ཙ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ དེ་ནས་འོད་ཟེར་གྱིས་བསྐུལ་ཏེ༔ ལྷོ་ནུབ་ཁྲོས་མ་ལས་ཁྲོས་མ་གྲངས་མེད་པ་འཕྲོས༔ ཕག་སྐད་ངུར་ཞིང་ལྟས་ངན་པ་དང་༔ མོ་གདོན་བསེན་མོ་དུར་སྲི་དུར་འདྲེ་ལ་སོགས་གནོད་བྱེད་ཐམས་ཅད་གྲི་གུག་གིས་གཏུབ་ཅིང་ཐོད་ཁྲག་གིས་ཞལ་དུ་བསྟབས་ནས་རྣམ་ཤེས་མཁའ་སྤྱོད་གནས་སུ་སྤར༔ ཐམས་ཅད་ཚུར་འདུས་འོད་ཟེར་ལྷོ་ནུབ་ཁྲོས་མ་ལ་ཐིམ་པར་བསྒོམ་ཞིང་བཛྲ་ཝཱ་རཱ་ཧི་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ ནུབ་བྱང་རྡོ་རྗེ་གཞོན་ནུ་ལོས་རང་འདྲ་བ་གྲངས་མེད་པ་འཕྲོས༔ གཤོག་པས་བྱ་ལྟར་འཕུར་ནས་ཕྱག་གིས་ཕུར་པ་འདྲིལ་ཞིང་གནོད་བྱེད་དམ་སྲི་བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་སྤྱི་བོ་ནས་ཕུར་པ་བཏབ་སྟེ༔ ལུས་ངག་ཡིད་གསུམ་གྱི་ནུས་པ་བཅོམ་ནས་ཁྲོ་བོ་ཐམས་ཅད་ཚུར་འདུས་ནུབ་བྱང་བཛྲ་ཀཱི་ལ་ཡ་ལ་ཐིམ་པར་བསྒོམ་ཞིང་༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ བྱང་ཤར་སེང་གདོང་མ་ལས་སེང་གདོང་མ་བྱེ་བ་དུང་ཕྱུར་དམག་དཔུང་གི་རྣམ་པ་ཧཱུྃ་ཕཊཀྱི་སྒྲ་འབྲུག་ལྟར་སྒྲོག་པ་འཕྲོས་ཏེ༔ གནོད་བྱེད་བྱད་ཁ་ཕུར་


CMR009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསམ་ངན་སྦྱོར་རྩུབ་རྦོད་གཏོང་རྦད་འདྲེ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་ཕྱི་རོལ་ནམ་མཁའི་ཕར་མཐར་རང་དབང་མེད་པར་དེད་པར་བསྒོམ་ཞིང་སླར་ཐམས་ཅད་སྤྲུལ་གཞི་སེང་གདོང་མ་ལ་ཐིམ་པར་བསམ་སྟེ༔ བཛྲ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ དེ་ནས་རང་དྲག་པོའི་ཐུགས་ཀའི་འོད་ཟེར་འཁོར་ཁྲོ་བོ་བཅུ་ལ་ཕོག༔ ཁྲོ་བོ་བཅུའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་རེ་རེ་ཡོད་པ་ལ་བསྙེན་སྒྲུབ་དུས་ཧཱུྃ་རིང་དབྱངས་སུ་སྒྲོགས་པས་བྱིན་རླབས་ཡེ་ཤེས་འབེབས་པར་བསྒོམ༔ སྲུང་བའི་དུས་ཁྲོ་བོ་བཅུ་ཞལ་ནང་དུ་གཟིགས་ནས༔ ཧཱུྃ་དལ་ལ་འཇམ་པར་གསུང་ཞིང་ཕྱོགས་བཅུ་ནས་སྲུང་བའི་ལས་བྱེད། ཟློག་པའི་དུས་ཞལ་ཕྱིར་གཟིགས་ནས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས་པས་ཕྱོགས་བཅུ་ནས་གདོན་བཟློག་པའི་ལས་མཛད༔ བསད་པ་དང་དྲག་ལས་དུས་ཁྲོ་བོ་བཅུ་རབ་ཏུ་འཁྲོས་པས་ཧཱུྃ་སྒྲ་གནམ་ལྕགས་ཀྱི་ཐོག་སྒྲ་ལྟར་སྒྲོགས་པས་ཕྱོགས་བཅུའི་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསྒོམས་ལ༔ ཧཱུྃ་བཅུ་སྦྲེལ་ཞིང་བཟླས་སོ༔ བཟླ་ལུགས་ཧཱུཾ་ཧཱུཾ་ཞེས་གཉིས་སྦྲེལ་དུ་ལྔ་རེ་ཚར་གཅིག་སྟེ༔ ཕྲེང་རྡོག་གཅིག་བཅད་དོ༔ དེ་ནས་རང་དྲག་པོའི་གསང་གནས་ཡཀྵ་མེ་དབལ་གྱི་


CMR009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུྃ་དམར་ནག་གི་མཐར་བཛྲ་ཧཱུྃ༔ ཡཀྵ་ཧཱུྃགིས་བསྐོར་བ་རང་དྲག་པོའི་ཕྱག་གཡོན་ལྕགས་སྡིག་གི་སྙིང་ཁར་ཧཱུྃ་ནག་པོའི་མཐར་རཀྵ་ཧཱུྃ་གིས་བསྐོར་བར་བསྒོམས་ལ༔ མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་ལྗང་ནག་དམར་མདངས་ཅན་འཕྲོས༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད་དེ་ཐམས་ཅད་མེ་དབལ་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་གསང་གནས་མེ་དབལ་ལ་ཐིམ་པས་བདག་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་དུ་གྱུར་པར་བསྒོམས་ལ༔ ཨ་ཙིག་ལ་སྔགས་དེ་གསུམ་བཏགས་ལ་ཅུང་ཟད་བཟླས་དམིགས་པ་ཟིན་ན༔ བདག་ཉིད་ཀྱི་སྐུ་ལས་མེ་དཔུང་གི་ཚོགས་འཕྲོས་པ༔ མེ་དབལ་ལས་རང་འདྲ་བའི་ཁྲོ་བོ་གྲངས་མེད་པ་ཕྱག་གི་ལྕགས་སྡིག་ལས་གྲངས་མེད་པ་འཇིག་རྟེན་ཁྱབ་པར་འཕྲོས་པས༔ བདག་དང་བསྲུང་བྱའི་མི་ནོར་ལ་གནོད་ཅིང་འཚེ་བའི་རྒྱལ་བསེན་དམ་སྲི་བདུད་དང་ལོག་འདྲེན་ཐམས་ཅད༔ ཡཀཱ་མེ་དབལ་གྱི་ཕྱག་གཡས་གནམ་ལྕགས་རྡོ་རྗེ་དང་། གཡོན་ཐོ་བས་བརྡུང་བས་ཇར་ཇར་ཀླད་ཁྲག་བཅོམ་ནས༔ ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་ཟོས༔ ལྷག་མ་མེ་དཔུང་གིས་ཐུལ་ཐུལ་བསྲེགས་ནས་རྗེས་མེད་དུ་སོང་བར་


CMR009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ༔ ཨ་ཙིག་མཇུག་ཏུ་བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀཱ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྡེ་བརྒྱད་སྤྱི་ལ་དེ་ལྟར་ཡིན་ལ༔ དེ་ཡང་ཞིབ་པར་ན་ཨ་ཙིག་ནི་གུ་དྲག་བཛྲ་ཧཱུྃ་སོགས་གཉིས་པོ་ལས་མཁན་གནོད་སྦྱིན་མེ་དབལ༔ རཀཱ་ཧཱུཾ་ནི་རྣོན་པོ་སྤྲུལ་པའི་ལྕགས་སྡིག༔ མཱ་ར་ཡ་ཧཱུྃ་ཕཊ༔ སོད་ཅིག་ཚར་ཆོད་ཅིག་བཅས་པ་སྟེ༔ སྡེ་བརྒྱད་སྤྱིའི་གནོད་པའམ་གང་ཡིན་མ་ཤེས་ན་ཡི་གེ་བརྒྱད་ཁ་སྟེམ་ཤེས་ན༔ ལྷ་གདོན་གནོད་ན་རཀཱ་ཧཱུྃ་ཨ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ལྟ་བུ་སྟེ་ལྷ་ཐམས་ཅད་ཀྱི་སྲོག་སྙིང་ཨ། གཤིན་རྗེ་ཡ། མ་མོ་མ། བདུད་དུ། བཙན་རུ། རྒྱལ་པོ་ཙ། གནོད་སྦྱིན་ཤ། ཀླུ་ནའོ། རང་རང་གིས་སྙིང་ཁར་དེའི་དམིགས་པ་དང་སྔགས་དེ་ནི་སྡེ་བརྒྱད་གཅུན་པའི་ལས་སྦྱོར་ཡིན་ལ༔ ཡང་སྡེ་བརྒྱད་རང་ལ་ཕྲིན་ལས་བཅོལ་སྐབས་སུ་ནི་ཁྲོ་བོ་དང་སྡིག་པ་དང་མེའི་ཕོ་ཉ་མི་སྤྲོ་བར༔ གསང་གནས་མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་ལྕགས་ཀྱུའི་དབྱིབས་ཅན་འཇིག་རྟེན་ཁྱབ་པར་འཕྲོས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་སྦྱར་མ་རླུང་གིས་བསྡུས་པ་བཞིན་དུ་བཀུག་ནས༔ དཀྱིལ་འཁོར་ཕྱིའི་བར་ཁྱམས་སུ་རང་རང་གི་


CMR009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཡིག་དང་བཅས་པ༔ འདར་ཡད་ཡད་དཔའ་བོ་ཆེན་པོ་བདག་གིས་ལས་ཅི་བསྒྲུབ་བཀའ་སྩོལ་ཅིག་ཅེས་པའི་སྒྲ་དང་བཅས་ཏེ༔ འཁོད་པ་ལ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་འདོད་ཀྱི་བཀའ་བསྒྲུབ་པའི་ཚུལ་དུ༔ ཡང་སྡེ་བརྒྱད་སྤྱིར་ཆ་ལུགས་ལ་ངེས་པ་མེད་རུང་༔ གཙོ་བོ་ནི་ལྷ་མི་དཀར་རྟ་དཀར་དར་དཀར་གྱི་བེར་ཆེན་ཅན་ཤེལ་གྱི་རལ་གྲི་དང་མདུང་དར་ཅན་ལྷ་གཡག་དཀར་པོ་ཞོན་པ་འདི་ཡར་ལྷ་ཤམ་པོ་དང་གཅིག་གོ༔ འཁོར་ལྷ་རིགས་ཐམས་ཅད་ཆ་ལུགས་དཀར་པོ་ཅན་འབུམ་ཕྲག་ཅན་ནོ༔ གཤིན་རྗེ་མཐིང་ནག་སྟག་ལྤགས་གྱོན་པ༔ བེ་ཅོན་ཐོད་ཁྲག་མ་ཧེ་ཞོན་པ་ཡ་མ་རཱ་ཙ༔ འཁོར་འཇིགས་ཚུལ་ཅན་འབུམ་ཕྲག་ཅན་ནོ༔ མ་མོ་སྲིད་པའི་རྒྱལ་མོ་དཀར་མོ་དར་དཀར་གྱོན་པ༔ མདའ་དར་མེ་ལོང་བསྣམས་ནས་འབྲུག་ལ་ཆིབས་པ༔ འཁོར་བུད་མེད་འབུམ་སྟེ་འདི་ཨེ་ཀ་ཙ་ཏི་དང་གཅིག་གོ༔ བདུད་པོ་རྐང་རྗེ་དྲང་དཀར་མི་ནག་རྟ་ནག་ཁྲམ་ཤིང་ཞགས་པ་ཅན་འཁོར་ནག་པོ་འབུམ༔ བཙན་སྲོག་ཟན་དམར་པོ་མི་དམར་རྟ་དམར་མདའ་གཞུ་ཐོགས་པ་དམར་པོ་འབུམ༔ རྒྱལ་པོ་པེ་ཧར་སག་ཞུ་ཆོས་གོས་ཅན་འཁར་གསིལ་ལྷུང་བཟེད་ཐོགས་ནས་སེངྒེ་ཆིབས་པ་


CMR009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སེར་གཟུགས་ཅན་འབུམ༔ གནོད་སྦྱིན་ཀ་ལ་ཡཀཱ་ནག་པོ་སྟག་ལྤགས་གྱོན་པ་རལ་གྲི་ནོར་བུ་ཐོགས་ནས་སྟག་ལ་ཆིབས་པ་འཁོར་ཚོང་དཔོན་ཆ་ལུགས་འབུམ་སྟེ་འདི་གང་བ་བཟང་པོ་དང་གཅིག་གོ༔ ཀླུ་འཆི་བདག་མགོ་དགུ་སྦྲུལ་མགོ་སྦྲུལ་མཇུག་ཅན་དུད་ཁ་ཀླུ་གཟུགས་འབུམ་སྟེ་འདི་སྨྱོ་ཁ་དང་མཁར་ནག་རྣམས་ངོ་བོ་གཅིག་གོ༔ དེ་ལྟར་དེ་རྣམས་ལས་མཁན་དུ་དམིགས་ལ༔ འདིར་དམིགས་པ་དང་སྔགས་བཟླས་ལ་དོ་དགོང་ཚད་མདོའི་གཏོར་མ་བཟང་པོ་བསྔོས་པས་ཕྲིན་ལས་ཐམས་ཅད་ཁོང་རྣམས་ཀྱིས་བསྒྲུབ་པར་འགྱུར་རོ༔ སྔགས་ནི་ཨ་ཚིག་མེ་དབལ་སྡེ་བརྒྱད་སྔགས་དང་བཅས་པའི་མཐར༔ ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སམ༔ ཡམས་ནད་རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དུས་མ་ཡིན་འཆི་བ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ཁ་བྲ་མཆུ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ མེའི་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་གང་ཞི་འདོད་པ་ལ་བསྒྱུར་ཁ་བྱ༔ བདག་གཙོ་བོའི་ཐུགས་ཀ་ནས་


CMR009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་འཕྲོས་པས༔ འཁོར་སྡེ་བརྒྱད་ཐམས་ཅད་ལ་ཕོག༔ དེ་རྣམས་ལས་ཀྱང་འོད་ཟེར་དཀར་པོ་འཕྲོས་པས་གནོད་པ་གང་ཡིན་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསྒོམ་མམ་སྔགས་བཟླས་སོ༔ རྒྱས་པའི་ལས་བསྒྲུབ་ན་སྔགས་མཐར་ཚེ་དང་བསོད་ནམས་ཐམས་ཅད་སརྦ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སམ༔ ཨཱ་ཡུ་པུཎྱེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སམ༔ ནོར་རྒྱས་པ་ལ་བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ལ་ན་ན་ཁ་དྷེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་རྒྱས་པ་ལ་ཨཱ་ཡུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་པུརྱ་པུཊྛི་ཀུ་རུ་ཡེ་སྭཱ་ཧཱ༔ སོགས་གང་འདོད་སྦྱར༔ རྒྱ་སྐད་མི་ཤེས་ན་ཉམས་དང་རྟོགས་པ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཟེར་བ་ལྟ་བུ་བོད་སྐད་དུ་སྤེལ་ཆོག༔ རང་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་འཁོར་ལྷ་ཐམས་ཅད་དང་སྡེ་བརྒྱད་ལ་ཕོག༔ དེ་རྣམས་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་སེར་པོ་འཕྲོས་པས་བདེ་ལེགས་གང་ཡིན་པ་ཐམས་ཅད་ཟླ་བ་ཡར་ངོ་ལྟར་འཕེལ་རྒྱས་སུ་གྱུར་པར་བསྒོམ་མོ༔ དབང་ལ་སྣང་སྲིད་འཁོར་འདས་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ལྟ་བུ་སྦྱར་རོ༔ དྲག་པོ་ལ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྦྱར་ཏེ་དབང་ལ་


