Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས།
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས།next

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས།


CMR009_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས་བཞུགས་པའི་དབུའོ༔ མ་ཧཱ་ཡོ་གའི་ལུགས་སྤྱིའི་ཐུན་མོང་ངོ་༔


CMR009_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ༔ འདིར་གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ངག་ཁྲིད་ཅུང་ཟད་གཅིག་བཀོད་ན༔ སྤྱིར་གསང་སྔགས་རྙིང་མའི་ལུགས་ལ༔ ལས་བྱང་ཆོ་གའི་རིགས་ཐམས་ཅད་ལ༔ རིགས་བཞིར་ངེས་ཏེ༔ མ་ཧཱ་ཡོ་གའི་ལུགས་ཀྱི་ཆོ་ག༔ ཨ་ནུ་ཡོ་གའི་ལུགས་ཀྱི་ཆོ་ག། ཨ་ཏི་ཡོ་གའི་ལུགས་ཀྱི་ཆོ་ག༔ གསུམ་ཀ་འདྲེས་མའི་ལུགས་ཀྱི་ཆོ་ག་དང་བཞིར་འོང་ངོ་༔ དེ་ལ་ཨ་ཏི་ཡོ་ག་ནི་ཉམས་ལེན་རྫོགས་པ་ཆེན་པོ་ཡིན་པས་སྤྲོས་བཅས་མེད་མོད་ཅིང་དེའི་ལུགས་ཀྱི་ཆོ་ག་ཡང་གསུངས་པས༔ ཆོ་ག་འགའ་ཞིག་མཚམས་གཅོད་ཡང་ལྟ་བའི་མཚམས་གཅོད༔ བགེགས་


CMR009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་རྒྱུ་ཡང་ང་བདག་གཟུང་འཛིན་སོགས་སུ་བྱས་ནས༔ དངོས་གཞི་ལྷ་ཡང་སྐད་ཅིག་ལ་གཤིས་སྟོང་ཉིད་ལྟ་བའི་རྩལ་དེ་ཉིད་རྣམ་པ་ལྷའི་སྐུར་སྣང་ཙམ༔ དེ་ལ་སྤྱན་འདྲེན་སོགས་མི་དགོས་རང་སེམས་དེ་ལས་གཞན་དུ་ཡེ་ཤེས་པ་མེད་ཀྱང་༔ དེ་ལྟར་མ་རྟོགས་པའི་རྟོག་པ་སྦྱང་ཕྱིར་སྤྱན་འདྲེན་བྱས་ཀྱང་མི་འགལ༔ མཆོད་པ་ཐམས་ཅད་ཀྱང་དུག་ལྔ་ཡེ་ཤེས་ལྔར་མཆོད་པ༔ འདོད་ཡོན་ལྔ་རིག་སྟོང་ཚོར་སྟོང་སོགས་སུ་མཆོད་པ༔ བསྟོད་པ་ཡང་དུག་ལྔ་རང་གྲོལ་ཡེ་ཤེས་ལྔར་བསྟོད་པ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐུ་གསུམ་དུ་བསྟོད་པ༔ བསྐུལ་པ་ཡང་རིགས་


CMR009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ཡེ་ཤེས་ལྔ་བསྐུལ་ཏེ་དུག་ལྔ་འདུལ་བ༔ རྟ་བྲོ་ཡང་དུག་ལྔའི་མགོ་ལ་ཡེ་ཤེས་ལྔས་མནན་པ་སོགས་མདོར་ན་ཉམས་ལེན་རྫོགས་ཆེན་གྱི་དོན་གཅིག་པུ་ལ་དཀྱིལ་འཁོར་ཆོ་གའི་རྣམ་པར་གསུང་པ་སྟེ༔ དཔེར་ན་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་འབྲིང་པོ་ལྟ་བུ་ཡིན་པས༔ དེ་འདྲ་བའི་ཆོ་ག་ལ་བསྐྱེད་རིམ་གྱི་དམིགས་པ་རྒྱུ་གུ་ཕྲེང་བྱ་མི་དགོས༔ ལྟ་བ་ཉམས་ལེན་གྱི་ངང་ནས་ཆོ་གའི་གཞུང་ཐམས་ཅད་བསྲུང་བར་བྱ་བ་ཡིན་ནོ༔ ༈ ཨ་ནུ་ཡོ་ག་ནི་རྩ་རླུང་གཙོ་ཆེ་བས་དེ་ལ་ཡང་ཆོ་ག་གཙོ་མི་ཆེ་མོད་ཀྱིས༔ འོན་ཀྱང་ཆོ་ག་གསུངས་པ་ཡོད་པ་ནི་ལུས་དཀྱིལ་གཙོ་ཆེ་བས༔ དེའི་རིགས་ལ་དཀྱིལ་འཁོར་དང་བུམ་པ་སོགས་གཙོ་ཆུང་༔ རང་ལུས་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་ཐམས་ཅད་དཔའ་བོ་ཌཱཀྐིའི་རང་བཞིན་ཡིན་པར་ཤེས་པའི་གོ་བ་བཟང་པོ་སྔོན་དུ་སོང་ནས༔ ཡིན་ལ་ཡིན་བཞིན་དུ་དེ་དང་དེར་གསོལ་གདབ་ཙམ་བྱ་བ་ཡིན་གྱིས༔ འདི་ལ་ཡང་མངོན་རྟོགས་སོགས་རྒྱུ་གུ་ཕྲེང་གི་བསྐྱེད་རིམ་མི་དགོས༔ དཔེར་ན་རང་ལུས་གྲུ་བཞི་འདོམ་གང་པ་དཀྱིལ་འཁོར་གྲུ་བཞི༔ ཁ་སྣ་གསང་བཤང་སྒོ་བཞི༔ སྙིང་པདྨ་འདབ་བརྒྱད༔ ཨ་ཧོ་ཡབ་ཡུམ་སོགས་ཏེ་དཔེར་ན་དགོངས་འདུས་


CMR009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཕྲེང་མཛེས་ལྟ་བུ་ཡིན་ནོ༔ དེ་ལྟར་ལུགས་གཉིས་པོ་དེ་དག་ནང་གི་ཏིང་ངེ་འཛིན་ཁོ་ན་གཙོ་ཆེ་བས༔ མངོན་རྟོགས་ངག་ཏུ་མ་བརྗོད་ཀྱང་ཆོག༔ ཏིང་ངེ་འཛིན་གསལ་མ་ཐེབས་ན་ཆོ་ག་བཏོན་ཀྱང་ཚང་བར་མི་འགྱུར་རོ༔ ཨ་ཏི་ལུགས་ལ་རང་གི་ལུས་དམ་ཚིག་སེམས་དཔའ༔ རང་སེམས་ཡེ་ཤེས་སེམས་དཔའ༔ རླུང་འབྱུང་འཇུག་རྡོ་རྗེའི་བཟླས་པ་ཡིན་པས་ཡིན་པ་ལ་ཡིན་པར་གསལ་འདེབས་ཙམ་ཡིན༔ ཨ་ཏིའི་ལུགས་ལ་སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས་ཡིན༔ ལྷ་སྔགས་དཀྱིལ་འཁོར་ཡང་རང་སེམས་ལས་གཞན་དུ་མ་གྲུབ་པར་འདོད་པས༔ དེ་རང་ངོ་ཤེས་ཤིང་གོམས་འདྲིས་སུ་བྱ་བ་ཁོ་ན་ལྷ་སྔགས་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཡིན༔ དེ་གསལ་འདེབས་ཕྱིར་དཀྱིལ་ཆོག་ལ་སྦྱར་ནས་ཆོ་གའི་རྣམ་པར་མཛད་པ་ཡིན་ནོ༔ ལུགས་གསུམ་ཀ་འདྲེས་མ་ནི་དེང་སང་པདྨ་འོད་འབར་ལྟ་བུ༔ མཚམས་གཅོད་ཨ་ནུ་ལྟར༔ ཡན་ལག་བཅུ་པ་སོགས་ཨ་ཏི་ལྟར༔ དེ་མན་མ་ཧྭ་ལྟར་ཡིན་པ་ཡང་༔ སོ་སོའི་ཐམས་ཅད་ཀྱི་ལུགས་བཞིན་སྣ་ཚོགས་ཏེ༔ དཔེར་ན་ཡན་ལག་བཅུ་པ་དུས་ངོ་བོ་སྐྱོང་བ་ཁོ་ནས་འཐུས་པ་ལྟ་བུའོ༔ ༈ མ་ཧཱ་


CMR009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་གའི་ལུགས་རཏྣ་ལུགས་ཀྱི་གུ་རུ་ཞི་དྲག་ཕུར་པ༔ ཆོས་དབང་ལུགས་ཀྱི་བཀའ་བརྒྱད་སོགས་ཡིན་ཏེ༔ དེ་ཡང་གསར་རྙིང་བསྲེ་མར་བྱེད་ན་བདེ་དགྱེས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ཀྱིས་ཁོག་ཕུབ་ན་དེའི་ནང་མཆོད་བྱིན་རླབས་དང་སྔོན་འགྲོ་སྐྱབས་སེམས་བདག་བསྐྱེད་སྔོན་དུ་བཏང་རྗེས༔ གུ་རུ་ཞི་དྲག་སོགས་འདོན་ན་སྔོན་འགྲོ་མི་དགོས་སོ༔ རྙིང་མ་ཁ་རྐྱང་བྱེད་ན་མཁར་དྲུང་ལུགས་ཀྱི་ཐུགས་སྒྲུབ་སྐྱབས་སེམས་དཀར་བགེགས་སམ༔ དྲག་པོ་བདེ་གཤེགས་འདུས་པའི་སྔོན་འགྲོའམ༔ བཀའ་བརྒྱད་ཀྱི་སྔོན་འགྲོའམ༔ དགོངས་འདུས་སྔོན་འགྲོའམ༔ ཉང་ལུགས་རྟ་མགྲིན་ནག་པོའི་སྔོན་འགྲོ་སོགས་གང་བྱས་རུང་མོད་ཀྱིས༔ དེ་ཡང་ཞི་བར་ན་སྐྱབས་སེམས་བྱ༔ རང་ཉིད་ཡི་དམ་གཙོ་རྐྱང་སྐད་ཅིག་ལ་གསལ་བས༔ དུང་ཆོས་ནང་གི་ཆུ་གཙང་བྱིན་བརླབ་བྱ༔ དེས་མཆོད་པ་ཐམས་ཅད་བྲན་ལ༔ དང་པོ་བདུད་རྩི་བྱིན་རླབས་ཏེ་བདུད་རྩིའི་སྔགས་ལན་གསུམ་བརྗོད་ཚེ་མཆོད་གཡོག་པས་ཕུད་སྐྱོགས་ཀྱིས་བདུད་རྩི་དཀྲུག་ཅིང་ལན་གསུམ་ཕྱར་ནས་བདུད་རྩི་དེས་མཆོད་པ་ཐམས་ཅད་བྲན་ལ༔ རཀྟ་བྱིན་རླབས་ནས་རཀྟའི་སྔགས་བརྗོད་ཚེ་མཆོད་གཡོག་པས་རཀྟ་དཀྲུག་ཅིང་ཕུད་སྐྱོགས་ཀྱིས་


CMR009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གི་གཟར་བུས་ལན་གསུམ་ཕྱར་ལ་བཞག༔ གཏོར་མ་དང་ཕྱི་མཆོད་ཡང་བྱིན་བརླབས་ནས༔ མཆོད་པ་འབྱུང་པོས་བརླམ་དོགས་ཀྱིས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་པཱུ་ཙ་ཧོ༔ ཞེས་རྩ་བ་གསུམ་ལ་སྔགས་མཆོད་བྱ༔ དེ་ནས་དཀར་གཏོར་གསེར་སྐྱེམས་གཉིས་མཆོད་གཡོག་པས་བཟུང་སྟེ་བསྔོས་ཏེ་ཕུལ༔ བགེགས་གཏོར་ཡང་དེ་བཞིན་བསྔོས་ལ་ཕུལ་ལོ༔ ༈ འདིར་མ་ཧཱ་ཡོ་གའི་ལུགས་ཀྱི་ལས་བྱང་ཐམས་ཅད་རྒྱས་བསྡུས་ཁྱོད་ཅུང་ཟད་མ་གཏོགས་ཐམས་ཅད་དབྱིབས་འདྲ་བས༔ ད་ལམ་རཏྣའི་གུར་དྲག་ལ་སྦྱར་ཏེ་བཤད༔ འདི་དག་གི་སྐབས་སུ་ལུང་འདྲེན་དང་ཞལ་རྒྱུན་དང་འཐད་མི་འཐད་དགག་སྒྲུབ་མཐའ་ཡས་པ་ཡོད་མོད་ཀྱང་ཡི་གེས་འཇིགས་པ་དང་༔ ལས་དང་པོ་པ་རྣམས་ལུང་འདྲེན་མང་ན་དེས་བསྒྲིབས་ནས་མི་གོ་བའི་སྐྱོན་དུ་འགྱུར་བ་དང་༔ གསར་མའི་བསྟན་བཅོས་འདྲ་ཡིན་ན་དེ་ལ་ཡིད་ཆེས་ཕྱིར་མདོ་རྒྱུད་ཀྱི་ལུང་རྒྱབ་མང་པོ་འདྲེན་དགོས་ཀྱི༔ འདིར་གུ་རུ་ཉིད་ཀྱི་སྒྲུབ་ཐབས་ཉིད་ཀྱིས་མཛད་པ་འདི་རྒྱ་གཞུང་རྩོད་པ་མེད་ཅིང་༔ དོན་དམ་པར་ན་རྒྱུད་ཀྱང་ཡིན་པའི་ཕྱིར་ལུང་འདྲེན་གཞན་མི་དགོས་ལས་བྱང་གི་གཞུང་ཚིག་རང་རྡོ་རྗེའི་གསུངས་


CMR009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ༔ དེ་ལ་འབྲུ་འགྲེལ་དང་བཤད་པའི་ན་ཡམ་མང་ན་ཡི་གེ་མང་ལ༔ ལག་ཐོག་ཏུ་ཉམས་སུ་མི་ལོན་པ་ཞིག་འབྱུང་བས་འདིར་བསྒོམ་བྱ་རགས་རིམ་ཙམ་བརྗོད་ཀྱི༔ ཕལ་ཆེར་གཞུང་ཉིད་ནས་འདོན་སྒོམ་གསལ་ཕྱིར༔ གསལ་པོ་རྣམས་མི་བཀྲོལ༔ ཅུང་ཟད་གོ་དཀའ་བ་རྣམས་བཤད་དོ༔ ༈ དེ་ལ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དྲག་པོ་དཔའ་གཅིག་གམ་ཀརྨ་དྲག་པོ་རྩལ་དུ་བསྒོམས་ལ༔ ཉོན་ཅིག་སོགས་བརྗོད་པས་བགེགས་རྣམས་སྐྲག་ཅིང་འདར་ལ་ཐལ་མོ་སྦྱར་ནས་ཉན་ཏེ༔ དེངས་ཤིག་ཅེས་པས་སྐད་ཅིག་ལ་སོ་སོར་བྱེར་བར་བསམས་ལ༔ ཧཱུྃ་བཞིའི་སྔགས་ཀྱིས་ཕྱོགས་བཞིའི་བགེགས་བསྐྲད་པར་བསམ་མོ༔ དེ་ཡང་གཏོར་མ་བྱིན་པ་ཞི་བ་བཀའ་བསྒོ་ཞི་དྲག་ཕྱེད་མ༔ སུམ་བྷ་ནི་དྲག་པོས་བགེགས་བསྐྲད་པའོ༔ ཧཱུྃ་བདག་ནི་ཞེས་སོགས་སྐབས་སུ་བདག་ཉིད་ལས་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་བུ་ཡུག་དང་སེར་རྒོད་ལྟར་སྤྲོས་པས༔ གང་དག་ཤིན་ཏུ་མི་སྲུན་པའི་བདུད་བགེགས་ཐམས་ཅད་རང་དབང་མེད་པར་བྱ་སྤུ་རླུང་གིས་གཏོར་བ་ལྟར་ནམ་མཁའི་ཕར་མཐར་བསྐྲད་ནས༔ དེ་རྣམས་ཚུར་འདུས་པ་ལས༔ རྡོ་རྗེའི་གུར་ཁང་ས་གཞི་དེ་རྒྱབ་འཁོར་ལོ་