CMR009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་པོའི་འཕྲོ་འདུ་བྱའོ༔ དྲག་པོ་ནི་གོང་དུ་བསྟན་པ་དེ་ཉིད་དོ༔ དེ་ནས་བསྙེན་པ་མང་ཉུང་ཅི་ཙམ་བྱེད་པ་ཐོན་ནས༔ ཐུན་མཚམས་དེར་ཧཱུྃ་སྒྲུབ་བྱ་བ་ནི༔ སྐབས་སུ་དྲག་པོའི་ཧཱུྃ་བསྒྲུབ་བྱ་ཅེས་གསུངས་པ་གུ་རུ་ཞི་དྲག་གང་བསྒྲུབ་ཀྱང་གེགས་སེལ་དང་ངར་འདོན་ཧཱུཾ་སྒྲུབ་ཡིན༔ ཧཱུྃ་སྒྲུབ་རྒྱས་པ་ལོགས་སུ་ཡོད་ཀྱང་༔ འདི་ལ་ལས་བྱང་གི་ཧཱུཾ་སྒྲུབ་ནི༔ ཆབ་བསིལ་ལ་སོགས་ལངས་འདུག་སྤྱོད་ལམ་སྐབས་སུ་ལུས་ཅུང་ཟད་འཆམ་སྟབས་ལྟ་བུར་འགྲོ༔ ངག་ནས་ཧཱུྃ་གླུ་ཆུང་ལྟར་གྲེ་ཁུང་ནས་འདོན་ཅིང་༔ དམིགས་པ་རང་གི་སྤྱི་བོའི་ཨོ་རྒྱན་མཐིང་ནག་དེའི་ཕྱག་གཡས་གྲུ་མོ་ནས་ཐོད་པའི་རྔ་ཆུང་གཅིག་བཀལ་བ་དེ་ལ་ཧཱུྃ་གི་སྒྲ་རང་གྲག་ཏུ་བྱུང་བས་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཧཱུཾ་སྒྲ་སྒྲོག་ཅིང་གར་སྟབས་སུ་འགྱུར་བས༔ སྟོང་གསུམ་ཐམས་ཅད་ཧཱུྃ་སྒྲ་འབྲུག་སྟོང་གྲག་པ་ཙམ་དུ་དི་རི་རི་བསྒྲོགས་པས་འཇིག་རྟེན་ཐམས་ཅད་ས་རྣམ་པ་དྲུག་ཏུ་གཡོས༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བདག་ལ་གཟིགས་ཤིང་དགྱེས་པའི་མདངས་བསྟན༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་ལྟར་འདུས༔ གདོན་བགེགས་འབྱུང་པོ་ཐམས་ཅད་བྲོས༔ སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་


CMR009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་ཅིང་བསྔངས་ནས་སྲོག་སྙིང་ཕུལ་བར་བསྒོམས་ལ༔ ཧཱུྃ་རེ་ལ་ཕྲེང་རྡོག་རེ་གཅོད་ཆོག༔ དེ་ཡན་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཉམས་སུ་ལེན་པའི་དམིགས་རིམ་སྟེ༔ སྔགས་པ་གསར་བུས་དེ་ལྟར་བསྒོམ་ཞིང་སྔགས་བཟླ་བ་གལ་ཆེ༔ ༈ དེ་ནས་ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་ལེན་པ་ནི༔ རང་གི་ལུས་འདི་ནི་ཡེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྟེ༔ ལག་པ་བརྐྱངས་པས་འདོམ་གང་གྲུ་བཞི༔ ཁ་སྣ་གསང་བཤང་བཞི་སྒོ་བཞི༔ ཕུང་པོ་ལྔ་དྲག་པོ་རིགས་ལྔ༔ ཁམས་ལྔ་མཁའ་འགྲོ་སྡེ་ལྔ༔ རྩ་ཐམས་ཅད་ཡུམ༔ རླུང་ཐམས་ཅད་ཡབ༔ དཀར་ཆའི་བྱང་སེམས་དཔའ་བོ་ཡབ༔ དམར་ཆའི་རཀྟ་དཔའ་མོ་ཡུམ་དུ་ངོ་ཤེས་པར་བྱས་ལ༔ གོང་དུ་ལས་བྱང་གི་བསྐྱེད་རིམ་བསྒོམ་སྐབས་སུ༔ བདག་དྲག་པོའི་སྐུ་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ༔ ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བསྒོམ་པའི་ནང་དུ༔ རྩ་ཨ་ཝ་དྷུ་ཏི་མཐིང་གསལ༔ མར་སྣེ་གསང་གནས༔ ཡར་སྣེ་སྤྱི་གཙུག་ཏུ་ཟུག་པ༔ ཡར་སྣེ་ཧོམ་ཡིག་དཀར་པོ་མགོ་ཐུར་བསྟན་གྱིས་བསྒག་པ༔ མར་སྣེ་ལྟེ་འོག་ཏུ༔ ཨ་ཡིག་ལྕགས་སྲེག་ལྟ་བུ་མེ་འབར་ལ་ཁད་པ༔ གཡས་སུ་རོ་མ་དམར་པོ༔


CMR009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྐྱང་མ་དཀར་པོ་གཉིས་ཡར་སྣེ་སྣ་བུག་གཉིས་དང་༔ མར་སྣེ་ལྟེ་འོག་ཨ་ཐུང་ལ་ཐུག་ལ་ཁད་བྱས་པ་ཁ་གཏད་ནས་དབུ་མ་དང་གཅིག་ཏུ་གྱུར་པ༔ དེ་གསུམ་གཙོ་མོ་གསུམ་སྟེ་སྐུ་གསུམ་མཚོན༔ དེ་ནས་སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་དཀར་པོ་ཁ་ཐུར་བསྟན་གདུགས་ཀྱི་རྩིབས་མ་ལྟ་བུའི་ལྟེ་བར་སྐུའི་ལྷ་འཇམ་དཔལ་གཞུང་ལྟར་བསྐྱེད༔ འདབ་སོ་གཉིས་ལ་འཇམ་དཔལ་ཆུང་ངུ་སོ་གཉིས་དང་འཁོར་རྣམས་ལ་ཟླ་གདན་རྐྱང་པ་རེའོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ཁ་གྱེན་བསྟན་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་སུ་རྟ་མགྲིན་དང་༔ རྩ་འདབ་རེ་ལ་རྟ་མགྲིན་རེ༔ ཐུགས་ཀར་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཅུང་ཟད་ཐུར་དུ་ལྟ་བའི་ལྟེ་བའི་རྩ་མདུད་དབུ་མའི་ནང་ཕྱག་རྡོར་ཕྱི་ལ་མཆོད་རྟེན་ནོར་བུ་འདབ་མ་བརྒྱད་ལ་ཕྱག་རྡོར་བརྒྱད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་མཁའ་འགྲོ་སྡེ་ལྔ་རྩ་འདབ་རེ་བཞི་ལ་ཆ་ཀི་རེ་བཞི་སྟེ༔ ཤར་གྱི་རྩ་འདབ་བཅུ་དྲུག་ལ་དཀར་མོ་བཅུ་དྲུག༔ ལྷོར་སེར་མོ་བཅུ་དྲུག༔ ནུབ་ཏུ་དམར་མོ་བཅུ་དྲུག༔ བྱང་དུ་ལྗང་མོ་བཅུ་དྲུག༔ གསང་གནས་ལྟེ་བར་མེ་དབལ་ནས་རྩ་འདབ་ཉེར་བརྒྱད་ལ་མེ་དབལ་ཉེར་


CMR009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསྒོམ༔ དེ་ནས་སྤྱན་འདྲེན་མཆོད་བསྟོད་སྔགས་ཀྱི་བཟླ་ལུགས་དམིགས་པ་ཐམས་ཅད་གོང་དང་འདྲ་ལ༔ ཁྱད་པར་སྔགས་ཕྲེང་བདག་མདུན་ཡབ་ཡུམ་ཞལ་ནས་ཞལ་དུ་འཁོར་དུས་གོ་ཆའི་ལྷ་ཐམས་ཅད་ཀྱི་སྐུའི་དབྱིབས་རིམ་པར་བརྒྱུད་དེ༔ གོ་ཆའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ལྷ་སོ་སོའི་སྔགས་ཕྲེང་ཡང་དུས་གཅིག་ལ་སོ་སོར་ཀྱི་ལི་ལི་འཁོར་བར་བསྒོམ་པར་བྱའོ༔ དེ་ནས་མཐེ་བོང་གིས་སྲིན་ལག་རྩ་བ་མནན་ནས་ཁུ་ཚུར་བཅངས་ནས་བགེགས་འཇུག་པའི་རྩ་བསྒག༔ སྡིགས་མཛུབ་ཀྱིས་སྣ་བུག་རེས་མོས་བསྒག་ལ༔ རླུང་རོ་སྣ་གཡས་ནས་ལན་གསུམ༔ གཡོན་ནས་ལན་གསུམ༔ གཉིས་ཀ་ནས་གསུམ་བུད་ལུས་སྟོང་སང་ངེ་བར་བསམས་ལ༔ རླུང་སྣ་རྩེའི་ཐད་སོར་བཅུ་གཉིས་ཙམ་ནས་འོད་ཁ་དོག་སྣ་ལྔའི་གཟུགས་སུ་བྱུང་བར་བསྒོམ་ལ་རླུང་དལ་བུས་རྡུབ་ལ་མཆིལ་མ་ཞིག་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་སྒྱུར། རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་སྔོ་སིབ་སིབ་སོང་བར་བསྒོམས་ལ༔ སྟེང་རླུང་འོག་རླུང་གཉིས་བསྡམ་ལ་ཅི་ཐུབ་མནན༔ མ་ཐུབ་ན་ད་རུང་རྔུབ་ཆུང་ཞིག་བྱས་ལ་མནན༔ དེ་ནས་ཐུབ་དཀའ་ན་སྣ་ནས་སང་གིས་བུས་སོ༔ དེ་ནས་ཡང་རླུང་བཟུང་བས་ལྟེ་


CMR009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཨཱཿདང་སྙིང་དབུས་ཧཱུྃ་དམར་པོ་ལས་མེ་འབར་ལུས་ཐམས་ཅད་གང་༔ མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ནས་ཡེ་ཤེས་ཀྱི་ལུས་སུ་གྱུར༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་བུན་ནེ་བསྲེག༔ ལུས་ཀྱི་ནང་ཐམས་ཅད་ལྕགས་བསྲེགས་ལྟར་དམར་ལྷང་ངེ་མེ་ལྕེ་བ་སྤུའི་བུ་ག་ནས་དམར་སི་རི་རི་བསྒོམ༔ འདིར་གུ་རུ་དྲག་པོའི་བླ་མ་མེ་སྦྱོར་ཡང་ཟེར་རོ༔ རང་ཉིད་ལུས་ལ་ནད་གདོན་ཡོད་ན་འདོན་ཐབས་ཟབ་མོ་ཡང་ཡིན་ནོ༔ དེ་ནས་ལུས་མེས་གང་བས་སྤྱི་བོའི་ཧཾ་ཡིག་ཞུ་བ་དང་བྱང་སེམས་དཀར་པོའི་རྒྱུན་བབ༔ སྤྱི་པོའི་རྩ་འདབ་ཐམས་ཅད་གང་འཇམ་དབྱངས་སོ་གསུམ་པོའི་སྐུ་ལུས་གང་བས་བདེ་བས་ཐུགས་དགྱེས༔ བདག་གི་ད་ལ་དགའ་བའི་ཡེ་ཤེས་སྐྱེས༔ དེ་བཞིན་དུ་མགྲིན་པའི་རྟ་མགྲིན་བཅུ་བདུན་གང་བས་མཆོག་གི་དགའ་བ་སྐྱེས༔ སྙིང་ཁ་དང་གསང་བདག་དགུ་ཡེ་ཤེས་སེམས་དཔའ་དང་བཅས་པ་གང་༔ ཁྱད་པར་གྱི་དགའ་བ་སྐྱེས༔ ལྟེ་བའི་རྩ་དང་མཁའ་འགྲོ་དྲུག་ཅུ་སོགས་གང་༔ གསང་གནས་ཀྱི་རྩ་འདབ་དང་མེ་དབལ་ཉི་ཤུ་རྩ་དགུ་གང་༔ ལུས་རྐང་མཐིལ་ཡན་ཆད་གང་ནས་ལྷན་ཅིག་སྐྱེས་དགའ་རྒྱུད་ལ་སྐྱེས༔ རྡོ་རྗེའི་རྩེར་ཧཱུྃ་དམར་པོས་


CMR009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་བྱང་སེམས་འཛག་པ་བཅིངས་ནས༔ དྭངས་མ་གྱེན་དུ་ལོག་པས་མས་བསྟན་གྱི་དགའ་བ་བཅུ་དྲུག་མྱོང་སྟེ༔ དྭངས་མ་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམ༔ ཐིག་ལེའི་རྣལ་འབྱོར་འདིའི་དམ་ཚིག་ཐིག་ལེ་མ་ཉམས་པར་བསྲུང་དགོས་ཏེ༔ གལ་ཏེ་མི་ཐུབ་ན་ཐིག་ལེའི་དམིགས་པ་སྒྱུར་བར་བྱ་བསྒོམས་ཀྱང་འབྲས་བུ་མི་འབྱུང་ངོ་༔ དེ་ནས་ལུས་ལ་བདེ་བ་སྐྱེས་པ་དེའི་ངོ་བོར་བལྟས་པས་སྟོང་པར་འདུག༔ སྟོང་པའི་ངང་ལས་བདེ་བ་འཆར་བ་བདེ་སྟོང་ཟུང་འཇུག་གི་ཉམས་སྐྱོང་ཞིང་༔ རླུང་བཟུང་བ་གཙོ་ཆེར་བྱ་སྟེ་སྔགས་ཡིད་བཟླས་བྱ་ཞིང་༔ གོ་ཆའི་ལྷ་རྣམས་ལས་འོད་ཟེར་སྤྲོ་བསྡུ་གོང་དང་འདྲ་སྟེ༔ རླུང་ཕར་བཏང་དུས་འོད་ཟེར་སྤྲོ༔ ཚུར་རྔུབ་དུས་སོ་སོའི་སྐུར་ཚུར་བསྡུས་ཏེ༔ ལྷ་སོ་སོ་ལ་བསྟིམ་པར་བྱའོ༔ ༈ དེ་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་ཉམས་སུ་བླང་ལུགས་ལ་གཉིས་ཏེ༔ བསྐྱེད་རྫོགས་ཟུང་འཇུག་དང་༔ ཨ་ཏིའི་བློ་འདས་གཉིས་སོ༔ དང་པོ་ནི་རྩ་ཐིག་དང་རྩ་འདབ་གཉིས་ཀྱི་ལྷ་སྒོམ་མི་བསྒོམ་གང་བྱེད་ཀྱང་རུང་སྟེ༔ ལས་བྱང་གཏོང་༔ སྒོམ་བཟླས་པ་ཅུང་ཟད་བྱས་ལ༔ སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཟུང་འཇུག་ཁོ་ནར་ཡེ་