CMR009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བྱེ་བ་བརྒྱ་སྟོང་ཞྭ་ཐེབས་ཁ་སྦྱོར་ལྟ་བུའམ༔ འཁོར་ལོ་ཆུང་ངུ་མང་པོ་སོ་འཐབ་འཁོར་བའི་གུར༔ དེ་རྒྱབ་རལ་གྲི་སོ་འཐབ་གུར༔ དེ་རྒྱབ་སྣ་ཚོགས་རྡོ་རྗེ་ཁ་གདེངས་བ་རྩེ་འཐབ་འཁོར་བ་མང་པོའི་གུར༔ དེ་རྒྱབ་ཕུར་པ་སོ་ཕྱིར་བསྟན་གུར༔ དེ་རྒྱབ་མེ་རི་ཁ་དོག་ལྔ་ལྡན་གྱི་གུར་ཟླུམ་པོ་སྒོ་ང་ལྟ་བུ་རླུང་ཡང་མི་ཐར་བ༔ གུར་དེ་དག་གི་བར་མཚམས་སུ་ཁྲོ་བོ་འཆོལ་པ་སྟེ་ཁྲོ་ཆུང་སྐར་ལྟར་འཁྲུག་ཅིང་ཧཱུྃ་ཕཊསྒྲོག་པར་བསྒོམ་སྟེ༔ མ་དྷ་ལ་ཧཱུྃ་ཕཊ་ཡིན་ནོ༔ ཧཱུྃ་བདེ་གཤེགས་སོགས༔ ཡི་དམ་ཞི་བ་དང་ཁྲོ་བོ་མ་ལུས་པ་ཐམས་ཅད་རང་གི་ལུས་སེམས་ལ་ཡེ་ནས་རྫོགས་པའི་དོན་འདི༔ གསང་སྔགས་དབང་གི་ཐབས་ཟབ་མོ་དང་༔ སློབ་དཔོན་གྱི་ཐུགས་རྗེས་བདག་གི་དོན་ཟབ་མོ་འདི་འདྲ་བ་རྟོགས་ཕྱིན་ཆད་༔ ད་ནི་རྡོ་རྗེའི་དམ་ཚིག་མི་འདའ་བར་མི་སྒྲུབ་རེ་ཞེས་དམ་བཅའ་སྟེ༔ ཞེ་མནའ་ལྟ་བུའོ༔ དེ་ནས་རང་སྔོན་ནས་ལྷ་དཔའ་གཅིག་ཏུ་གསལ་བ་དེའི་ཧཱུྃ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ཁྱད་པར་ཕྱི་ལྟར་ཟངས་མདོག་དཔལ་རི༔ ནང་ལྟར་བདེ་བ་ཅན་གྱི་ཞིང་༔ གསང་བ་དབང་དྲག་རོལ་


CMR009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར༔ འོག་མིན་ཆོས་ཀྱི་དབྱིངས༔ ཡུལ་ཉེར་བཞི་སོགས་ནས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་ཀྱི་དྲི་ངད༔ དར་གྱི་ན་བཟའ་ལྷབ་ལྷུབ་སོགས་ནམ་མཁའ་གང་བར་བྱོན་ནས༔ རྣལ་འབྱོར་པ་རྣམས་དང་སྒྲུབ་རྫས་གནས་ཁང་མཆོད་གཏོར་ཐམས་ཅད་བྱིན་བརླབས་ཏེ༔ གནས་ནི་ཨོ་རྒྱན་གྱི་ཡུལ༔ གནས་ཁང་གཞལ་ཡས་ཁང་༔ གྲོགས་དཔའ་བོ་ཌཱཀྐི༔ མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་བརླབས་ཏེ༔ དེ་རྣམས་སྐུ་གསུང་ཐུགས་རྟེན་རྣམས་ལ་ཐིམ་པར་བསྒོམ་ཞིང་བྱིན་འབེབས་འདོན་ནོ། འདི་ལ་མོས་གུས་དང་རོལ་མོ་དབྱངས་སྤོས་དུད་བཏང་བ་གནད་ཆེའོ༔ འདིར་མཆོད་པ་བྱིན་རླབས་མང་དུ་ཁ་སབ་མཁན་མང་བར་སྣང་སྟེ༔ སྔོན་འགྲོའི་དུས་བྱིན་བརླབས་བྱས་པས་ཆོག་པ་དང་༔ ཆོ་ག་ཉུང་ངུ་ལ་མང་པོ་སབ་པས་མི་མཛེས་པ་དང་༔ བཅོས་སླད་མི་རུང་བས༔ འདིར་གསང་སྔགས་ཀྱི་བྱིན་རླབས་ཁོ་ནས་ཆོག༔ རྒྱས་པར་འདོད་ན་སྔགས་རྣམས་གསུམ་རེའམ༔ བདུན་རེ་ཙམ་བརྗོད་ཅིང་དམིགས་པ་བཟུང་ངོ་༔ དམིགས་པ་ནི༔ རླུང་མེ་ཐོད་སྐྱེད་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་དམ་ཚིག་གི་བདུད་རྩི་ལ་སངས་


CMR009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་ཀྱི་རྒྱུན་སྤྱན་དྲངས་ནས་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ཤེལ་འདྲ་བ༔ རོ་སྦྲང་རྩི་འདྲ་བ༔ ཟག་མེད་ཀྱི་བདེ་བ་བསྐྱེད་པའི་ནུས་པ་ཅན་དང་༔ བྷནྡྷའི་སྣོད་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའོ༔ སྐད་ཅིག་གིས་ལྷ་མོ་གིརྟི་མའི་མཁའ་གསང་དུ་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ་པས་རཀྟའི་རྒྱུན་བབས་པས་བྷན་སྟོང་གསུམ་ཙམ་ལྕང་ལོ་ཅན་གྱི་ནང་དུ་འཁྱིལ་བ་རཀྟའི་རྒྱ་མཚོའོ༔ ལྷ་མོ་ཡང་རཀྟ་ལ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བསམ༔ གཟུགས་སྒྲ་དྲི་རོའི་ལྷ་མོ་སོགས་ལང་ཚོ་ཕུན་སུམ་ཚོགས་ཤིང་མཐོང་ངམ་རེག་པ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབེབས་ནུས་པ་དང་༔ མེ་ཏོག་བདུག་སྤོས་སོགས་ཕྱི་མཆོད་ལྔ་ཡང་རང་རང་གི་མིང་ཅན་གྱི་ལྷ་མོ་རང་རང་གི་མཆོད་རྫས་འཛིན་པ༔ དེ་རེ་རེ་ལ་ཡང་རང་འདྲ་བའི་སྤྲུལ་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་བྱེད་ཅིང་མཆོད་པ་འབུལ་བའི་ལས་ལ་བརྩོན་པར་དམིགས་ལ༔ སོ་སོའི་སྔགས་བརྗོད༔ འདིར་སྨན་རཀ་སྔོན་དང་ཕྱི་མཆོད་