CMR009_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་ལ༔ ཁྱད་པར་ལྷ་སྒོམ་མཁན་ནི་སེམས་ཡིན༔ སེམས་སྟོང་པ་ཡིན་པས་དང་པོ་ནས་ཟུང་འཇུག་ཏུ་ཡོད༔ བསྐྱེད་རིམ་གསལ་བའི་ཚེ་རང་ན་ཡང་ངོ་བོ་སྟོང་པར་ཡོད༔ ངོ་བོ་སྟོང་པ་དེ་ཉིད་རྣམ་པ་སྣ་ཚོགས་སུ་གསལ་བར་འཆར་ཏེ༔ དཔེར་ན་འཇའ་ཚོན་བཀྲ་བའི་དུས་ཉིད་ནའང་༔ ངོ་བོ་བར་སྣང་སྟོང་པ་ཉིད་ལས་ལོགས་སུ་མ་གྲུབ༔ བར་སྣང་སྟོང་པ་སྟོང་བཞིན་པའི་ངང་ནས་འཇའ་ཁ་དོག་སྣ་ཚོགས་འཆར་རུང་བ་ལྟར༔ ཟུང་འཇུག་གི་གོ་བ་བླངས༔ དེ་ལྟར་གོ་བ་ཁོ་ནས་ཀྱང་མི་ཆོག་པས༔ བསྐྱེད་རིམ་སྒོམ་མཁན་གྱི་སེམས་ལ་ཧྲིག་གེ་བལྟས་པས༔ ངོ་བོ་ངོས་ཟུང་མེད་པར་སྟོང་གསལ་དུ་འཆར༔ སྟོང་པའི་གཤིས་ཀྱིས་ཉམས་དེ་མ་ཤོར་བའི་ངང་ནས་ལྷའི་སྐུར་གསལ་ཐེབས་ན་ཟུང་འཇུག་ཡིན་ཏེ༔ བསྐྱེད་རྫོགས་ཟུང་འཇུག་ཅི་ལྟ་བ་ནི་ཐ་ནའང་སྤྲོས་བྲལ་ཆུང་ངུ་ཙམ་མ་གཏོགས་པར་མི་འབྱུང་ངོ་༔ དེ་དུས་ཇི་ལྟར་འཆར་ཞེ་ན༔ བསྐྱེད་རིམ་ཁོ་ནར་མ་ལྟོས་སོ༔ ས་རྡོ་རི་བྲག་སྣོད་བཅུད་འདི་ཐམས་ཅད་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟར༔ རྣམ་པ་བཀྲ་ལམ་མེར་གསལ་ཡང་ངོ་བོ་སྟོང་པ་ཉིད༔ གསལ་བ་དང་སྟོང་པ་གཉིས་ཐ་མི་དད་པ་གཅིག༔ བཅོས་ནས་ནན་གྱིས་


CMR009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མི་དགོས་ཤུགས་ལ་འཆར་བ་ཞིག་འབྱུང་ངོ་༔ འོན་ཀྱང་ཉམས་བཟང་དུས་དེ་ལྟར་འཆར་འོང་ཡང་རྒྱུན་དུ་ནི་འཆར་དཀའོ༔ གཉིས་པ་ཨ་ཏི་བློ་འདས་ནི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ༔ དེ་འཁོར་ལ་ཐིམ༔ འཁོར་རང་ལ་ཐིམ༔ རང་མཆོད་རྟེན་ལ་ཐིམ༔ དེ་ཕྱག་རྡོར་ལ་ཐིམ༔ ཕྱག་རྡོར་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་རྡོ་རྗེ་ལ་ཐིམ་རྡོ་རྗེ་སྔགས་ཕྲེང་ལ་ཐིམ༔ དེ་ཧཱུྃ་ལ་ཐིམ༔ ཧཱུྃ་གྱེན་རྫོགས་སུ་ཡལ་ནས་སྟོང་པ་ཉིད་དུ་གྱུར༔ དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར༔ རང་གི་སེམས་ལ་སེམས་ཀྱིས་མ་ཡེངས་ཙམ་དུ་བལྟའོ༔ དེ་ཡང་གུ་རུ་དྲག་པོ་འདི་ཉིད་ཀྱི་དབང་བཞི་པའི་ངོ་སྤྲོད་ཨོ་རྒྱན་ཉིད་ཀྱི་གསུངས་པ་ལས༔ བུ་མ་ཡེངས་པར་ལྟོས་ཤིག༔ དེ་ཚེ་དངོས་པོ་མཐོང་བ་མེད་པ་ལ༔ ས་ལེ་ཧྲིག་གེ་རྗེན་ནེ་ཉམས་སུ་མྱོང་དུ་ཡོད་པ་ལ༔ ཚིག་གི་སྨྲ་མི་ཤེས་པའི་ཉམས་འབྱུང་༔ འོ་བུ་དག་སེམས་ཀྱི་ངོ་བོ་ནི་སྟོང་སང་ངེ་༔ རང་བཞིན་ནི་གསལ་སེང་ངེ་༔ གནས་ལུགས་ནི་སྨྲ་བསམ་བརྗོད་དུ་མེད་པ༔ རང་རྩལ་གྱི་འཆར་སྒོ་མ་འགགས་པ༔ བརྗོད་དུ་སངས་རྒྱས་ཀྱིས་ཀྱང་མེད༔ བཅོས་སུ་སེམས་ཅན་གྱིས་ཀྱང་


CMR009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མེད༔ རིག་ཙམ་ཝལ་ཙམ་རྗེན་ནེ་བ་སེང་ངེ་བ༔ ཧྲིག་གེ་བ་དེ་ངོ་ཤེས་པར་གྱིས་ལ༔ དུས་དང་རྣམ་པ་ཀུན་ཏུ་བསྒོམ་རྒྱུ་སྤུ་ཙམ་ཡང་མེད་པ༔ ཡེངས་སུ་སྐད་ཅིག་ཀྱང་མེད་པའི་དོན༔ སྐལ་ལྡན་ཁྱེད་རྣམས་རྒྱུན་དུ་ཉམས་སུ་ལོངས་ཤིག༔ རྟོགས་པ་བརྟན་ཅིང་གོམས་ན༔ རྟོགས་ལྡན་ནམ་མཁའི་རྣལ་འབྱོར་མྱུར་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་པ་དང་༔ གུ་རུ་དྲག་པོའི་ཐུགས་ཁྲིད་ཡིད་བཞིན་ནོར་བུ་ལས་ཀྱང་༔ རྣམ་རྟོག་བྱུང་ཚེ་ལྟ་སྟངས་མི་གཡོ་བར༔ རིག་པ་རྩ་བའི་ཉམས་གསལ་སྟོང་དང་མ་བྲལ་བའི་ངང་ནས༔ གང་ཤར་སྐྱེས་གྲོལ་འགྱུ་བ་རང་དྭངས་སུ་བཞག་གོ༔ དེའི་ཚེ་གནས་ན་ཡང་སྟོང་པ་དངོས་མེད༔ འགྱུ་ནའང་གསལ་སྟོང་རྗེན་པ༔ རྟོགས་པ་ཡུལ་ཕྱིར་མི་འབྲང་བའི་ཕྱིར༔ གནས་འགྱུ་དབྱེར་མེད་དུ་ངོ་བོ་སྟོང་པ་རང་བཞིན་གསལ་བ༔ རྩལ་མ་འགགས་པར་འཕྲོས་ཡང་ཤར་གྲོལ་སྐྱེ་མེད་འཁོར་ཡུག་ཏུ་སྐྱོང་༔ ཞེས་གསུངས་པ་དང་གཞན་ཡང་བཀའ་མདོ་རྒྱུད་གྲུབ་ཐོབ་རྣམས་ཀྱི་གསུངས་པ་ཐམས་ཅད་མཐུན་པར་ཡོད་པ་ལྟར་ཡིན༔ མི་མཐུན་པར་མཐོང་བ་ནི་རང་གི་སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་པའི་གནད་ཡིན་པར་ཤེས་པར་བྱའོ༔ དེ་ཇི་ལྟར་ཞེ་ན་


CMR009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཨ་རུ་ར་ཟ་མ་མྱོང་བ་གཅིག་ལ་ཨ་རུ་རའི་རོ་ནི་ཁ་བ་དང་བསྐ་བ་དང་མངར་བའོ༔ སྨྲས་ན་དེ་འདྲ་བ་མི་སྲིད་དེ༔ ཁ་བ་དང་མངར་བ་འགལ༔ བསྐ་བ་ནི་ཐུག་པའི་བསྐ་སླ་ལྟ་བུ་ཆུ་མང་ཉུང་ལ་ཟེར་གྱིས་རོ་ལ་བསྐ་སླ་མེད་ཟེར་བས་ཡིད་མི་ཆེས༔ ཨ་རུ་ར་ཟོས་པའི་མིས་ཁྱོད་ཀྱི་དེ་ཡང་བདེན་བདེན་འདྲ་ན་ཡང་༔ ཨ་རུ་ར་ཁ་བ་དང་བསྐ་བ་མངར་བ་གསུམ་ཁ་ཡང་བདེན་ནོ་སྙམ་མོ༔ དེ་བཞིན་དུ་སྟོང་ཉིད་ཉམས་སུ་མྱོང་ན་བཤད་ལུགས་ཇི་ལྟར་བྱས་ཀྱང་མི་འགལ་བདེན་ཏེ༔ སྟོང་ཉིད་དངོས་ནི་སྨྲ་བསམ་བརྗོད་ལས་འདས་སོ་སྙམ་དུ་འགྱུར་རོ༔ དེ་ལག་ཏུ་ཇི་ལྟར་ལེན་ན༔ རང་གི་སེམས་ལ་སེམས་ཀྱི་ཧྲིག་གེ་བལྟ༔ གཟུགས་ཁ་དོག་འདི་ལྟར་རོ་ཞེས་སྨྲ་མི་ཤེས་ཀྱང་༔ སེམས་ལ་འདི་ལྟར་རོ་ཉམས་སུ་མྱོང་རྒྱུ་འོང་བ་དེ་ཡིན༔ དེ་ཡང་ཐ་མལ་ལས་དང་པོ་པས་སེམས་ལ་རྣམ་རྟོག་སོ་མ་དྲན་པ་ཞིག་འཕྲོས་ཙ༔ དེ་དང་པོ་གང་ནས་བྱུང་གི་སྐྱེས་པ༔ བར་དུ་གང་ནས་འདུག་གི་གནས་པ༔ ཐ་མ་གང་དུ་འགྲོ་བའི་འགག་པ༔ དེ་བཙལ་བས་མི་རྙེད་སྟོང་པ་ཉིད་དུ་འཆར༔ དེ་སྐྱེ་འགག་གནས་གསུམ་དང་བྲལ་བ་ལ་ཟེར་རོ༔ འབྲིང་འབུར་འཇོམས་བྱ་སྟེ༔ རྣམ་རྟོག་


CMR009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འབུར་ཏེ་བྱུང་༔ དེའི་ངོ་བོ་ལ་གཅེར་གྱིས་བལྟས་པས་སྟོང་པ་ཉིད་དུ་ལྷང་ངེ་ཞིའོ༔ རབ་རྣམ་རྟོག་བསྒོམ་དུ་འཆར་ཏེ་ཆུ་རླབས་ཆུར་ཐིམ་པ་དང་འདྲའོ༔ དེ་ལྟར་རྒྱུན་དུ་བསྒོམས་ན་དྲག་པོའི་དཀྱིལ་འཁོར་ཡང་དེ་ཡིན་ཏེ༔ སེམས་ངོ་བོ་སྟོང་པར་འདུག་པ་རིགས་བདག་སྣང་བ་མཐའ་ཡས་སོ༔ སེམས་ཀྱི་རང་བཞིན་གསལ་སེང་ངེ་འདུག་པ་ལོངས་སྐུ་དྲག་པོ་ཐོད་ཕྲེང་རྩལ་ལོ༔ སེམས་མ་འགག་ཅིར་ཡང་འཆར་བ་ནི་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་ལོ༔ སེམས་གཏི་མུག་གི་རྟོག་པ་དེའི་ངོ་བོ་ལ་བལྟས་པས་སྟོང་གསལ་དུ་འཆར་བ་གཙོ་བོ་བུདྡྷ་ཐོད་ཕྲེང་རྩལ་ལོ༔ ཞེ་སྡང་གི་ངོ་བོ་ལ་བལྟས་པས་རང་སར་ཞི་ནས་གསལ་སྟོང་དུ་འཆར་བ་རྡོ་རྗེ་དྲག་པོའོ༔ སེམས་ང་རྒྱལ་གྱི་ངོ་བོ་ལ་བལྟས་པས་ཚོར་སྟོང་དུ་འཆར་བ་རཏྣ་དྲག་པོ་འདོད་ཆགས་ཀྱི་ངོ་བོ་ལ་བལྟས་པས་བདེ་སྟོང་དུ་འཆར་བ་པདྨ་དྲག་པོ༔ ཕྲག་དོག་གི་ངོ་བོ་ལ་བལྟས་པས་རང་བཞིན་མེད་པར་འཆར་བ་ཀརྨ་དྲག་པོ་རྩལ༔ གཟུགས་མཛེས་མི་མཛེས་ཀྱི་རྟོག་པ་གང་ཤར་ངོ་བོ་ལ་བལྟས་པས་རང་བཞིན་མེད་པར་སྣང་སྟོང་དུ་འཆར་བ་སྐུ་རྡོ་རྗེ་འཇམ་དཔལ༔ སྒྲ་སྙན་མི་སྙན་གྱི་རྟོག་པ་གང་ཤར་སོ་སོར་བལྟས་པས་གྲག་སྟོང་དུ་འཆར་བ་


CMR009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ་རྟ་མགྲིན༔ སེམས་བདེ་སྡུག་གི་རྟོག་པ་གང་ཤར་གྱི་ངོ་བོ་ལ་བལྟས་པས་བདེ་སྡུག་གཉིས་པོ་ཁྱད་པར་མེད་པར༔ རང་བཞིན་དུ་འཆར་བ་ཐུགས་རྡོ་རྗེ་ཕྱག་རྡོར༔ དེས་མཚོན་ཞིབ་པར་ཤུགས་ལས་ཤེས་སོ༔ དེ་ལྟར་དུས་ཐམས་ཅད་དུ་རང་གི་སེམས་ལ་བྱ་ར་གཏོང་བ་དེ་ལ་ཨ་ཏི་རྫོགས་པ་ཆེན་པོ༔ སེམས་ལ་ཆོས་ཐམས་ཅད་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ༔ དེ་ལྟར་ལྟ་བ་རྟོགས་ནས་སེམས་ངོ་བོ་སྐྱོང་ཞིང་སྔགས་ཤུབ་བུར་བཟླས་པ་སྤྲོས་མེད་ཀྱི་བཟླས་པའོ༔ དེ་ལྟར་ལས་བྱང་མགོ་ནས་གཏོང་༔ བསྙེན་པ་བྱེད་དུས་སྟོང་ཉིད་དུ་བསྡུ་བའི་བར་མཐུན་གཅིག་སྟེ༔ ཐུན་མཚམས་སུ་ངག་བཏང་དགོས་བྱུང་ན་བཏང་༔ གཞན་ཆོས་སྤྱོད་སོགས་བྱ་བ་གང་དགོས་བསྒྲུབས་ནས༔ སླར་ཡང་སྔར་ལྟར་མཐུན་བཟུང་སྟེ༔ ཞོགས་པ༔ སྔ་དྲོ༔ ཉིན་ཕྱེད༔ དགོང་ཁ༔ སྲོད༔ ཐོ་རངས་ཏེ་ཐུན་དྲུག་གོ༔ སྔ་དྲོ་གཉིས་ཕྱི་དྲོ་གཉིས་སྲོད་ལ་གཞན་ཡི་དམ་ཆོས་སྐྱོང་ཐམས་ཅད་བྱ་སྟེ་ཐུན་ལྔའོ༔ ཉིན་གསུམ་མཚན་གཅིག་དང་བཞིའོ༔ སྔ་དྲོ་ཕྱི་དྲོ་གཉིས་སྲོད་དང་གསུམ་མམ༔ ཉིན་ཐུན་གཅིག་མཚན་ཐུན་གཅིག་སྟེ་གཉིས་སམ༔ གང་འདོད་བྱ་བའི་ལས་དང་པོ་