CMR009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བྱུང་བ་ནི་གལ་སྨན་རཀ་ཆེ་བའི་དབང་དུའོ༔ དེ་ནས་གསར་མ་ལ་རྡོར་སེམས་སྒོམ་བཟླས་འབྱུང་བའི་དོད་པོ་ལ༔ འདིར་བཤགས་པ་བྱ་བ་ནི་དམ་ཚིག་ཉམས་ཆག་ཡོད་པས་བསྒྲུབ་ཀྱང་མི་འགྲུབ་པའི་ཕྱིར༔ ཉམས་ཆག་མ་ཚོར་བ་ཡང་བྱུང་དགོས་པས་བཤགས་ཚིག་གོ་སླ༔ དེ་ནས་གསར་མ་ལ་ཚད་མེད་བཞི་བསྒོམ་པའི་དོད་དང་མཚུངས་པར་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་སྟེ༔ ཆོས་ཐམས་ཅད་ཆོས་ཉིད་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ༔ ཡེ་ནས་མ་བཅོས་པའི་ཆོས་སྐུ་སྟེ་སངས་རྒྱས་པས་བཟང་དུ་མ་སོང་༔ འཁོར་བར་འཁྱམས་པས་ངན་དུ་མ་སོང་བ་དེ་དོན་སྔར་ནས་བླ་མས་ངོ་སྤྲད་པ་དེ༔ འདིར་ཚིག་གིས་གསལ་བཏབ་སྟེ་ཡུད་ཙམ་བསྒོམ་པ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི༔ སྟོང་པ་ཉིད་ཀྱི་རྩལ་སྙིང་རྗེར་ཤར་བ་དེས་འགྲོ་དོན་བྱ་ཕྱིར་གཟུགས་སྐུར་བཞེངས་ལ༔ དེ་ཡང་ཆོས་ཐམས་ཅད་རྟེན་འབྲེལ་རྒྱུ་འབྲས་ལས་


CMR009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་པའི་ཕྱིར་རྒྱུའི་ས་བོན་ཧཱུྃ་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ཏེ༔ ཏིང་འཛིན་འདི་གསུམ་ལ་ཁྲིད་ཐམས་ཅད་ཀྱི་སྙིང་པོ་ཟབ་ཆོས་ཐམས་ཅད་ཀྱི་རྩ་བ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་སྡོམ་ཆེན་པོ་ཡོད་པས་གོ་ཞིང་ཉམས་སུ་ཅི་ལོན་བྱ་བ་གལ་ཆེ༔ དེ་ནས་གསར་མ་བས་སྲ་བྷ་དང་ཤུ་ནྱ་ཏཱས་སྣོད་བཅུད་སྟོང་པར་སྦྱང་བའི་དོད་པོ༔ འདིར་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་མེ་ཆུ་རླུང་གསུམ་གྱིས་བསྲེགས་བཀྲུས་གཏོར་ནས་ཅི་ཡང་མེད་པའི་ནམ་མཁའ་སྟོང་པ་ལྟར་གྱུར་ཏེ༔ དངོས་པོར་འཛིན་པའི་ཨ་འཐས༔ མཚན་འཛིན་གྱི་བག་ཆགས་སྦྱང་བའོ༔ དེ་ནས་ཧཱུྃ་ལས་ཨེ་ཡཾ་ར་སུཾ་ཀཾ་རཾ་ཧཱུཾ་ཆད་པ་ལས༔ ཕྱི་སྣོད་འཇིག་རྟེན་ཆགས་པ་དང་༔ ནང་རྡོ་རྗེའི་ལུས་ཆགས་པའི་མ་དག་པ་སྦྱངས་ནས༔ ཡེ་ཤེས་རང་སྣང་གི་གཞུང་དུ་སྒྲུབ་པའི་ཕྱིར་དུ༔ འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྒོམ་པ་ནི༔ གསར་མའི་བདེ་དགྱེས་སོགས་དང་འདྲ་བས་འདིར་རྒྱས་པར་མི་སྤྲོ་ལ༔ ཅུང་ཟད་མི་འདྲ་བའི་ཁྱད་པར་ནི་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་དང་གྲུ་བཞི་སྒོ་བཞི་སྤྱི་ལྟར་ལས༔ རིན་ཆེན་སྣ་ལྔའི་རྩིག་པའི་ནང་དུ་ཐོད་པ་སྐམ་རློན་རྙིང་གསུམ་སྤེལ་མའི་


CMR009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་རིམ་པ་དྲུག༔ ལྷ་བརྒྱད་ཀ་བ་སོགས་ཁྲོ་བོའི་དཀྱིལ་འཁོར༔ དུར་ཁྲོད་བརྒྱད་སྤྱི་ལྟར་ལས་གྲུབ་ཐོབ་བརྒྱད་ནི་བཀའ་བརྒྱུད་ཀྱི་རིག་འཛིན་བརྒྱད་བསྒོམ༔ མེ་རིའི་ཕྱི་རོལ་དུ་རིན་པོ་ཆེའི་བྲག་རི་ཁྲ་བོས་བསྐོར་བར་བྷེ༔ དཀྱིལ་འཁོར་དབུས་སུ་པད་ཉི་རོ་གདན་ན་བཀའ་བརྒྱད་སོགས་ལ་བྱོལ་སོང་གཙོ་བརྒྱད༔ ཞི་བའི་རིགས་ལ་པད་ཉི་སོགས་བསྒོམ༔ ཚེ་སྒྲུབ་སོགས་དུར་ཁྲོད་མེད་པ་ལ་ཡང་སྐབས་ཐོབ་ཤེས་པར་བྱའོ༔ དེ་ནས་རྒྱུའི་ཡི་གེ་ཧཱུྃའམ་ཧཱི༔ དེ་གདན་དབུས་སུ་བབ་པ་ལས༔ སྤྲོ་བསྡུ་ཞེས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས༔ དྲག་པོ་ཡིན་ན་བདུད་དང་ལོག་འདྲེན་ཐམས་ཅད་ཚར་བཅད༔ ཁྲོ་རྒྱལ་དང་བདུད་བགེགས་ཀྱི་མཐུ་སྟོབས་བསྡུས་ནས༔ རྟ་མགྲིན་ནམ་དྲག་པོ་གང་ཡིན་བསྒོམ་སྟེ་རྒྱན་ཆ་ལུགས་མངོན་རྟོགས་ལྟར་རོ༔ གོ་ཆའི་ལྷ་སྒོམ་པ་ཟུར་རྒྱན་ལྟར་ཏེ་དམིགས་པ་གཞུང་རང་ལས་གསལ་ལྟར་རོ༔ ཐུགས་སྒྲུབ་ཆོས་དབང་ལུགས་ལ་རང་རྟ་མགྲིན་གྱི་མཐར་གིང་ཡབ་ཡུམ་བཅུ་དྲུག་བྷོ་ཞིང་༔ སྤྱི་བོར་པདྨ་འདབ་མ་གཉིས་སྟེང་ནང་མ་འདབ་བཞིར་ཐོད་ཕྲེང་སྡེ་བཞི༔ ཕྱི་མ་བརྒྱད་ལ་མཚན་བརྒྱད༔ དབུས་གསང་འདུས་ཐུགས་ཀར་བུདྡྷ་ཐོད་ཕྲེང་