CMR009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུན་མང་བར་བྱའོ༔ དེ་ནས་བསྐྱེད་རིམ་ཇི་ཙམ་བརྟན་བཞིན་ཐུན་ཉུང་ཆོག་སྟེ༔ རང་གི་ཡི་དམ་འདི་ཡིན་ནས་ཞག་རེ་ལ་ལས་བྱང་གཞུང་བསྲང་ཐུན་རེ་རེ་མ་ཆག་པར་བྱའོ༔ མཚམས་ཡིན་ན་ཐུན་བཞི་བཅད་ན་བསྙེན་སྒྲུབ་ཀྱི་གོ་ཆོད་པ་ཡིན་ནོ༔ དེ་ཡང་རབ་ཟླ་བ་དྲུག༔ འབྲིང་གསུམ༔ ཐ་མ་ཟླ་བ་གཅིག༔ གྲངས་རབ་བྱེ་བ༔ འབྲིང་བདུན་འབུམ༔ ཐ་མ་སུམ་འབུམ་གྱིས་ལས་སྦྱོར་རུང་ངོ་༔ རྟགས་ནི་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་ཞལ་མཇལ་ལུང་བསྟན་པ༔ ཆོས་བཤད་དབང་བསྐུར་བ་མེ་ཏོག་གི་ཆར་འབེབས་པ༔ མེ་ཏོག་གི་གླིང་དུ་ཕྱིན་པ་སོགས་བྱིན་རླབས་ཞུགས་ལྟས༔ ལུས་ལ་མེ་འབར་བ་རང་ཉིད་ལྷའི་སྐུར་གྱུར་པ༔ རྨི་ལམ་དུ་བསྐྱེད་རྫོགས་ཟིན་པ༔ འདྲེ་གདོན་ཐུལ་བ་སོགས་ནུས་པའི་ལྟས༔ རྫོང་བཟུང་བ་གོ་ཁྲབ་གྱོན་པ་སོགས་བསྲུང་བའི་རྟགས༔ ཉི་ཟླ་ཤར་ལོ་ལེགས་བདུད་རྩི་ཆང་དང་འོ་མ་འཐུང་བ་སོགས་ཚེ་རིང་བའི་ལྟས༔ སྒྲོགས་འཕངས་སེར་བ་ཟློག་གཡུལ་ལས་རྒྱལ་བ་སོགས་ཟློག་པའི་རྟགས༔ མི་དང་གཅན་གཟན་བསད་རྦབ་འཕང་མཚོན་རྣོན་པོ་ཐོགས་དམག་ཇག་འགྱེད་པ་སོགས་ནུས་མཐུའི་ལྟས༔ རྔ་རྡུང་དུང་བུད་དར་ཕྱུར་


CMR009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྙན་གྲགས་ཀྱི་ལྟས༔ གོས་བཟང་དང་རྒྱུན་བཟང་པོས་བརྒྱན་ཁྲི་ལ་འདུག་པ་སོགས་བསོད་ནམས་རྒྱས་པའི་རྟགས༔ བུམ་པ་རྙེད་ཕྲེང་བའི་གྲངས་ཀ་རྩིས་ཚེ་ཚད་ལུང་བསྟན་སོགས་ཚེ་སྒྲུབ་རྟགས༔ རལ་གྲི་པོ་ཏི་རྙེད་སྣག་ཚ་འཐུང་ཞིང་རྨོ་བ་སོགས་འཇམ་དབྱངས་རྟགས༔ རྟ་སྐད་ཐོན་ལུས་ལ་མེ་འབར་གོས་བཟང་དམར་པོ་གྱོན་ཡིག་དྲུག་བསྐུལ་བ་རྟ་མགྲིན་རྟགས༔ མེ་ཏོག་སྔོན་པོ་འཐུ་རྡོ་དྲིལ་རྙེད་ནམ་མཁའ་ལ་འཕུར་ལུས་ལ་སྦྲུལ་གྱིས་བརྒྱན་པ་སོགས་ཕྱག་རྡོར་རྟགས༔ བུད་མེད་རྒྱུན་བཟང་འདུ་བ་ཆང་དང་བདུད་རྩི་སྟེར་གསང་ཚིག་སྨྲ་བ་མཁའ་འགྲོའི་རྟགས༔ སེམས་ཅན་བརྡུང་བཏག་བསད་གཏུབས་བྱས་པ་མེ་དབལ་རྟགས༔ ཆུ་གནས་བསད་པ་རུས་སྦལ་སྐམ་པ་ཤི་བ་རྒྱ་མཚོ་དང་ཆུ་བོ་སྐམ་པ་ལུས་ལ་གཤོག་པ་སྐྱེས་པ་བྱ་ཆེན་པོ་མང་པོ་ལྡིང་བ་ཁྱུང་གི་རྟགས་སོ༔ བནེ་བུད་མེད་ཁྱི་དཀར་ནག་བྱི་ལ་རྣམས་བརྡུངས་བ་ལས་སྔགས་རྟགས༔ ལྷ་ཁང་དང་མཆོད་རྟེན་བཤིག་པ་ནགས་ཚལ་བསྲེགས་པ་སོགས་གདོན་ཐུབ་རྟགས་སོ༔ དེ་བཞིན་དུ་སྡེ་བརྒྱད་སོ་སོའི་གང་གནོད་པའི་ཐུབ་རྟགས་དཔྱད་ཤེས་པར་བྱའོ༔ དངོས་སུ་མར་མེ་འཛིན་པ༔ ཡོན་ཆབ་མི་


CMR009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཁེང་བ༔ གཏོར་མ་དབྱར་མི་རུལ་བ་དགུན་མི་འཁེང་བ༔ སྤོས་དྲི་ངེས་མེད་དུ་འཐུལ༔ རོལ་མོའི་སྒྲ་གྲག༔ བདེ་གསལ་མི་རྟོག་པའི་ཉམས་ངེས་མེད་དུ་འཆར༔ དད་པ་དག་སྣང་ཤེས་རབ་རྣམས་སྔར་བས་ཆེ་བ༔ མི་རྟག་པ་དང་བྱམས་སྙིང་རྗེ་ཤུགས་ལ་སྐྱེ༔ འཇའ་ཚོན་འཐིབས་པ་འོད་འཁྱུག་པ་སོགས་འབྱུང་ངོ་༔ བཟང་པོ་བྱུང་ཡང་ཧ་ཅང་དགའ་བྲོད་མི་བྱ༔ ངན་པ་བྱུང་ཡང་རྣམ་རྟོག་མི་བྱ་བར༔ ཐུན་མཚམས་སུ་གུ་རུའི་ཡིག་བརྒྱ་འགའ་རེ་བཟླ༔ ཚོགས་དང་བསྐང་བཤགས་རེ་བྱའོ༔ བཟའ་བཏུང་གི་ཚེ་སྔར་ལྟར་ལྟེ་བའི་མེ་སྦར་ལ་གོ་ཆའི་ལྷ་ཐམས་ཅད་ཡེ་ཤེས་ཀྱི་མེ་ལྷ༔ ཁ་ཐབ་ཁུང་ལག་པ་དགང་གཟར་བླུག་རང་བྱུང་དུ་ཤེས་པས༔ ཨོཾ་ཨཱཿཧཱུྃ་གིས་བཟའ་བཏུང་བདུད་རྩིར་གསལ་བ་སྦྱིན་སྲེག་གི་ཚུལ་དུ་བཟའོ༔ འདིས་སྦྱིན་སྲེག་གི་གོ་ཡང་ཆོད་པར་བཤད་དོ༔ གཉིད་དུས་སྙིང་དབུས་ཡེ་ཤེས་སེམས་དཔའ་གསལ་བཏབ་ལ་ཐུགས་སྲོག་ཧཱུྃ་དམར་པོ་མེ་ཤེལ་ལྟ་བུ་འོད་ཟེར་འབར་བ་ལ་སེམས་བཟུང་ནས༔ འོད་གསལ་ཨེ་ཟིན་ཚད་དོ༔ འོད་གསལ་ནི་གཉིད་དུ་སོང་༔ རྨི་ལམ་མ་རྨིས་པའི་བར་དེར༔ སེམས་ངོའི་སྟེང་དུ་གསལ་སྟོང་རྗེན་ནེ་བྱུང་ན་ཡིན་ནོ༔ རྨི་ལམ་རྨིས་


CMR009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རྗེས་རྨི་ལམ་དུ་བསྒོམས་བྱས་པས་ད་ལྟ་བས་ཀྱང་གསལ་བ་འདྲ་བ་བྱུང་ན་རྨི་ལམ་འོད་གསལ་ལོ༔ འོད་གསལ་ལན་བདུན་ཟིན་ན་འཆི་དུས་ཐུགས་དམ་ཟིན༔ རྨི་ལམ་ལན་བདུན་ཟིན་ན་བར་དོ་ཆོད་པར་གསུངས་སོ༔ དེ་ནས་མཚམས་ཡིན་ན་དང་པོ་ནུབ་དང་གྲོལ་ནུབ༔ ཚོགས་དང་གཏོར་འབུལ་བྱ༔ རྒྱུན་དུ་ཚེས་བཅུ་དགུ་གཏོར་སོགས་སམ༔ སྤྲོསབའི་དུས་ཚོགས་འཁོརབྱེད་ན་ཤ་ཆང་ཟན་གསུམ་བཤམ་མོ༔ ཡང་བཀའ་གདམས་པའི་ལུགས་བྱེད་ན༔ ཇོ་བོ་རྗེ་དང་ཁ་ཆེ་པཎ་ཆེན་སོགས་ཀྱི་ཕྱག་སྲོལ༔ དུས་སྔ་དྲོ་ལ་རྫས་དཀར་གསུམ་གྱི་ཚོགས་བྱའོ༔ ཆུ་གཙང་མའི་གསང་ཆུ་བྱིན་བརླབས་བྱས་པ་གཏོར་ཞིང་ཨ་མྲི་ཏ་སོགས་བརྗོད༔ དེ་ནས་རོལ་མོ་དབྱངས་དང་བཅས་རང་དྲག་པོའི་ཐུགས་ཀ་ནས་མེ་ཆུ་རླུང་གསུམ་འཕྲོས་པས་མི་གཙང་བའི་དྲི་མ་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་པས་དག་ཅིང་གཙང་བར་བྱས༔ བདུད་རྩི་བྱིན་རླབས་སྤྱི་ལྟར༔ རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལ་སྟོང་གསུམ་ཙམ་དུ་ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་ལ༔ དེ་ཡང་ཧཱུྃ་གི་སྒྲས་ཤ་ཆང་བཟའ་རུང་ངམ་མི་རུང་༔ དགོང་མོའི་ཁ་ཟས་ཟ་རུང་


CMR009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་མི་རུང་༔ ཤ་ལྔ་སོགས་གཙང་ངམ་མི་གཙང་ཞེས་སོགས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་སྦྱང་༔ ཨཱཡི་སྒྲས་དྲི་མེད་ཀྱི་བདུད་རྩི་ཟོས་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རང་དབང་མེད་པར་འབར་བའི་བདུད་རྩི་དངོས་གྲུབ་ཀྱི་དམ་རྫས་ཆེན་པོར་གྱུར༔ ཨོཾ་གྱི་སྒྲས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར༔ ཧྲིབརྗོད་པ་ཙམ་གྱིས་བདུད་རྩི་དེའི་ཟེགས་མའི་ཚུལ་དུ་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་ནམ་མཁའ་བར་སྣང་ཁྱབ་སྟེ༔ རིན་ཆེན་གསེར་དངུལ་གཡུ་བྱི་རུ་ལ་སོགས་པའི་གཞོང་པ་ན་ཚོགས་སྣ་ཚོགས་ཀྱིས་བཀང་སྟེ༔ བདག་མདུན་གྱི་དཀྱིལ་འཁོར་ལྷ་མགྲོན་དང་བཅས་པ་ཐམས་ཅད༔ ཁྱད་པར་མདུན་བསྐྱེད་ཀྱི་དབུ་གཙུག་ཚེ་དཔག་མེད་ཀྱི་འཁོར་སངས་རྒྱས་སྟོང་༔ བྱ་ཁྱུང་གི་འཁོར་ཉེ་སྲས་བརྒྱད་ལ་སོགས་པ་དང་༔ ལམ་ལ་གནས་པའི་རྒྱལ་སྲས་ཐམས་ཅད༔ སྐུ་གསེབ་གུ་རུ་ཐོད་ཕྲེང་རྩལ་གྱི་འཁོར་དུ་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས་ཐམས་ཅད་བཞུགས་པ་ལ༔ སོ་སོར་ཚོགས་ཀྱི་ཡོ་བྱད་གང་ལ་ཅི་དགྱེས་སུ་མཆོད༔ དཀྱིལ་འཁོར་ལྷ་ཚོགས་ཆོས་སྐྱོང་དང་བཅས་པ་ལ་སྨོས་ཅི་དགོས་སངས་རྒྱས་ཀྱི་ཞིང་


CMR009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་ཀྱང་མཆོད་པའི་ལྷ་མོས་ཁྱབ་སྟེ་མཆོད་པར་བསྒོམ༔ དབྱངས་སྙན་པོས༔ ཧཱུཾ་ངང་ཉིད་ནས་དངོས་གྲུབ་སྩོལ་གྱི་བར་དམིགས་པ་ཟིན་དཀའ་ན་ལན་གསུམ་བྱའོ༔ འདིར་སྤྱན་འདྲེན་བླ་མ་དགོངས་འདུས་ནས་བྱས་པ་སོགས་མང་དུ་སྦྱར་སྲོལ་གདའ་ནའང་གཞུང་འདི་རང་གིས་ཀྱང་ཆོག༔ སྦྱར་ཀྱང་འགལ་བ་ནི་མེད་ཙམ་མོ༔ དེ་ནས་ཚོགས་ཕུད་དང་པོ་ཕུལ་ལ་ཚིགས་བཅད་དང་སྔགས་བརྗོད་བདུད་རྩིས་བྲན་པ་ཙམ་གྱིས་ཆོག༔ འདིར་གཏོར་བསྔོས་བྱེད་པ་ནི་གསར་མའི་ལུགས་ཏེ༔ རྙིང་མ་ལ་མི་དགོས་སོ༔ དེ་ནས་ཚོགས་ཕུད་བར་པས་བསྐང་བ་ཡོད་ན་གསོ་ལ་སྐབས་འདིར་བསྐང་བ་འདོན༔ མེད་ན་ཡི་དམ་གཏོར་མ་གསོ་ལ་བཤགས་ཚིག་དང་ཤུདྡྷེ་ཨ་སོགས་བརྗོད༔ དེ་ནས་ཚོགས་ཕུད་ཐ་མ་ལ་ལིངྒ་བཅའ་མ་ཐོན་ན་ཤ་དུམ་བཞག་བྱིན་བརླབས་མ་བྱས་པའི་ཕུད་ཀྱིས་བྲན་ལ༔ བཀུག་གཞུག་ཉུང་དུ་བྱ་སྟེ༔ རང་དྲག་པོའི་ཐུགས་ཀའི་འོད་ཟེར་སྒོ་མ་བཞི་ལ་ཕོག་པས་རང་འདྲ་བ་གྲངས་མེད་པ་འཕྲོས་ནས༔ སྟག་གདོང་དཀར་མོས་དགྲ་བགེགས་སྙིང་ནས་ལྕགས་ཀྱུས་བཟུང་༔ ཕག་གདོང་སེར་མོས་ཞགས་པས་མགུལ་ནས་བཅིངས་ཏེ་རང་དབང་མེད་པར་