CMR009_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྒྱུ་ཡིན་ལ༔ རཏྣ་ལུགས་ལ་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ༔ དེ་གནས་འགྱུར་གསང་འདུས་ཡབ་ཡུམ༔ རང་རྟ་མགྲིན་གྱི་ཐུགས་ཀར་བུདྡྷ་ཐོད་ཕྲེང་༔ དེ་རྒྱབ་སྐུ་བཞི་དང་མཚན་བརྒྱད༔ དེ་རྒྱབ་གིང་བཅུ་དྲུག་སྟེ་ཁྱད་པར་ཆེའོ༔ གུར་དྲག་གི་འཁོར་ལྷ་རྣམས་ཐུགས་ཀ་ནས་སམ༔ སྦྱོར་མཚམས་ནས་སྤྲོས་ཏེ་གདན་སོ་སོར་བཞག་དགོས་ཏེ༔ ཡབ་ཡུམ་གསལ་བའི་ཐུགས་ཀ་ནས༔ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང་༔ ཞེས་པའི་དོན་གོ་བར་བྱའོ༔ ༈ དེ་ལ་སྤྱིར་མངོན་རྟོགས་བསྡུས་པའི་རིགས་ལ་དང་པོ་སྲུང་འཁོར་སྒོམ་པ་དེས་རྡོ་ར་མེ་རིའི་གོ་བཅད་དང་༔ རྒྱས་པ་ལ་དང་པོ་སྲུང་འཁོར་དེ་སྟོང་པར་སྦྱང་དུས་མེད་པར་བྱས་ནས་སླར་རྡོ་ར་མེ་རི་སྲུང་འཁོར་དཀྱིལ་འཁོར་དུས་སྒོམ་པ་གཉིས་ལས༔ འདི་སྐབས་རྒྱབ་མ་ཡིན་ལ༔ གསར་མ་ལུགས་བདག་བསྐྱེད་ཚར་ནས་བུམ་བསྐྱེད༔ དེ་ནས་མདུན་བསྐྱེད་བྱེད༔ བསྡུ་ན་བདག་བསྐྱེད་རྗེས་མདུན་བུམ་དུས་གཅིག་བསྐྱེད༔ ཡང་དཀྱིལ་ཆོག་ལ་ལར་བདག་བསྐྱེད་བསྡུས་ཚར་ནས་རང་ཉིད་རྡུལ་ཚོན་དབུས་སུ་ཞུགས་ནས་མདུན་བསྐྱེད་བྱས་ལ༔ གཙོ་བོའི་ཐུགས་ཀ་ནས་གཙོ་རྐྱང་དུ་རང་ཉིད་ཐོན་ནས་


CMR009_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་སྒོའི་དྲུང་དུ་འཁོད་ནས་མཆོད་བསྟོད་བྱེད་པའི་ལུགས་རྣམས་གསར་མ་སྟེ༔ འདིར་དེ་རྣམས་ལ་ཡིན༔ འོན་ཀྱང་དེ་དང་ཆ་འདྲ་བར་རྙིང་མ་ལ་ཡང་རེ་རེ་ཙམ་འོང་༔ རྙིང་མ་རང་ལུགས་མངོན་རྟོགས་ཚར་གཅིག་གིས་བདག་མདུན་བུམ་གསུམ་གཏོར་མ་ལྷར་བསྐྱེད་པ་དང་དུས་བཞི་དུས་གཅིག་ལ་བསྐྱེད་པ་ཡིན༔ སྤྱན་འདྲེན་ཡང་དུས་གཅིག་བྱ་བའོ༔ ཡང་བསྡུས་པ་དཀྱིལ་འཁོར་བུམ་པ་སོགས་རང་དང་དབྱེར་མེད་དུ་བདག་བསྐྱེད་གཅིག་པུ་བསྒོམས་ནས་བསྙེན་པའི་ལུགས་བདག་མདུན་ཐ་མི་དད་ཅེས་པ་རྙིང་མ་ལ་ལར་འོང་སྟེ༔ རཏྣའི་རྟ་མགྲིན་ནག་པོ་ལྟ་བུའོ༔ དེ་ཡང་རྡུལ་ཚོན་ཡོད་ན་མདུན་བསྐྱེད་གཙོ་ཆེ་བས༔ མདུན་བསྐྱེད་ཀྱི་མེ་རི་རྡོ་ར་གུར་ཐབས་སུ་བྷོ་ལ༔ མདུན་བསྐྱེད་ཀྱི་ཤར་སྒོའི་དྲུང་དུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་པའི་མེ་རི་རྡོ་ར་དགོན་པའི་ལྕགས་རི་ལྟར་བྷེ༔ རྡུལ་ཚོན་མེད་པར་རྒྱུན་དུ་བདག་བསྐྱེད་གཙོ་ཆེ་བས༔ བདག་བསྐྱེད་མེ་རི་རྡོ་ར་གུར་ཐབས་སུ་བསྒོམ་པའི་ཤར་སྒོའི་ཁྱམས་དེར་མདུན་བསྐྱེད་དུ་ཡོད་ཀྱི་དཀྱིལ་འཁོར་མེ་རི་རྡོ་ར་ལྕགས་རི་ལྟ་བུར་བྷེ༔ གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་ཀྱང་དེར་མགྲོན་ཐབས་སུ་བསྒོམ་སྟེ༔ ཕྱི་རིམ་བར་ཁྱམས་ཁོར་ཡུག་


CMR009_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་ལྷ༔ ཞེས་སོགས་གསུངས་པའི་དོན་ཏེ་དོན་འདི་དག་གནད་ཆེན་པོ་ཕལ་གྱིས་རྟོགས་དཀའ་བ་ཡིན་ནོ༔ དགོས་ཆེད་ཅི་ཞེ་ན། བདག་མདུན་སྔགས་འཁོར་དུས་བར་དུ་རྡོ་ར་མེ་རིས་མི་ཆོད་པའི་གནད་ཡོད་དོ༔ དེ་ནས་དྲག་པོ་ལ་གོ་ཆའི་ལྷ་བྷེ་ཞོར་དབང་བསྐུར་སོང་སྟེ༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ ཞེས་སོགས་ཀྱིས་ལན་གསུམ་བྱིན་རླབས་རྒྱས་པ་དང་དབང་བསྐུར་སོང་༔ ཞི་བ་ལ༔ ལྷ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་བསྒོམ་པ་དང་༔ དབུ་རྒྱན་ནང་དུ་རིགས་ལྔ་བཞུགས་པས་དབང་རྫོགས་པར་བསྒོམ་སྟེ༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔའི་དབང་སྐུར་ཅིག༔ ཞེས་སོགས་ཀྱི་དོན་ནོ༔ ༈ དེ་ནས་བདག་མདུན་བུམ་ལྷ་སོ་སོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་༔ ཟངས་མདོག་དཔལ་རི་སོགས་སུ་བཞུགས་པའི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ཏེ་དུར་ཁྲོད་ཀྱི་རྒྱན་དང་དར་གྱི་ཅོད་པན་རོལ་མོ་དང་འཛབ་སྒྲ་དི་རི་རི་ནམ་མཁའ་ལ་སྤྲིན་གཏིབས་པ་ལྟར་བྱོན་པར་བྷོ་ཞིང་སྤྱན་འདྲེན་བྱ༔ དེ་ནས་བཞུགས་


CMR009_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བརྗོད་པས་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་ནས་བཞུགས་པར་དམིགས༔ དེ་ནས་ཕྱག་འཚལ་བ་བདག་གིས་མདུན་ལ་ཨ་ཏི་པཱུ་ཧོ་ཞེས་འཚལ་བས༔ མདུན་བསྐྱེད་ཀྱིས་པྲ་ཏི་ཛ་ཧོ༔ཞེས་ཕྱག་ལེན་མཛད་པར་བསྒོམ་པ་ཡང་མོད་ཀྱི༔ འདིར་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་གྲངས་མེད་དཔག་ཏུ་མེད་པ་སྤྲུལ་ཏེ༔ བདག་མདུན་བུམ་པ་གཏོར་མའི་ལྷ་ཚོགས་ཐམས་ཅད་ལ་སོ་སོར་ཕྱག་འཚལ་བར་བསྒོམ༔ དེ་ནས་མཆོད་ལྷ་མེ་ཏོག་བདུག་སྤོས་སོགས་སྔར་ནས་བྱིན་རླབས་པ་དེ་དག་གིས་སྤྱན་ཤངས་སོགས་སོ་སོར་མཆོད་དེ༔ མཆོད་མཁན་ལྔ་ཡང་ལྷ་རྣམས་ཀྱི་དབང་པོ་ལྔ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་དགྱེས༔ གཟུགས་སྒྲའི་ལྷ་མོ་ཡང་དེ་བཞིན་ནོ༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས་པས་སྨན་བདུད་རྩིའི་རྒྱ་མཚོ་དང་༔ གཏོར་མ་བདུད་རྩིའི་རྒྱ་མཚོ་དང་༔ རཀྟ་རྣམས་བྷནྡྷའི་སྐྱོགས་ཀྱིས་བཅུས་ལ་བདག་མདུན་འཁོར་བཅས་སོ་སོར་མཆོད༔ འདི་སྐབས་སྔ་རབས་པ་ཁ་ཅིག་སྨན་མཆོད་དུ་གཏོར་བསྔོས་སྦྱར་བ་སོགས་བྱེད་པར་སྣང་ཡང་༔ འདིར་གཞན་མ་སྦྱར་ནས༔ གཏོར་བསྔོས་རྒྱས་པ་གསར་རྙིང་བསྲེ་མ་ལོགས་སུ་བྱ་བ་གམ་གཙང་༔ གཏེར་


CMR009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཅོས་པ་འཕང་བས་སོ༔ རྒྱས་པར་སྤྲོ་ན་སྨན་མཆོད་མཚན་དོན་སྦྱར་གསུངས་པ་ལྟར་སྦྱར་ན་རུང་སྟེ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་རཏྣ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྒྱལ་སྲས་ཚེ་དབང་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྗོད་པ་ཤཱཀྱ་བཀྲ་ཤིས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁར་དྲུང་བསོད་ནམས་བཀྲ་ཤིས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞི་བ་ལ། བླ་མ་སྐུ་ལྔ་མཚན་བརྒྱད་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་གིང་བཞི་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་མ་ནིང་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་མཁའ་རི་ལྕམ་དྲལ་ཞལ་དུ་


CMR009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲག་པོ་ལ། ཡི་དམ་དབང་དྲག་པདྨའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་མཁའ་འགྲོ་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སེང་གདོང་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཅེས་སྦྱར་རོ༔ གཏོར་བསྔོས་ཉུང་དུ་བཙུད་ན༔ མ་ཧཱ་བ་ལིངྐ་ལ་ཁཱ་ཧི་མཚམས་དེར་འཛུད༔ སྦྱོར་མཆོད་ཀྱི་ཚེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་རྣམས་ལྷ་སོ་སོའི་ཡུམ་ལ་ཐིམ་ནས་ཟག་མེད་ཀྱི་བདེ་བས་ཐུགས་བལྟར་བར་བྷེ༔ སྒྲོལ་མཆོད་རང་དོན་ཡིན་ན་བདག་མེད་པའི་ལྟ་བའི་སྟེང་དུ་ཡུད་ཙམ་བཞག། གཞན་དོན་ཡིན་ན་བདུད་བཞི་ལོག་འདྲེན་ཐམས་ཅད་རང་གི་ཐུགས་ཀ་ནས་ཁྲོ་བོ་ཁྲོ་མོ་ནམ་མཁའ་གང་བར་སྤྲོ་བའམ༔ འོད་ཟེར་དམར་ནག་ལྕགས་ཀྱུ་ལྟ་བུས་བཀུག་ལ་ཁྲོ་བོ་རྣམས་ཀྱི་ཞལ་དུ་བསྟིམས་པས༔ ལུས་ཡེ་ཤེས་ཀྱི་བདུད་རྩིར་ཟགས་པ་གསོལ༔ རྣམ་པར་ཤེས་པ་ཐུགས་ཆོས་ཉིད་ཀྱི་ཀློང་དུ་བསྟིམ་མོ༔ བསྟོད་པའི་ཚེ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་


CMR009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ་དཔག་མེད་སྤྲུལ་པ་དང་༔ ཚངས་པ་བརྒྱ་བྱིན་སོགས་རང་རང་འཇིག་རྟེན་སྐྱོང་བ་རང་རང་གི་དཔུང་དང་བཅས་པ༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་མགྲིན་གཅིག་ཏུ་བསྟོད་པས་ཁམས་གསུམ་སྲིད་གསུམ་གྱི་གཙོ་བོ་མཆོག་དམ་པར་མངའ་གསོལ་བར་བསྒོམ་སྟེ༔ མཆོད་བསྟོད་དེ་དག་བདག་མདུན་བུམ་གསུམ་གཏོར་ལྷ་དང་བཞི་ཀ་ལ་དུས་གཅིག་ཏུའོ༔ དེ་ལྟར་སྔོན་འགྲོ་དང་དངོས་གཞིའི་ཆོ་ག་ལ་ཚིག་ཆད་ལྷག༔ ཏིང་ངེ་འཛིན་ཐང་ལྷོད་ཤོར་བ་རྣམས་བཤགས་པར་བསམས་ལ་བཤགས་ཚིག་དང་ཡིག་བརྒྱས་ཁ་བཀང་བ་ཡིན་ནོ༔ འཛབ་དགོངས་ནི་ཞི་བ་ལ་འཛབ་དགོངས་གུད་དུ་ཡོད་པ་ལྟར་བསྒོམ་ཞིང་བཟླས༔ དྲག་པོ་ལ་སྒྲུབ་གཞུང་སོ་སོའི་ལྟར་རམ༔ ལས་བྱང་ཁོ་ནའི་དབང་དུ་ན༔ སྤྱི་བོའི་ཐོད་ཕྲེང་རྩལ་མངོན་རྟོགས་ཟུར་འགེབ་ནང་གི་ཚིག་དོན་བསྒོམས་ལ་ཐོད་ཕྲེང་རྩལ་བརྒྱའམ་ཅི་ལྕོགས༔ བདག་བསྐྱེད་རྐྱང་པ་ལ་བདག་གི་ཐུགས་ཀ་ནས་སྔགས་ཕྲེང་ཡུམ་གྱི་ཞལ་དུ་ཞུགས༔ ཐུགས་རྒྱུད་བསྐུལ༔ བྷ་ག་ནས་རྡོ་རྗེའི་སྒྲུབ་ནས་རང་གི་ཐུགས་ཀར་ཐིམ་པའམ༔ བདག་གི་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས༔