CMR009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག༔ སྤྲེལ་གདོང་དམར་མོས་ལྕགས་སྒྲོག་གིས་ཡན་ལག་བཅིང་༔ སྤྱང་གདོང་ལྗང་མོས་དྲིལ་བུས་གཟུགས་བརྙན་ལ་ཕབ་ཅིང་མྱོས་པར་བྱས༔ བདག་དང་མདུན་བསྐྱེད་དྲག་པོ་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀ་ནས་རྔམ་བྱེད་འབར་བའི་ཁྲོ་བོ་གིང་དཀར་པོ་ཕུར་པ་ལྕགས་ཀྱུ་ཐོགས་པ༔ ནག་པོ་ཞགས་པ་ཐོ་བ་ཐོགས་པ་གཉིས་བྱུང་ནས༔ ལྕགས་ཀྱུས་བཟུང་ལ་ཕུར་པ་སྙིང་ཁར་བཏབ་ནས་རྣམ་ཤེས་སྤར༔ ཞགས་པས་བཅིངས་ནས་ཐོ་བས་ཤ་སྐྱོ་ཁྲག་སྐྱོ་རུ་བརྡུང་རུས་པ་ཡང་རྡུལ་ཙམ་དུ་སོང་བར་བསྒོམས་ལ༔ ཧཱུཾ་ཆེ་མཆོག་ནས་མཱ་ར་ཡ་རྦད༔ ཅེས་ཕུར་པ་བཏབ་འདིར་ཐུགས་སྒྲུབ་ཀྱི་ཞལ་བསྟབ་སྦྱར་སྲོལ་གདའ་ན་སྦྱར་རུང་མོད༔ གུ་རུ་བཛྲ་ཀྲོ་ཏ་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཁཱ་ཧི༔ ཞེས་བརྗོད་ཀྱང་ཆོག་སྟེ༔ ཁྲོ་བོ་གཉིས་དང་སྒོ་མ་རྣམས་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པར་བསམས་ལ་མཁའ་འགྲོའི་གཏོར་མ་གསོའོ༔ དེ་ནས་སྒོ་མ་གིང་རྣམས་སྤྲུལ་གཞི་ལ་ཐིམ་པར་བསྒོམ་མོ༔ དེ་ནས་གཟིགས་མཛེས་སོགས་བརྗོད་ཅིང་བླང་སྟེ༔ གྲུབ་པ་ཐོབ་པ་མ་གཏོགས་པའི་ཚོགས་ཆང་བྷན་གང་བས་མང་བ་བཏུང་ན་ཆང་འཐུང་བའི་ཉེས་པའི་སྟེང་དུ་མཁའ་འགྲོའི་བཀའ་ཆད་འབབ༔ དགེ་སློང་དང་


CMR009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་སོགས་ཡིན་ཀྱང་ཐིགས་པ་གཅིག་མ་མྱོང་ན་རྩ་ལྟུང་བཅུ་གསུམ་པ་ཕོག༔ ཤ་ཡང་སྲེད་ཞེན་གྱིས་ཆེན་པོ་ཟོས་ན་དུར་ཁྲོད་ཀྱི་ཅེ་སྤྱང་དུ་སྐྱེ༔ ཁམ་བུ་གཅིག་གམ་ཅུང་ཟད་གཅིག་མ་ཟོས་ན་རྩ་ལྟུང་ཕོག༔ ཚོགས་ཟན་ལྷག་པ་བླངས་ན་ཡི་དྭགས་མཆུ་བཅིངས་སུ་སྐྱེ༔ མ་གུས་པས་ས་རྗེན་ལ་བཞག་ན་བཀའ་ཆད་འོང་༔ དེ་ནས་ཚོགས་འབབ་སྦྱིན་མི་རུང་༔ ཟས་འཕྲོ་ལྷག་མརདོར་རམ་དེར་སྐྱུར༔ གསོག་འཇོག་རྗེས་ནས་བཟའ་མི་རུང་༔ ཟ་རུང་ངམ་མི་རུང་རྣམ་རྟོག་བྱེད་ཅིང་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་རབ་ལྟ་བའི་ངང་འབྲིང་བསྐྱེད་རིམ་ངང་༔ ཐ་མ་དད་གུས་དག་སྣང་གིས་ས་ན་དངོས་གྲུབ་ཐོབ༔ ལྷག་མ་ནི་ཚོགས་བགོ་དུས་ནས་སྐལ་བ་གཅིག་གཙང་མར་བཞག་པ་ལེགས༔ ལྷག་མ་བསྡུ་བ་རྣལ་འབྱོར་དམ་ཚིག་ཅན་ཁོ་ན་འཚོགས་ན་རུང་དེ་བས་མི་རུང་ངོ་༔ རང་ཡང་ལྟ་སྒོམ་གདེང་ཐོབ་དམ་ཚིག་ལ་གནོང་འགྱོད་མེད་ན་ཁ་ཕྲུ་བཏབ་དེ་མིན་ན་བདུད་རྩིས་བྲན་པ་ལེགས་སོ༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ དཀྱིལ་འཁོར་གྱི་མཐའ་འམ་དུར་ཁྲོད་བརྒྱད་ནས༔ རྡོ་རྗེ་རིགས་སོགས་རིགས་བཞིའི་མཁའ་འགྲོ་བརྒྱད་བཞི་སུམ་


CMR009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་སོ་གཉིས་གིང་ཆེན་བཅོ་བརྒྱད༔ ལང་ཀ་ཌཱཀི་དུར་ཁྲོད་བདག་མོ་བརྒྱད༔ ཀེའུ་རི་བརྒྱད་སེང་ཧ་བརྒྱད༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རེ་རེའི་འཁོར་འབུམ་འབུམ་དང་བཅས་པ་བྱོན་ཏེ༔ ཕོ་བྲང་གི་ཕྱིའི་ཁྱམས་ན༔ ཆ་ལུགས་ནི་དར་གྱི་ཅོད་པན་པུ་རུ་རུ་ཞེས་སོགས༔ ཚིག་དང་མཐུན་པར་ལྷག་གཏོར་བདུད་རྩི་ལོངས་སྤྱོད་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཁས་བླངས་ནས་སོ་སོའི་མལ་དུ་འཁོད་པར་བསྒོམས་ལ་ཕྱིར་གཙང་སར་དོར་རོ༔ ཆུའམ་ཆང་གིས་སྣོད་བཤལ་ལ་སྟེང་དེར་བླུག་གོ༔ དེ་ནས་དཀར་གཏོར་དམར་གཏོར་གཉིས་བཤམས་སོ་སོར་བྱིན་གྱིས་བརླབས་ལ་དམར་གཏོར་ལ་བཀུག་གཞུག་རེ་བྱ༔ དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་མོ༔ དཀར་གཏོར་གཞི་བདག་སྤྱི་གཏོར་ལྟར་བསྔོས་ཀྱང་རུང་༔ མ་བསྔོས་ཀྱང་དཀར་དམར་གཉིས་པོ་སོ་སོར་གང་ལ་གང་དགྱེས་སུ་གསོལ་བར་བསམ་སྟེ༔ སྔར་བསྙེན་དུས་དམིགས་པ་ལྟར་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བརྟན་མ་ཐམས་ཅད་དཀྱིལ་འཁོར་གྱི་བར་ཁྱམས་སུ་རང་རང་གི་འཁོར་ཚོགས་དུ་མ་དང་བཅས་གཏོར་མ་གསོལ་ཞིང་ཕྲིན་ལས་བསྒྲུབ་པར་བསྒོམ་སྟེ༔ དུ་བཻ་ཏྲི་ཤུ་ལ་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཛཧཱུྃ་བཾ་ཧོ༔ ཨི་དཾ་བ་ལི་ཏ་ཁཱ་ཧི༔ ནཱ་


CMR009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤུ་གྲི་དང་སྨྱོ་ཁ་ལ་བསྔོས༔ སྡེ་བརྒྱད་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ནས་བསྔོ༔ ཧཱུྃ༔ སྔོན་གྱི་སོགས་ཆད་མདོ་གྱེར་ཏེ༔ ལྷ་འདྲེ་ཐམས་ཅད་ལ་དམ་ཚིག་གི་བདུད་རྩི་བྱིན་པ་དེ་སྙིང་དབུས་སུ་གནམ་ལྕགས་ཀྱི་སྡིག་པ་ནས་འབྲས་ཙམ་དུ་བྱིན་གྱིས་བརླབས་ཏེ༔ དམ་ཚིག་སྲུང་ན་མཐུ་སྟོབས་གཟི་བརྗིད་འཕེལ་བའི་བྱ་བ་བྱེད༔ དམ་ཚིག་ཉམས་ན་སྙིང་དཀྱིལ་ནས་ཟ་བས་སྡུག་བསྔལ་དྲག་པོ་འཕྲལ་དེ་ཉིད་དུ་འབྱུང་བས༔ ངེད་རིང་མི་རྣམས་ནད་ཐུ་མོ་ལ་ཟས་འཛེམ་བྱེད་པ་དང་འདྲ་བར་ལྷ་འདྲེས་ཨོ་རྒྱན་གྱི་དམ་ཚིག་མི་བསྲུང་བའི་དབང་མེད་པ་ཡིན་སྐད་དོ༔ དེ་ནས་རང་གི་ཐུགས་ཀའི་འོད་ཟེར་འཇིག་རྟེན་ཁྱབ་པར་འཕྲོས༔ བོད་ཡུལ་སྐྱོང་བའི་ཞིང་སྐྱོང་གི་མཁའ་འགྲོ་ཨོ་རྒྱན་ཆེན་པོའི་བཀའ་ལ་ལྷག་པར་གནས་པའི་བརྟན་མ་བཅུ་གཉིས་མཛེས་སྡུག་མཚུངས་པ་མེད་པ་འཁོར་སྨན་ཕྲན་འབུམ་འབུམ་དང་བཅས་པ་སྐད་ཅིག་དཀྱིལ་འཁོར་གྱི་བར་ཁྱམས་དེར་ལྷགས་ཏེ༔ ཁྲོ་བོ་ཆེན་པོའི་གཟི་བརྗིད་མ་བཟོད་པར་གདོང་ཕན་ནས་ཟུར་མིག་ཏུ་ལྟ་ཞིང་གཏོར་མ་ལེན་པར་བསྒོམས་ལ༔ ཧཱུཾ་


CMR009_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བོད་ཁམས་སོགས་བརྗོད་ཁཱ་ཧི༔ ཞེས་གཏོར་མ་ཕྱི་རོལ་དུ་ཕུལ༔ གཏོར་སྣོད་བདུད་རྩིས་བཤལ་ལ་ཨོཾ་ལོ་ཀ་ལོ་ཀི་ནི་སོགས་བརྗོད་ཅིང་དེ་ཕྱོགས་སུ་མཆོད་གྲུབ་ན་ལེགས་སོ༔ དེ་ནས་རྟ་བྲོ་ཐུགས་སྒྲུབ་ལྟར་རམ་ཡང་ན་གཏོར་གཞོང་དེ་རི་རབ་འབར་བར་གྱུར་པའི་འོག་ཏུ་སྒྲུབ་པའི་བར་ཆད་དམ་སྲི་ཐམས་ཅད་མནན་པར་བསྒོམས་ནས་གཏོར་སྣོད་ཁ་སྦུབ་ལ༔ ཨོཾ་པདྨ་ཏ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔གནོད་བྱེད་སརྦ་ཤ་ཏུཾ་སུཾ་བྷ་ཡ་ནན༔ ཅེས་བརྗོད་པས་འཐུས་སོ༔ གཞན་རྗེས་ཀྱི་བྱ་བ་ཐམས་ཅད་གསང་སྔགས་སྤྱི་ལྟར་ཤེས་པར་བྱའོ༔ འཇིག་རྟེན་པ་ཐམས་ཅད་རང་གནས་སུ་གཤེགས༔ མདུན་བསྐྱེད་ཡེ་ཤེས་པ་གཤེགས་སམ་རྟེན་ལ་བསྟིམ༔ བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏ༔ ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱའོ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་ལས་བྱང་ཚར་གཅིག་གི་ཚེ༔ སྐད་ཅིག་ཀྱང་མ་ཡེངས་པར་སོ་སོའི་དམིགས་རིམ་དེ་ངག་གིས་འདོན་པ་དང་སེམས་ལ་བསྒོམ་བྱ་གཉིས་ཁྲིག་ཁྲིག་འཕྲོད་ཐུབ་ན༔ ཆོ་ག་ཚར་གཅིག་གིས་བསྐལ་པ་ཆེན་པོ་གཅིག་གི་ཆགས་འཇིག་སྟོང་གསུམ་གྱི་ཡུན་ལ་ཚོགས་བསགས་སྒྲིབ་སྦྱངས་བྱས་པ་དང་


CMR009_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཉམ་པར་གསར་རྙིང་ཞལ་མཐུན་ནོ༔ དེ་ལྟར་ཆོ་ག་ཚང་བ་ཞིག་མི་ཤེས་ན་བསྙེན་པ་མང་དུ་བསག་ཀྱང་མི་ནག་སྔགས་འདོན་ཞེས་བྱ་སྟེ་ཕན་ཡོན་ཆེན་པོ་མི་འབྱུང་༔ དེའི་ཕྱིར་དེང་སང་དུང་མང་པོ་བཏོན་ཀྱང་རྨིས་ལྟས་དག་སྣང་ཙམ་ཡང་མེད་པ་དེས་ལེན་ནོ༔ དེའི་དོན་གསང་བ་སྤྱི་རྒྱུད་དུ་ཡང་གསུངས་སོ༔ དབང་མ་ཐོབ་པའི་སྒྲུབ་པ་ཆོ་ག་མེད་པའི་སྔགས༔ སྔགས་བསྙེན་མ་བྱས་པའི་ཆོ་ག་སྦྱིན་སྲེག་མ་བྱས་པའི་སྒྲུབ་པ༔ དམིགས་རིམ་མེད་པའི་གྱེར་རྣམས་གསང་བ་སྤྱི་རྒྱུད་ནས་བཀག་གོ༔ ཆོ་ག་མི་ཤེས་པར་བསྙེན་པ་དང་༔ དང་པོ་ཆོ་ག་ཤེས་ཤིང་སྒྲུབ་པ་དེ་མཐར་ཕྱིན་ནས་བསྐྱེད་རིམ་རང་དབང་འདུས་ཏེ༔ ཆོ་ག་སོགས་ཀྱི་རིམ་པར་བསྐྱེད་མི་དགོས་པར་སྐད་ཅིག་ལ་དཀྱིལ་འཁོར་རྫོགས་པར་བསྒོམ་ཐུབ་པའི་རྣལ་འབྱོར་པས་ནི༔ ཆོ་ག་གཞུང་བསྲངས་མ་བསྲང་ལ་མ་ལྟོས་པར༔ རྟག་ཏུ་བསྐྱེད་རྫོགས་གང་རུང་དང་མི་འབྲལ་ལོ༔ ངག་སིལ་བུའི་བཟླས་པའམ་རླུང་རྡོ་རྗེའི་བཟླས་པ་གང་རུང་དང་མི་འབྲལ་ཏེ༔ དེ་ལྟར་མི་ནག་སྔགས་འདོན་མ་ནོར་བར་བྱ་སྟེ༔ དེ་ལྟ་བུས་རྒྱུན་དུ་ལས་བྱང་མ་བཏོན་ཀྱང་སྐད་ཅིག་གིས་ལྷར་བསྐྱེད་ནས་བྷ་ལི་ཏ་ཁཱ་


CMR009_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་ཙམ་བྱའོ༔ ཤིན་ཏུ་རྟོགས་པ་མཐོ་ན་ལུས་འདི་དམ་ཚིག་ལྷར་གྲུབ་པས་བསྐྱེད་མི་དགོས༔ སེམས་ཡེ་ཤེས་པ་ཡིན་པས་སྤྱན་འདྲེན་མི་དགོས༔ བཟའ་བཏུང་མཆོད་པ་ཡིན་པས་གཏོར་མཆོད་མི་དགོས༔ དབུགས་འབྱུང་རྔུབ་རྡོ་རྗེའི་བཟླས་པ་ཡིན་པས་སྔགས་བཟླ་མི་དགོས༔ སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་ཡིན་པས་དཀྱིལ་འཁོར་བྲི་མི་དགོས༔ གང་ཤར་ཐམས་ཅད་ཆོས་སྐུའི་རོལ་པ་ཡིན་པས་གང་ལའང་དགག་བསྒྲུབ་མེད་དོ༔ རང་སེམས་སངས་རྒྱས་སུ་ཐག་ཆོད་པས་སངས་རྒྱས་ཐོབ་འདོད་ཀྱི་རེ་བ་མེད་དོ༔ འཁོར་བ་རང་བཞིན་མེད་པར་རྟོགས་པས་འཁོར་བ་དང་ངན་སོང་དུ་ལྟུང་དོགས་ཀྱིས་སྐྲག་པ་མེད་དོ༔ རྩ་བའི་བླ་མ་རང་ལ་དབང་ལུང་གདམས་པ་སྦྱིན་མཁན་དེ་ཆ་ལུགས་སྤྱོད་ལམ་བཟང་ངན་ཇི་ལྟར་སྣང་ཡང་༔ རང་གི་ངོས་ནས་སངས་རྒྱས་སུ་ཐག་ཆོད་པས་བརྒྱུད་པ་ལ་ཉེ་རིང་མེད་དོ༔ དེ་ལྟ་བུའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དེ་ལ་ཡང་གསུམ་ཡོད་དེ༔ ཐ་མ་ནི་ཡེངས་མ་ཡེངས་ཡོད་དོ༔ ཡེངས་ན་འཁྲུལ་པ་ཡིན་ནོ༔ མ་ཡེངས་ན་ཡེ་ཤེས་ཡིན༔ འབྲིང་ལ་དྲན་ཙམ་གྱིས་ཆོག་ས༔ དྲན་ན་ནི་ཡེ་ཤེས༔ མ་དྲན་ནི་འཁྲུལ་པ་ཡིན་ནོ༔ རབ་ལ་ནི་དྲན་མ་དྲན་


CMR009_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒོམ་པའི་དྲན་རྫི་ཡང་མི་དགོས་ཐམས་ཅད་སེམས་ཀྱི་རྦ་རླབས་གཅིག་ཏུ་འགྱུར་བ་ཡིན་གསུངས༔ དེ་ལྟར་གུ་རུ་དྲག་པོའི་བསྐྱེད་རྫོགས་ཀྱི་ལམ་བསྒྲོད་ཚུལ་ཟུར་ཙམ་བཤད་ནས༔ ༈ ད་ནི་གུ་རུ་དྲག་པོ་འདི་ལ་བསྙེན་སྒྲུབ་བྱས་པའི་ཕན་ཡོན་དང་འབྲས་བུ་ཟུར་ཙམ་ནི༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་བཀའ་དྲི་མ་མེད་པ་གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ལས་དངོས་གྲུབ་གཞན་བས་འདི་དག་ཆེ༔ འགྲུབ་རྟགས་གཞན་བས་མྱུར་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཞག་བདུན་འགྲུབ་འགྱུར་ཐེ་ཚོམ་མེད༔ ཅེས་དང་༔ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྒྱུད་པད་སྡོང་བརྩེགས་པ་ལས༔ རྟག་ཆད་ཡིད་གཉིས་ལས་གྲོལ་ཏེ༔ འབྲས་བུ་སྐུ་གསུམ་རྒྱུད་དུ་སྨིན༔ རང་གཞན་ཀུན་དོན་ལས་བྱེད་ཅིང་༔ དོན་གཉིས་ཡང་དག་ཚད་དུ་ལོང་༔ ཕ་རོལ་རྒོལ་བ་སུན་འབྱིན་ནས༔ སྣ་ཚོགས་ལས་ལ་དབང་འབྱོར་ཏེ༔ ཡང་དག་ས་ལ་འགོད་པ་དང་༔ ཡང་ན་དབྱིངས་སུ་སྒྲོལ་བར་བྱེད༔ དབང་པོ་གསུམ་གྱི་ཁྱད་པར་ལས༔ འདི་ཉིད་དང་ནི་བར་དོ་དང་༔ ཐིག་ལེ་རྒྱུད་དེ་ས་ཆོད་ནས༔ ཡང་


CMR009_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྟན་པ་མི་གཡོ་འགྱུར༔ གདོས་བཅས་ཉིད་དང་བྲལ་བའི་ཚེ༔ རྡུལ་བྲལ་མཁའ་དང་འོད་ཟེར་འཇའ༔ ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས༔ སྐུ་གསུམ་ཐོབ་རྟགས་ཡང་འབྱུང་འགྱུར༔ འབད་པ་དོན་ཡོད་གཅིག་ཆོག་ཉིད༔ འདི་ནི་དུས་གསུམ་རྒྱལ་བའི་བཀའ༔ ལ་ལས་རྣ་བའི་དབང་པོ་རུ༔ ལན་གཅིག་ཐོས་ཀྱང་དོན་ཆེན་འགྲུབ༔ ཅེས་གསུངས༔ གསུང་གི་བདག་ཉིད་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་བཀའ་སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ གཞིར་སྣང་དག་པ་ཆོས་ཀྱི་དབྱིངས༔ ལྷག་མེད་ཉིད་དུ་མྱ་ངན་འདས༔ སྒྲ་དང་འོད་དུ་བཅས་ནས་ཀྱང་༔ སྐུ་གསུམ་ཞིང་དུ་མངོན་བྱུང་བ༔ གདུལ་བྱ་རྣམས་ལ་ལྷག་མར་བཅས༔ སྐུ་གདུང་རིང་བསྲེལ་བཞག་ནས་ཀྱང་༔ གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས༔ རིམ་གྱིས་འདྲེན་པར་དེས་བྱེད་དོ༔ ཡང་ཐ་བར་དོ་ཉིད་དུ་ཡང་༔ རང་སྣང་ཡེ་ཤེས་ལྷ་དང་འཕྲད༔ རང་ངོ་ཤེས་ནས་རྣམ་པར་གྲོལ༔ དེ་ཡང་རྒྱུ་འབྲས་དེ་ཡི་ཡིན༔ སྤྲུལ་པ་ལས་ཀྱང་སྤྲུལ་པའི་སྐུ༔ སྐུ་དང་མཚན་དཔེས་རབ་སྤྲས་ཤིང་༔ ལས་དག་ཞིང་ལ་རབ་སྣང་བས༔ བྱང་ཆུབ་མངོན་དུ་དེ་འགྱུར་ཞིང་༔ དེ་ལ་སོགས་པ་ཡང་དག་ལྡན༔ སྤྱི་


CMR009_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ཉིད་དུ་སྣང་བ་བྱེད༔ ཅེས་གསུངས༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་བཀའ་གཏེར་གཞུང་ཚད་ལྡན་རྣམས་ནས་རྒྱ་མཚོ་ཙམ་དུ་གསུངས་པའི་ནང་ནས་ཆུ་ཐིགས་ཙམ་ཞིག་འདིར་བརྗོད་ན༔ དེ་ཡང་དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་ནས་བཟུང་སྟེ༔ ཚེ་ལོ་བཅུ་པའི་མཐར་ཐུག་སྟེ༔ མཚོན་གྱི་བསྐལ་པ་ཞག་བདུན་བྱུང་སྟེ༔ མི་བརྒྱ་ལས་རེ་རེ་ཙམ་བས་མ་ལུས་པར་གསུང་པའི་བར་དུ༔ གདོན་དུ་རྒྱལ་པོ་དང་གཟའ་དང་བདུད་དང་ཀླུ་དང་བསེན་མོས་གདོན་ཅིང་༔ མིའི་སྙིང་དུ་ཡང་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐམས་ཅད་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་བྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏ༔ སྣང་སྲིད་ལྷ་འདྲེའི་གཉེན་པོར་པདྨ་ང་ཉིད་དྲག་པོར་སྒྲུབ་པ་ཁག་ཆེ་མ༔ ཤིན་ཏུ་ཟབ་གསུངས་པ་དང་༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ མི་རྣམས་ལོག་ཆོས་མི་རུངས་སྣ་ཚོགས་བྱེད༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་རླུང་ལྟར་འཚུབས༔ རྒྱལ་བསེན་གཟའ་ཀླས་འགྲོ་བའི་སྲོག་དབུགས་སྡུདི༔ ལོ་ཉེས་དུས་འཁྲུགས་ནད་ཀྱིས་མི་ཐོག་འབུད༔ དེ་ལྟའི་དུས་ན་བྱིན་རླབས་རྟགས་མཚན་ཆེ༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ ཅེས་དང་༔ བསྟན་པའི་


CMR009_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་འབྱུང་བའི་ཚེ༔ དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ཁྲོས༔ རི་རབ་ནང་ན་ཞལ་ཕར་གཟིགས༔ དེ་ཡི་སྟོབས་ཀྱི་འདྲེ་སྲིན་རྣམས༔ ཁ་ཕྱིར་བསྟན་ནས་ཀུན་ལ་འཚེ༔ ནད་དང་དམག་འཁྲུག་སད་སེར་མང་༔ སེམས་ཅན་ཚེ་ཐུང་ནད་མང་བསོད་ནམས་ཟད༔ དེ་དུས་ལྷ་སྲིན་འདུལ་བའི་གཉེན་པོ་རུ༔ པདྨ་ང་ཡི་རྒྱུད་འཛིན་སྔགས་འཆང་གིས༔ དྲག་པོའི་ཐུགས་སྒྲུབ་ཡང་གསང་འདི༔ སྒྲུབ་ཅིང་གདུག་པ་ཅན་རྣམས་འདུལ༔ ལྷ་སྲིན་དྲེགས་པ་ཅན་རྣམས་ཀྱང་༔ མནན་དང་བསྐྲད་དང་གཏུབ་པར་བྱེད༔ སྲུང་དང་རེང་དང་འདུལ་བར་བྱེད༔ ཅེས་དང་༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ སྡེ་བརྒྱད་ཀུན་གྱིས་སེམས་དཀྲུགས་ནས༔ སྒྲུབ་ཐབས་ཀུན་ཀྱང་ཁ་འཚལ་ཏེ༔ སྔགས་དང་རྫ་ས་ལ་ལྷག་ཆད་མང་། བནྡེ་ཁ་རྡུགས་ཉམ་ཆུང་དུས༔ སྒྲུབ་འདོད་མང་ཀྱང་འགྲུབ་པ་ཉུང་༔ སྡེ་བརྒྱད་ཀུན་གྱིས་བར་ཆད་བརྩམས༔ དེ་དུས་དྲག་སྒྲུབ་ཡང་གསང་བཅུད༔ པདྨ་ང་ཡི་སྒྲུབ་པ་འདི༔ རྡོ་རྗེ་ཕ་ལམ་རལ་གྲི་འདྲ༔ འདི་ལ་བར་ཆེད་ག་ལ་ཚུགས༔ འདི་མིན་སྒྲུབ་པ་བྱེད་པ་རྣམས༔ གཅེར་བུས་གྲི་ཁ་བྱེད་པ་འདྲ༔ འདི་ཡོད་གསང་སྔགས་སྒྲུབ་པ་པོ༔ དཔའ་བོ་གཡུལ་དུ་


CMR009_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་འདྲ༔ འདི་འདྲའི་གདམས་པ་ལེན་པའི་མི༔ སུ་ཡི་ཆས་འཛིན་ང་རང་དངོས༔ དཔལ་རི་འོད་ཀྱི་གཞལ་ཡས་ནས༔ ང་ཡིས་ཡེངས་བ་མེད་པར་སྐྱོབ༔ ཅེས་དང་༔ ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོ་གས༔ ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་བསྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་༔ དངོས་གྲུབ་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཅེས་དང་༔ སྔགས་ལ་ཨ་ཙིག་གི་ཕན་ཡོན་ཡང་།


CMR009_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་ཐམ་པ་སྔགས་ཀྱི་རྒྱལ་པོ་འདི༔ དབང་དྲག་པདྨ་ཁྲོས་པའི་དྲག་སྔགས་ཡིན༔ བཟླས་པ་ཙམ་གྱིས་སྲིད་པ་གསུམ་ཡང་འདར༔ མི་མིན་འབྱུང་པོ་བསྔངས་སྐྲག་བརྒྱལ་བར་འགྱུར༔ ཅེས་དང་༔ དྲག་པོ་བླ་མའི་ཐུགས་སྒྲུབ་ཡང་སྙིང་འདི༔ དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་༔ དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་བསྡུས་པའི་སྙིང་པོ་ཡིན༔ བརྒྱ་ཙམ་བཟླས་པས་ལས་ངན་སྒྲིབ་པ་བྱང་༔ སྟོང་ཙམ་བཟླས་ན་ཕྱི་ནང་བར་ཆད་སེལ༔ ཁྲི་ཙམ་བཟླས་ན་སྡེ་བརྒྱད་བྲན་དུ་འགྱུར༔ འབུམ་ཙམ་བཟླས་པས་མཆོག་གི་དངོས་གྲུབ་ཐོབ༔ ཐོས་དང་དྲན་དང་བརྗོད་པ་ཙམ་གྱིས་ཀྱང་༔ སྣང་སྲིད་ལྷ་འདྲེ་ལས་ལ་ཁོལ་བར་འགྱུར༔ ཅེས་དང་༔ སྟོང་ཕྲག་གཅིག་གིས་སྒྲིབ་པ་དག་པར་འགྱུར༔ ཁྲི་ཕྲག་གཅིག་གིས་དྲེགས་པ་ལས་ལ་ཁོལ༔ འབུམ་ཕྲག་གཅིག་གིས་དངོས་གྲུབ་ཐོབ་པར་འགྱུར༔ ཐོས་བསམ་དྲན་ཅིང་འཆང་ངམ་འབྲི་ཀློག་པ༔ ཡོན་ཏན་གཞན་ལས་འབུམ་འགྱུར་ལྷག་པར་འགྱུར༔ ཞེས་དང་༔ གོ་ཆ་ལྷ་ལྔའི་སྔགས་གསུངས་ནས༔ ལྷ་ལྔ་ལུས་ལ་བཀོད་པའི་སྙིང་པོ་ཡིན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐམས་ཅད་