CMR009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལུས་བརྒྱུད་ཐུགས་དམ་རྒྱུད་བསྐུལ༔ ལྟེ་བ་ནས་རང་གི་ལྟེ་བར་ཞུགས༔ ཕར་མཆོད་པ་དང་ཚུར་དངོས་གྲུབ་སྩོལ་བའི་ཚུལ་དུ་ཨ་ཙིག་བཟླས༔ གོ་ཆའི་ལྷ་སོ་སོ་བསྙེན་ཚེ་ཟུར་འགེབ་ནང་གི་རྒྱུད་ཚིག་གི་དམིགས་པ་དེ་སྦྱར་ལ་ཅི་ལྕོགས་བཟླས༔ ཨ་ཡ་མ་སྡེ་བརྒྱད་སྲོག་སྔགས་དུས་མེ་དབལ་ལྕགས་སྡིག་གྲངས་མེད་སྤྲོས་ཏེ༔ མེ་དབལ་གྱིས་ཐོ་བས་བརྡུང་༔ མེ་དཔུང་གིས་བསྲེགས༔ ལྕགས་སྡིག་གིས་ལྗིབ་ལྗིབ་ཟོས་པར་དམིགས༔ སྡེ་བརྒྱད་ལས་ལ་བསྐུལ་བ་ནི༔ དཀྱིལ་འཁོར་གྱི་ཕྱི་དུར་ཁྲོད་ནང་གི་བར་ཁྱམས་དེར་ཕྱོགས་མཚམས་བརྒྱད་དུ་སྡེ་བརྒྱད་གཏེར་རྙིང་གི་བསྟོད་པ་ལྟར་རང་རང་གི་འཁོར་སོ་སོའི་རིགས་ཐམས་ཅད་ཀྱིས་བསྐོར་བ་ལ་རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཕྲིན་ལས་གང་བསམ་ཐོགས་མེད་དུ་སྒྲུབ་པར་དམིགས་ལ༔ སྡེ་བརྒྱད་ཤམ་བུའི་མཇུག་ཏུ་ཤཱནྟི༔ པུཊྚི༔ པ་ཤང་༔ མཱ་ར་ཡ་སོགས་ཤམ་བུ་བཏགས་ཏེ་བཟླས་ལ༔ ཆད་མདོའི་སྐབས་སུ་གཏོར་མ་ཆད་མདོ་ལྟར་ཕུལ་བ་རྣོ་སོ་སྡེ་བརྒྱད་ཀྱི་ཤམ་བུ་ཆེས་ཟབ་ལ་མྱུར་རོ༔ རྒྱུད་སྡེའི་བཞེད་པ་རྣལ་འབྱོར་པ་རྩེ་གཅིག་ཉམས་ལེན་ལ་ཡི་དམ་རེ་རེ་དང་དེའི་ཆོས་སྐྱོང་གང་ཡིན་མ་གཏོགས་མང་དུ་བྱ་བར་མ་


CMR009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ༔ དེང་སང་གྲོང་ཆོག་པས་ཡི་དམ་ཆོས་སྐྱོང་མང་པོ་འདོན་དར༔ དེ་ཡང་མི་འགལ༔ བདེ་གཤེགས་གཅིག་གི་དཀྱིལ་འཁོར་ལ༔ བདེ་གཤེགས་ཀུན་གྱི་ལས་གཞུང་བསྲང་༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་༔ ཞེས་ཡི་དམ་སྤང་བླང་མི་འོང་བའི་གདམས་པ་ལ་ཡང་༔ ཨ་ནུ་དང་ཨ་ཏིའི་རྣལ་འབྱོར་ཡིན་ན་ཡི་དམ་སྔ་མ་གནས་འགྱུར་ཕྱི་མ་སྐད་ཅིག་ལ་གསལ་གདབ་པས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བྱེད༔ མ་ཧཱ་ཡོ་ག་ལྟར་ན་རྩ་བའི་ཡི་དམ་བདག་བསྐྱེད་དེ་གར་བཞག་ལ༔ དེའི་ཐུགས་ཀ་ནས་བདག་ཉིད་ཐོན་ནས་དེའི་དཀྱིལ་འཁོར་གྱི་གཡས་གཡོན་རྒྱབ་ཏུ་ཡི་དམ་མང་པོའི་དཀྱིལ་འཁོར་བསྒོམ་ཞིང་ཐམས་ཅད་བདག་ཉིད་ཡིན་པར་མོས༔ མདུན་བསྐྱེད་ཀྱི་རྩབའི་དཀྱིལ་འཁོར་གྱི་རང་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་མདུན་ངོས་བར་ཁྱམས་སུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མང་པོ་དང་ཆོས་སྐྱོང་མགྲོན་ཐབས་མང་དུ་རིམ་པར་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བཟླས་པ་སོ་སོར་བྱས་ལ༔ ཚོགས་བསྐང་བ་གཏོར་འབུལ་ཕྱོགས་གཅིག་ཏུ་བསྡུས་ཤིང་བྱས་པ་ལེགས་ཏེ་གནད་ཟབ༔ དེ་མ་ཤེས་ན་བདག་བསྐྱེད་གཅིག་མ་བསྡུས་པར་གཅིག་བསྐྱེད་མི་རུང་


CMR009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཤིང་བསྐྱེད་ན་ཚོགས་གཏོར་འབུལ་སོ་སོར་དགོས་པས་མི་ཐུབ༔ ལས་བྱས་ན་སྔ་མ་མི་ཚང་བའོ༔ ༈ དེ་ནས་ཚོགས་བྱས་ཏེ་བྷི་བྱ་གཞུང་ན་གསལ་བ་ལྟར་ལས༔ ཚོགས་བདུད་རྩིའི་རྒྱ་མཚོ་ལ་རླངས་པ་གཟུགས་སྒྲ་དྲི་རོ་སོགས་མཆོད་ལྷ་མང་པོས་ལྷ་སོ་སོར་འདོད་ཡོན་སྣ་ཚོགས་མཆོད་པའོ༔ ཚོགས་ཕུད་གཏོར་མ་གསོས་ནས་གཏོར་བསྔོས་རྒྱས་པར་བྱེད་ན་གསར་མ་ཕལ་ཆེར་མཐུན་པས་རྙིང་མ་ལའང་རུང་༔ ཡང་ན་ལས་བྱང་གཏོར་མའི་སྐབས་སུའམ༔ གཏོར་བསྔོས་ཤིན་ཏུ་རྒྱས་པ་ཡོད་ན་ཡི་དམ་ཐམས་ཅད་ཚར་རྗེས་བླ་མ་ཡི་དམ་གཏོར་བསྔོས་བྱ༔ ཆོས་སྐྱོང་སོ་སོར་འདོད་པས་འཐུས་སོ༔ ཆོས་སྐྱོང་གཞུག་ཏུ་ཕྱི་རྒྱུད་པའི་དཀར་གཏོར་གཅིག་ཕུགས་གཏོར་གྲལ་འཇོག་ཅིང་རྒྱུན་དུ་གཞི་བདག་སྤྱི་ལ་བསྔོ་བ་རྙིང་མ་ཕལ་ཆེར་གྱིས་བྱེད་པ་ལ༔ ས་སྐྱ་པས༔ གཞི་བདག་གསང་སྔགས་ཀྱི་དབང་ཐོབ་ངེས་པ་ལ་དེ་རུང་གི༔ གཞི་བདག་ཐ་མལ་པ་ནང་མཆོད་ཀྱིས་བྲན་མི་རུང་ན༔ ནང་ཕུགས་གཏོར་གྲལ་འཇོག་ག་ལ་རུང་སྟེ༔ གསང་སྔགས་སྤྱོད་པ་ལྟར་མི་རུང་བའི་ཕྱིར་རོ་ཞེས་བཀག་ནའང་༔ དེ་ལ་གཞི་བདག་སོ་སོ་ཐ་མལ་པའི་གཟུགས་ལ་དེ་བདེན་ནའང་༔ རིགས་དྲུག་གི་སེམས་