CMR009_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༔ དངོས་གྲུབ་ཐམས་ཅད་བཟླས་པ་ཙམ་གྱིས་འགྲུབ༔ ཅེས་དང་༔ མེ་དབལ་གྱི་སྔགས་སྨོས་ནས༔ ཁྲོ་རྒྱལ་ཡཀཱ་མེ་དབལ་སྙིང་པོ་ཡིན༔ བཟླས་པས་འཇིག་རྟེན་དྲེགས་པ་རྡུལ་དུ་བརླག༔ མངོན་སྤྱོད་ལས་རྣམས་ཐོག་པ་མེད་པར་འགྲུབ༔ ཅེས་དང་༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི་བགྲང་བས༔ རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱང་ཞིང་༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའོ༔ འོད་དཔག་མེད་ཀྱི་སྙིང་པོའི་སྨིན་པར་བྱེད༔ དྲག་པོ་བླ་མའི་སྙིང་པོས་ཕྱིའི་དགྲ་བགེགས་པ་ཅན་ཐམས་ཅད་དང་༔ ནང་གི་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་དོ༔ གཤིན་རྗེ་གཤེད་ཀྱིས་སྐུའི་གཟི་བརྗིད་བསྐྱེད་དོ༔ རྟ་མགྲིན་གསུང་གིས་ངག་ལ་ནུས་པ་སྦྱར་རོ༔ ཕྱག་ན་རྡོ་རྗེས་སེམས་ལ་རྟོགས་པ་འཆར་རོ༔ མཁའ་འགྲོ་སྡེ་ལྔས་རྩ་ཁམས་རླུང་ཐིག་བྱིན་གྱིས་བརླབས་སོ༔ ནམ་མཁའ་ལྡིང་གིས་ཕྲིན་ལས་མཐར་ཕྱིན་པར་བྱེད་དོ༔ སྡེ་བརྒྱད་དམ་དུ་གཟིར་བས་དགྲ་བགེགས་ཐམས་ཅད་གཅུན་པར་བྱེད་དོ༔ ཡཀཱ་མེ་དབལ་གྱིས་གནོད་བྱེད་ཐམས་ཅད་སྒྲོལ་བར་


CMR009_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ༔ དེ་ལྟ་བས་ན་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་དྲིལ་ནས༔ དྲག་པོ་བླ་མའི་གསང་སྔགས་སུ་བྱིན་གྱིས་བརླབས་པ་འདི་ནི༔ ཡོན་ཏན་གཞན་ལས་འབུམ་འགྱུར་གྱིས་ལྷག་ཅིང་བྱིན་རླབས་མྱུར༔ ཞེས་དང་༔ ཨ་ཡ་མ་དུ་རུ་ཙ་ཤ་སོགས་སྡེ་བརྒྱད་སྔགས་གསུངས་ནས༔ དྲེགས་པ་སྡེ་བརྒྱད་གཅུན་པའི་སྙིང་པོ་ཡིན༔ བཟླས་པས་སྡེ་བརྒྱད་སྲོག་ལ་མེ་ལྟར་འབར༔ བཀའ་ཉན་གསུང་སྡོད་དམ་ལས་མི་འདའ་འགྱུར༔ ཞེས་གསུངས་སོ༔ ལས་ཚོགས་གང་སྒྲུབ་ཀྱང་འདིའི་སྒོ་ནས་མྱུར་ཏེ༔ གུ་རུ་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ལས༔ ལས་ཚོགས་མཐའ་རྒྱས་དེ་ལྟར་ཏེ༔ གཞན་ལས་ཟབ་སྟེ་མྱུར་བར་འོང་༔ ཞེས་བཀའ་བསྩལ་ཏོ༔ འོན་ཀྱང་གུ་རུ་དྲག་པོ་ཡིན་ཟེར་བའི་མངོན་རྟོགས་དང་སྔགས་ཨ་ཙིག་ཡོད་པ་ཙམ་གང་བྱུང་ལ་ཡིད་བརྟན་མི་བྱ་སྟེ༔ དྲག་པོ་རཏྣ་ལུགས་འདི་ཉིད་ཀྱི་ལོ་རྒྱུས་གསང་བ་སྙིང་གི་ཏི་ཀ་ལས༔ བདག་འདྲ་བུད་མེད་མཁར་ཆེན་བཟས༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་ནི༔ བོད་ཡུལ་མཐའ་དབུས་ཀུན་ཏུ་ཡང་༔ གཏེར་ཁ་ལྔ་ལས་སྦས་པ་མེད༔ མ་འོངས་ལོག་པའི་དམ་


CMR009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱིས༔ དྲག་སྒྲུབ་ཟེར་ཞིང་འདྲ་མིན་བཅོས༔ དེ་ལ་ཡིད་གཏད་བྱ་མི་རུང་༔ ལྔ་པོའི་ནང་ནས་མཆོག་གྱུར་པ༔ སྙིང་པོའི་ཡང་ཞུན་དམ་པ་འདི༔ དུས་ལ་དགོས་པའི་གཏེར་ཡིན་པས༔ ཐུགས་སྒྲུབ་དྲག་པོ་གཏེར་གཅིག་མ༔ བོད་ཡུལ་གཏེར་གྱི་སྙིང་ཁྲག་གོ༔ ཞེས་དང་༔ མདོར་ན་བོད་ཡུལ་དུ་གཏེར་ཁ་བྱེ་བ་སྦས་ཀྱང་༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་ནི༔ ལྔ་ལས་སྦས་པ་མེད༔ མ་འོངས་པ་ན་གཏེར་རྫུན་ལོག་ཤེས་ཅན་གྱིས་བཅོས་ལོག་མང་པོར་འོང་བར་སྣང་སྟེ༔ དར་རྒྱས་མེད་བསྒྲུབ་ན་བར་ཆད་ཁྱི་ཟན་ལ་བོས་པ་ལྟར་ཕུང་༔ རླུང་གིས་ཁྱེར་ཏེ་ཅིའི་ཕྱིར་ན་བཀའ་བབ་ཀྱི་བྱིན་རླབས་རྟགས་མཚན་མེད་པ་ཡིན་ནོ༔ ཞེས་དང་༔ རཏཱ་ལུགས་ཀྱི་ཕྱི་སྒྲུབ་ལས༔ མཚོ་རྒྱལ་བདག་གིས་གུ་རུས་གསུང་བཞིན་དྲག་པོ་ཐུགས་སྒྲུབ་དྲག་པོའི་གཏེར་ཁ་ལྔ་ཙམ་བོད་ཡུལ་མཐའ་དབུས་ཕྱོགས་མཚམས་སུ་སྦས་ཏེ༔ དེའང་ལྷོ་གཏེར་འབྲས་བུའི་ཚུལ་འདི་ས་འོག་ཀུན་གྱི་གཏེར་གཅིག་མའོ༔ མ་འོངས་པ་ན་གདོལ་ཅན་ཟོག་པོས་དྲག་སྒྲུབ་ཟེར་ཞིང་གཏེར་རྫུན་མང་པོ་འབྱུང་སྟེ༔ བར་ཆད་ཀྱི་སྣང་བ་ལ་འགུགས་པས་བཀྲ་མི་ཤིས༔ སྨོན་ལམ་དག་པའི་སྐྱེས་བུ་རྣམས་


CMR009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ལོངས་སྤྱོད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཁྱད་པར་དུ་ཡང་འདི་ཉིད་ཁམས་ཕྱོགས་སུ་འདིའི་བཀའ་བབས་ལུང་བསྟན་པའི་ཆོས་ཀྱང་ཡིན་ཏེ༔ དྲག་པོ་རཏྣ་ལུགས་འདིའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་མཇུག་ནས༔ སྙིགས་མ་ལྔ་བདོའི་ཐ་མ་ལ༔ སྐལ་ལྡན་སྐྱེས་བུ་གཅིག་དང་འཕྲད་ནས་ཀྱང་༔ ཡོན་ཏན་བསྟན་པ་མཐའ་རྒྱས་ཤིང་༔ ཆོས་འདི་དྲག་བསྒྲུབ་ཀུན་གྱི་སྙིང་༔ མ་འོངས་ཁམས་དང་གཙང་ཕྱོགས་སུ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ ཞེས་ལུང་བསྟན་ཏོ༔ ཀཿཐོག་པདྨ་སེང་གེས་གཏེར་ཁ་བརྒྱད་ཀྱི་འགུར་དྲག་ཡོངས་སུ་རྫོགས་པ་ཐོབ་ཅིང་མཁས་པར་སྦྱངས་བས༔ དོན་ལ་ཐམས་ཅད་ཁྱད་ཆེར་མི་འདུག་གསུང་ཞིང་རཏྣ་ལུགས་འདི་ཟབ་པར་དགོངས་ནས༔ ཕྱག་ལེན་ཟིན་བྲིས་མཛད་ཅིང་ཐུགས་དམ་དུ་མཛད་པ་དང་༔ ཆོས་རྗེ་མཁར་དྲུང་གིས་རྙིང་མའི་ཆོས་ཐམས་ཅད་ཀྱི་དབང་ལུང་གི་རྒྱུན་རི་བོ་ཆེར་བཞུགས་ཡོད་པར་དགོངས་ནས༔ ཚེ་ཆོག་པ་པདྨ་དབང་ཕྱུག་ཅེས་པ་ཤེས་རབ་ཕུན་སུམ་ཚོགས་པ་དེ་ཤར་ཀཐོག་དང་སྤྱི་ཀོང་སོགས་ཐམས་ཅད་དུ་བཏང་ནས་དབང་ལུང་ཞུ་བཅུག༔ གསང་ཐབས་སུ་ཚེ་ཆོག་པ་ལས་ཁོང་རང་གིས་གསན༔ ཕྱིས་ཚེ་ཆོག་པ་


CMR009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེ་དྲུང་མཚོ་སྐྱེས་རྡོ་རྗེའི་ཀྱང་དབང་ལུང་ཕལ་ཆེར་གསན་པར་མཛད་དེ༔ ཚེ་ཆོག་པ་དེས་རྙིང་མའི་ཆོས་ཕལ་ཆེར་དང་འགུར་དྲག་རིགས་དུ་མ་དགོངས་ནའང་༔ རྒྱུན་གྱི་ཐུགས་དམ་ཆག་མེད་དེ་རཏྣ་ལུགས་ཀྱི་དྲག་པོའི་ལས་བྱང་འདི་མ་གཏོགས་ཅི་ཡང་མི་འདོན་སྐད༔ དེ་ཇི་ལྟར་ལགས་ཞུས་པས་འདི་འཐུས་ཆེ་བས་དཀྱིལ་འཁོར་འདི་ལ་མ་འདུས་པའི་ལྷ་མི་སྣང་གསུང་སྐད༔ དེ་ཤིན་ཏུ་བདེན་ཏེ་སྤྱིར་བཀའ་བརྒྱད་ལ་མ་འདུས་པའི་གསར་རྙིང་གི་ལྷ་མེད་དེ༔ དེའི་ཕྱིར་ཞི་ཁྲོ་ཡོངས་རྫོགས་ཟེར་རོ༔ བཀའ་བརྒྱད་ཀྱང་འདི་ལ་མ་འདུས་པ་མེད་དེ༔ འཇམ་དཔལ་སྐུའི་རིགས་ཐམས་ཅད་དཔྲལ་བར་འདུས༔ པདྨ་གསུང་གི་རིགས་ཐམས་ཅདམགྲིན་པར་འདུས༔ ཡང་དག་ཐུགས་ཀྱི་རིགས་ཐམས་ཅད་ཐུགས་ཀར་འདུས༔ མ་མོ་རྦོད་གཏོང་གི་རིགས་ཐམས་ཅད་ལྟེ་བར་འདུས༔ ཕྲིན་ལས་གནོད་སྦྱིན་གོས་སྔོན་ཅན་གྱི་རིགས་ཐམས་ཅད་གསང་བར་འདུས༔ གཞན་ཡང་བསྐལ་བཟང་བདེ་བ་ཅན་གྱི་མདོ་སྡེ་གཉིས༔ ཚེ་མདོ་གཟུངས༔ ད་ལྟར་གྱི་སངས་རྒྱས་ཏིང་ངེ་འཛིན་གྱི་མདོ༔ པདྨ་དཀར་པོ་ལ་སོགས་པའི་དོན་ནི་དབུ་གཙུག་ན་འོད་དཔག་མེད་ལ་སངས་རྒྱས་སྟོང་གིས་བསྐོར་བ་


CMR009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ལ་འདུས་ཏེ༔ ཐེག་པ་ཆེ་ཆུང་གི་མདོ་སྡེ་ཐམས་ཅད་ནས་སངས་རྒྱས་རྗེས་སུ་དྲན་པའི་ཕན་ཡོན༔ སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་ཕན་ཡོན༔ སངས་རྒྱས་ཡིད་ལ་བྱས་པའི་ཕན་ཡོན༔ སངས་རྒྱས་ལ་མཆོད་པ་ཕུལ་བའི་ཕན་ཡོན༔ ཇི་སྐད་གསུངས་པ་ཐམས་ཅད་འདི་ལ་འདུས་སོ༔ དེའི་འོག་ཏུ་བྱ་ཁྱུང་ལ་ཉེ་སྲས་སོགས་བྱང་ཆུབ་སེམས་དཔས་བསྐོར་བར་བསྒོམ་ཞིང་མཆོད་པ་དང་སྔགས་བཟླས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པའི་ཕན་ཡོན་ཐམས་ཅད་དང་༔ ཁྱུང་གི་ལས་རྒྱུད་མཆུ་སྡེ་ལྔ་སོགས་ཀྱི་དོན་འདུས་སོ༔ སྐུ་གསེབ་ཏུ་པདྨ་འབྱུང་གནས་གྲུབ་ཐོབ་ཆ་ལུགས་ཅན་ལ་རྩ་བརྒྱུད་བླ་མ་ཐམས་ཅད་བསྟིམ་ཞིང་དབང་ཞུ༔ མདུན་བསྐྱེད་དུས་རྩ་བརྒྱུད་བླ་མ་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱིས་བསྐོར་བར་ནས་མཆོད་པ་ཕུལ་བས༔ གསར་རྙིང་གི་མདོ་རྒྱུད་དུ་མ་ནས་བླ་མ་མཆོད་པའི་ཕན་ཡོན༔ བླ་མ་སྒྲུབ་པའི་ཕན་ཡོན༔ བླ་མའི་རྣལ་འབྱོར་ཐམས་ཅད་འདུས་སོ༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་བྷེ་ཞིང་མཆོད་བསྟོད་བྱས་སྔགས་ཧཱིཤྲཱི་བགྲངས་བས༔ རྙིང་མའི་ཚེ་བདག༔ ཁ་ཐུན༔ ནཱ་ག་རཀྵ༔ འཆར་ཁ༔ ཀིང་ཀང་དམར་ནག༔ ཁྲོ་ཆུ་འཇིགས་


CMR009_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ གསར་མའི་དགྲ་ནག་གདོང་དྲུག་གཤེད་དམར་མཐར་བྱེད་སོགས་མདོར་ན་འཇམ་དཔལ་རྩ་རྒྱུད་དང་དམར་ནག་འཇིགས་གསུམ་གྱི་རྒྱུད༔ རྙིང་མའི་འཇམ་དཔལ་རོལ་པའི་རྒྱུད་ཆ་ལག་དང་བཅས་པའི་དོན་འདུས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ རྒྱུད་དེ་དག་གི་དོན་རྩ་ལྷ་གཤིན་རྗེ་གཤེད་བྷེ་ཞིང་༔ སྔགས་ཧཱིཏྠི་བགྲང་བ་ལས་ལྷག་པ་མེད་པའོ༔ མགྲིན་པར་རྟ་མགྲིན་བྷི་སྔགས་རྒྱ་ཤྲཱི་ཝ་བགྲོངས་བས༔ རྟ་མགྲིན་གནམ་བཀོད་ཀྱི་མདོ༔ རྒྱ་གྷི་ཝའི་གཟུངས༔ རྟ་མཆོག་རོལ་པའི་རྒྱུད༔ གསང་འདུས་རྒྱུད་ལ་བརྟེན་ནས་ཇོ་བོ་རྗེས་མཛད་པའི་ཤྭ་ན་བཞི་སྐོར༔ ཡང་གསང་ཁྲོས་པ་ལ་སོགས་མདོར་ན་གསར་རྙིང་གི་རྟ་མགྲིན་མཐའ་དག་འདུས་སོ༔ སྤྱན་རས་གཟིགས་བྱ་གྷི་ཝ་ཞེས་འདི་ཐུགས་རྗེ་ཆེན་པོའི་རིགས་ཡིན་པས་ཐུགས་རྗེ་ཆེན་པོའི་བྷེ་བཟླས་ཡང་ཚང་ངོ་༔ ཐུགས་ཀར་ཕྱག་རྡོར་བསྒོམས་ནས་སྔགས་ཙཎྜ་མ་ཧཱ་བགྲངས་བས༔ གསར་མའི་གཏུམ་ཆེན་གཏུམ་ཆུང་འབྱུང་འདུལ་གོས་སྔོན་ཅན༔ རྙིང་མའི་ཕྱག་རྡོར་དྲེགས་པ་ཀུན་འདུལ༔ འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་ཀྱི་རྩ་རྒྱུད་ཆེན་པོ་དང་ནཱ་ག་ཀླུ་འདུལ་རྒྱུད༔ གསར་མའི་རིག་པ་


CMR009_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྒྱུད་ཆེན་པོ༔ ཕྱག་རྡོར་དབང་བསྐུར་བའི་རྒྱུད༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་རྒྱུད༔ གསང་བ་བསྟན་པའི་མདོ་སྡེ་ལ་སོགས་པའི་དོན་འདུས་སོ༔ ལྟེ་བར་ཕག་མོ་བདུད་འདུལ་ལྷ་ལྔ་བསྒོམ་ཞིང་༔ སྔགས་ཧ་རི་ནི་ས་བགྲང་བས་རྙིང་མའི་ཕག་མོ་མངོན་འབྱུང་རྒྱུད་ལེའུ་གསུམ་ཡོད་པར་གསུངས་པ་དང་༔ མ་མོ་རྦོད་གཏོང་གི་རྒྱུད་ཐམས་ཅད༔ གསར་མའི་ཕག་མོ་མངོན་འབྱུང་རྒྱུད་དང་༔ བདེ་མཆོག་གི་རྒྱུད་ཐམས་ཅད་ཀྱི་ཕྱེད་དེ་ཕག་མོ་ཡིན་པ་དང་༔ དགྱེས་རྡོར་གྱི་རྒྱུད་ནས་བདག་མེད་མའི་སྒྲུབ་ཐབས་གསུངས་པ་དང་༔ དུས་འཁོར་རྒྱུད་ནས་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་གསུངས་པ༔ མ་ཅིག་གི་གཅོད་ལུགས་ཀྱི་སྒྲུབ་ཐབས་དུ་མ་གསུངས་པ་ཐམས་ཅད་འདུས་སོ༔ ཡཀཱ་མེ་དབལ་གསང་བར་བསྒོམ་ཞིང་ཡཀྵ་ཧཱུྃ་གི་སྔགས་བརྗོད་པས༔ རྙིང་མའི་སྟོབས་ལྡན་ནག་པོའི་རྒྱུད་ཐམས་ཅད་དང་༔ གསར་མའི་གནོད་སྦྱིན་ཡཀྵ་ནག་པོའི་རྒྱལ་པོ་ཞེས་བྱ་བ༔ ཞལ་གསུམ་ཕྱག་དྲུག་མགོ་བརྙན་ཅན་གིག་གི་རྒྱུད་སྒྲུབ་ཐབས་གསུངས་པ་དང་༔ གནོད་སྦྱིན་གོས་སྔོན་ཅན་དང་༔ རྣམ་འཇོམས་ཕུར་པ༔ སྦྱོང་རྒྱུད་ནས་རྡོ་རྗེ་གནོད་སྦྱིན་རྣམས་ཀྱི་དོན་འདུས་སོ༔ ཐུགས་


CMR009_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་མཆོད་རྟེན་བསྒོམས་པས་མཆོད་རྟེན་བདེ་གཤེགས་སྐུ་གདུང་ལ་དད་གུས་དང་ཡིད་ལ་སྒོམ་པའི་ཕན་ཡོན་ཚང་༔ དེའི་དབུས་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་དྲིལ་འཛིན་པ་དེ་ནི༔ བདེ་མཆོག༔ དགྱེས་རྡོར༔ གསང་འདུས༔ མི་བསྐྱོད་པ༔ རྡོ་རྗེ་འཆང་ཆེན༔ ཀུན་ཏུ་བཟང་པོ༔ བླ་མེད་ཧེ་རུ་ཀ༔ རྡོ་རྗེ་སེམས་དཔའ༔ ཆེ་མཆོག་ཧེ་རུ་ཀ༔ ཡང་དག་རྣམས་ཀྱི་དོན་འདུས༔ སྐུའི་ངོ་བོ་དེ་ཡིན༔ ཐུགས་ཀྱི་ངོ་བོ་ཡང་དེ་དག་གཅིག་པར་བཀའ་བརྒྱད་ཀྱི་རྒྱུད་གསང་བ་འདུས་པ་ནས་ཀྱང་གསུངས་སོ༔ སྙིང་དབུས་རྡོ་རྗེ་དང་ཉི་ཟླ་ཧཱུྃ་ཡིག་བསྒོམ་པ་དེས་ཞི་གནས་ཀྱི་སེམས་འཛིན་ཁྲིད་ཐམས་ཅད་ནས་གསུངས་པའི་དོན་འདུས་སོ༔ དྲག་པོ་རིགས་ལྔ་མཁའ་འགྲོ་སྡེ་ལྔ་ནི༔ དོན་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལྔའི་ངོ་བོ་ཡིན་པས་དཀྱིལ་འཁོར་ཐམས་ཅད་ཀྱང་འདུས་ལ༔ ཁྱད་པར་རྡོ་རྗེ་གཞོན་ནུ་ཁྲོ་བོ་བཅུ་དང་བཅས་པ་ཡོད་པས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས་པར་ཚང་༔ སྤྱིར་གསར་རྙིང་ཐམས་ཅད་ལ་གཤིན་རྗེ་ཚེ་བདག་ཁྲོས་ནག་སེང་གདོང་མ་དང་གསུམ༔ ལས་ཚོགས་ཕྱུག་ཤོས་ཡིན༔ གདམས་ངག་ཡང་རྣོ་བར་བྱེད་པ་


CMR009_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས༔ དེ་གསུམ་འཁོར་ལྷ་བྱས༔ ལྷ་དེ་གསུམ་བསྒོམ༔ དེ་གསུམ་མཆོད་བསྟོད་སྔགས་བཟླས་ནས༔ དེ་གསུམ་གྱི་ལས་ཚོགས་ཐམས་ཅད་དྲག་པོ་འདི་ལ་སྦྱར་ཆོག་པའི་གནད་ཡིན་ནོ༔ དེ་ལྟར་ཐམས་ཅད་འདུས་པ་ཅིའི་ཕྱིར་ཞེ་ན༔ ཨོ་རྒྱན་རིན་པོ་ཆེས་མི་མཁྱེན་པ་མེད་པས༔ ཁོང་ལ་བློ་གཏད་ལིང་སྐྱུར་དྲག་པོ་འདི་སྒྲུབ་པ་རྣམས་ལ༔ དེ་ཐམས་ཅད་ཀྱི་བྱིན་རླབས་འདུས་ཤིང་༔ ཟབ་པ་ཞིག་དགོས་པར་དགོངས་ནས༔ དེ་ཐམས་ཅད་ཀྱི་དོན་ལ་མན་ངག་གི་བསྡུས་ནས་གཅིག་ཏུ་འདྲིལ་བ་ཡིན་ནོ༔ དེ་ཐམས་ཅད་སོ་སོ་ནས་གཅིག་ཏུ་བསྡུས་རུང་ངམ་ཞེ་ན་རུང་སྟེ༔ ནཱ་རོ་པས་ཕ་རྒྱུད་མ་རྒྱུད་ཐམས་ཅད་ནས་ནཱ་རོ་ཆོས་དྲུག་བསྡུས་པ་ལྟ་བུའོ༔ འོ་ན་དེ་ཐམས་ཅད་ཀྱང་བསྟན་པ་སྤྱིའི་བཤད་པ་དང་མཐུན་པར་རྒྱུད་ལུང་མན་ངག་དང་བསྟན་པ་ནི༔ གདུལ་བྱ་ཐེ་ཚོམ་སེལ་བའི་ཕྱིར་དྲང་དོན་ཙམ་ཡིན་གྱི༔ ངེས་པའི་དོན་ལ་ཨོ་རྒྱན་རིན་པོ་ཆེའི་གསུང་རྣམས་རྒྱུད་གཞུང་ནས་ཐུ་བ་དང་ལུང་འདྲེན་པ་མི་དགོས་ཏེ༔ ངོ་བོ་སངས་རྒྱས་ཚེ་དཔག་མེད་དངོས་ཡིན་པས༔ གསུང་ཐམས་ཅད་རྒྱུད་ཚིག་རྡོ་རྗེའི་གསུངས་ཡིན་པས༔ ཤཱཀྱ་སེང་གེ་དངོས་ཡིན་པས་མདོའི་ཚིག་ཀྱང་འདི་ག་ཡིན༔


CMR009_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་པུརྩི་ཞེས་བྱ་ཡིན་པས༔ བྱང་ཆུབ་སེམས་འགྲེལ་ཡང་འདི་ཉིད་ཡིན༔ གྲུབ་ཆེན་བརྒྱད་ཀྱི་ཡ་གྱལ་པདྨ་བཛྲ་ཡིན་པས་གྲུབ་ཐོབ་ཀྱི་མཛད་པའི་རྒྱ་གཞུང་ཡང་འདི་ཉིད་ཡིན༔ རྒྱུད་ཐམས་ཅད་ཀྱི་དོན་རྒྱུད་ཀྱི་བདག་པོས་བསྡུས་ཕྱིར་བསྡུས་རྒྱུད་ཡང་ཡིན༔ མན་ངག་ཐམས་ཅད་འདིར་འདུས་པས་མན་ངག་ཟབ་མོ་ཡང་ཡིན༔ ཆོ་གའིཆ་ལག་ཚང་བས་ལས་བྱང་ཆོ་ག་ཡང་ཡིན༔ འདི་སྒྲུབ་ཐབས་ཐམས་ཅད་ཀྱི་མ་ཁོག་རྩ་བ་ཡིན་པས་སྒྲུབ་ཐབས་ཀྱང་ཡིན༔ ཚེ་དཔག་མེད་དང་དྲག་པོ་སྦྲག་སྟེ་སྒྲུབ་པས་ཚེ་གུར་སྦྲག་མ་ཡང་ཡིན༔ ཚེ་དཔག་མེད་དང་རྟ་མགྲིན་གཉིས་ཀའི་སྒོམ་བཟླས་ཚང་བས་ཚེ་རྟ་མགོ་འབྲེལ་ཡང་ཡིན༔ སྔགས་ཐོད་ཕྲེང་རྩལ་དང་ཨ་ཙིག་གཉིས་ཀ་ཡོད་པས་ཞི་དྲག་སྦྲག་མ་ཡང་ཡིན༔ ཞི་བ་འོད་དཔག་མེད་སངས་རྒྱས་སྟོང་༔ ཁྲོ་བོ་བཅུ་སོགས་ཡོད་པས་ཞི་དྲག་སྦྲག་སྒྲུབ་ཀྱང་ཡིན༔ ཐུགས་ཀ་ན་བཛྲ་ཧེ་རུ་ཀ༔ ཕྱིའི་དུར་ཁྲོད་ལ་གོ་རིའམ་ཀོའུ་རི་མ་བརྒྱད་ཡོད་པས་ཡང་དག་མར་མེ་དགུ་པ་དང་༔ དགྱེས་རྡོར་ལྷ་དགུ་ཡང་ཚང་༔ དེས་ན་འདི་ཉིད་ཉམས་སུ་ལེན་ནུས་ན་དེ་ཁོ་ནས་ཆོག་པར་གདའོ་སྐལ་ལྡན་རྣམས༔ ཞེས་བྱ་བ་འདི་ནི་


CMR009_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་འཛིན་པའི་དགེ་བའི་བཤེས་གཉེན་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་དུ་མ་ལ་མཁས་ཤིང་བྱང་བ་རིག་པའི་གནས་དུ་མ་ལ་བློའི་པདྨོ་རབ་ཏུ་བཞད་པ༔ དེ་ཝ་ཨ་ཙཎྜ་ཞེས་བྱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས༔ ཆོས་འདི་ཉིད་ལ་ཡི་དམ་དུ་བྱེད་པའི་རྣལ་འབྱོར་པ་རཱ་ག་ཨ་སྱས༔ ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཡར་ཚེས་བཞི་ནས་བརྒྱད་ཀྱི་བར་དུ་ཐུན་མཚམས་སུ་བྲིས་པ་ལ་འགལ་འཁྲུལ་སྦ་འོས་གསལ་བཀོད་གསང་སྒྲོག་སོགས་ཉེས་པ་གང་མཆིས་བླ་མ་དྲག་པོའི་ལྷ་ཚོགས་བཀའ་སྲུང་དང་བཅས་པ་རྣམས་ལ་བཤགས་སོ༔ འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག༔ འདི་བྲིས་དགེ་བའི་རྩ་བ་དེས༔ འདི་ཉིད་མཐོང་ཐོས་དྲན་རེག་གིས་གཙོར་བྱས་བདག་སོགས་སེམས་ཅན་ཐམས་ཅད་འདི་ནས་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཨུ་རྒྱན་ཆོས་ཀྱི་སྐུའི་ཞིང་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་གྱུར་ཅིག༔ འདི་ཉིད་ཉམས་སུ་སུས་བླངས་བ་ཐམས་ཅད་བཀའ་སྲུང་སྤུ་གྲི་མཆེད་གསུམ་དགེ་བསྙེན་སྨྱོ་ཁ་རྣམས་ཀྱིས་སྲུང་ཞིང་སྐྱོང་བ་དང་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ཤིག༔ མངྒ་ལཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམཉརྒྱརྒྱརྒྱ། ཤུ་བྷཾ།། །།


CMR009_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་།ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་།། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས།next