CMR009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱང་ཡི་དམ་གྱི་ལྷར་གསལ་བཏབ༔ བྱ་སྤྱོད་རྣལ་འབྱོར་སོགས་རྒྱུད་སྡེ་ཐམས་ཅད་ཀྱང་ངོ་བོ་རང་གི་ཡི་དམ་དེ་དང་དབྱེར་མེད་དེའི་འཁོར་ལྷར་བྱས་གཞི་བདག་ཀྱང་ཡི་དམ་ལྷའི་རྣམ་པར་གསལ་བཏབ་པའི་སྐབས་ཡིན་པས༔ གསང་སྔགས་ནང་གཏོར་ལ་ཡང་ཡི་དམ་ཆེན་པོ་བྱ་བའི་རྒྱུད་སྤྱོད་པའི་རྒྱུད་ཅེས་སོགས་མཆོད་པ་རྒྱུད་སྡེ་སོ་སོར་མ་ཕྱེས་པར་ནང་གཏོར་འབུལ་རུང་བར་མཛད་འདུག་ཅིང་༔ གཞི་བདག་ཕྱི་རྒྱུད་གཏོར་མ་ཡང་ཕུགས་གཏོར་འཇུག་ཏུ་བཞག་ཆོག་པའི་གནད་འདི་མ་གོ་ན་གུ་དོག་པོར་འོང་སྟེ༔ རྒྱུད་སྡེ་གོང་འོག་གཏོར་མ་སོ་སོར་བཤམས་པ་དཀའ་འོ༔ དཀར་གཏོར་ནང་མཆོད་ཀྱིས་མི་བྲན་པ་སྔོན་འགྲོའི་གཏོར་མ་ཡིན་གྱི༔ ཕྱི་རྒྱུད་ལ་ཀུན་གྱིས་བྲན་པ་མཐོང་བ་བརྒྱུད་པའོ༔ དེ་ནས་བར་པ་བཤགས་པས་བསྐང་བ་གསོ༔ བསྐང་གཏོར་མེད་ན་ཡི་དམ་གསོ་ལ་བསྐང་བ་རྒྱས་བསྡུས་གང་རིགས་འདོན་པ་དང་བཤགས་པ་རྒྱས་བསྡུས་ཅི་རིགས་འདོན་དེ་ནས་བསྒྲལ་ཆོག་གཏོར་ཟློག་ཡོད་ན་བསྒྲལ་ལས་རྒྱས་པ་བྱ་ཟློག་པ་འདོན༔ མེད་ན་གཞུང་གི་ཉུང་ངུ་བྱས་ལ་མཁའ་འགྲོ་གསོ་ལ་བསྟབ༔ སྐབས་འདིར་དབང་དང་གྲིབ་སེལ་སོགས་


CMR009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གང་དགོས་སྦྱར༔ དེ་ནས་ཚོགས་རོལ་ཚེ་ལུས་ཀྱི་གོ་ཆའི་ལྷ་རྣམས་གསལ་བས༔ ཁ་རོང་བྱུང་གི་ཐབ་ཁུང་༔ ཕོ་བའི་མེ་རང་བྱུང་གི་མེ༔ ལྕེ་མེ་ལྕེ༔ ལག་པ་དགང་གཟར་བླུག་ཡིན་སྙམ་དུ་ཤེས་པར་བྱ་བའམ༔ དེར་བསྒོམ་དགོས་པ་ཡང་མིན་ཏེ་ལུས་ལྷར་མཆོད་པས་ཚོགས་རོལ༔ ལྷག་མ་རྣལ་འབྱོར་པ་དམ་ཚིག་ཅན་ཁོ་ན་ཐམས་ཅད་ཀྱིས་བསྡུས་ནས་ཁ་ཕྲུ་འདེབས་པ་སོགས་གསུངས་ཀྱང་༔ དེང་སང་དམ་ཚིག་ཅན་ཁོ་ན་དཀོན་པས༔ དང་པོ་ནས་གཙང་ལྷག་བཞག་ལ་ནང་མཆོད་ཀྱིས་བྲན་པ་ལེགས༔ དེ་ཅིའི་ཕྱིར་ན་ལྷག་མའི་བདག་པོ་ཡང་དཔལ་ལྡན་ལྷ་མོ་དང་དུར་ཁྲོད་བརྒྱད་ཀྱི་ཌཱཀྐི་དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་སོགས་ཡིན་པས༔ དེ་རྣམས་ལ་རང་གི་ཟས་ལྷག་དང་ཁ་ཕྲུ་སོགས་བསྔོ་ཆོག་པའི་དམ་ཚིག་དང་ཉམས་རྟོགས་ཡོད་དམ་སོམས༔ དེང་སང་རྩ་བ་བཞི་ལ་སྐྱོན་མེད་པ་དང་༔ བླ་མ་དང་མ་འཁོན་ཙམ་ལ་དམ་ཚིག་ཡོད་པར་བརློམ་ཡང་༔ དམ་ཚིག་བསྲུང་བྱའི་གྲངས་ཀ་ཙམ་ཡང་ཡིད་ལ་གསལ་ལམ༔ ཉམས་མ་ཉམས་རང་གིས་ཀྱང་ཚོད་ཡོད་དམ་ཞེས་རང་རྒྱུད་ལ་བརྟག་པར་བྱའོ༔ དམ་ཚིག་མེད་པའི་ཁ་ལྷག་མཁའ་འགྲོས་མི་འདོད༔ མི་འདོད་བཞིན་བསྔོས་


CMR009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིམས་ནད་ཆེན་པོ་འོང་བའི་རྒྱུ་ཡིན་ནོ༔ དམ་ཚིག་ཅན་གྱི་ལྷག་མ་ནི་དམ་ཚིག་གཅིག་ཏུ་བསྲེ་ཕྱིར་ཕྲིན་ལས་མྱུར་ཏེ༔ དཔེར་ན་འཇིག་རྟེན་ན་མི་མཐོ་དམན་མི་མཉམ་པས་བལྟར་པ་བྱེད་པ་ལྟ་བུའོ༔ མི་ངན་ཕལ་པས་རྒྱལ་པོ་ཆེན་པོ་ལ་བལྟར་པ་བྱས་ན་ཅི་ལྟར་མཆིས་བྷེ༔ དེང་སང་སྔགས་ནག་དམ་ཚིག་རྨི་ལམ་དུ་ཡང་མི་དྲན་པ་ཕལ་གྱིས་ཆང་གི་ཁ་ཕྲུས་ལྷག་མ་བྲན་པ་དང་༔ ཁྲོམ་ཉོག་གི་གླུད་ཟན་དྲིལ་བའི་ལྷག་མ་བསྡུས་ཏེ་བསྔོ་བ་མཚར་ཆེའོ༔ དལ་ཡམས་ཆེན་པོ་འགའི་རྒྱུར་མ་གྱུར་ཅིག་སེམས་སོ༔ ལྷག་མ་བསྔོ་ཡུལ་མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་ལ་གནས་པ་དེ་དང་དོན་གཅིག་ནའང་༔ འདི་སྐབས་ཕྱིའི་དུར་ཁྲོད་བརྒྱད་དང་གནས་ཡུལ་རྣམས་སུ་གནས་པ་རྣམས་ཏེ༔ རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྤྱན་དྲངས་ཏེ་དཀྱིལ་འཁོར་གྱི་བར་ཁྱམས་སུ་གནས་པས་ལྷག་གཏོར་ཁྱེར་ཏེ་རང་གནས་སུ་སོང་བར་དམིགས་སོ༔ སྐབས་འདིར་དཀར་གཏོར་བྱིན་རླབས་ལ་གཞི་བདག་དང་དཀར་ཕྱོགས་ཤ་ཁྲག་མི་བཞེས་པ་ལ་བསྔོ༔ དམར་གཏོར་ལ་བཀུག་གཞུག་བྱས་ལ་འདིར་ཆོས་སྐྱོང་ཐམས་ཅད་དང་༔ སྤུ་གྲི་སྨྱོ་ཁ་སོགས་དང་༔ ཆད་མདོ་ནི་དཀར་གཏོར་


CMR009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་གཉིས་ལ་བསྔོས་ལ་གང་དགྱེས་གསོལ་བར་དམིགས་ལ༔ སྣང་ཞིང་སྲིད་པའི་ཆོས་སྐྱོང་གང་བྱེད་བསྐུལ་ཐུང་དང་༔ ཟློག་པ་ཚིགས་བཅད་དང་བཅས་ཕུལ་ལོ༔ དེ་ནས་རྗེས་རྣམས་ཐུགས་སྒྲུབ་སོགས་སྤྱི་ལྟར་ཏེ༔ རྗེས་ཆོག་གི་མཆོད་བསྟོད་ཉུང་ངུ་ནི་གསར་མ་ལ་མེད་ཁ་མེད་དུ་དགོས་ལ༔ རྙིང་མའི་རྗེས་ཆོག་ལ་བཤད་པ་ཆེར་མེད་པས་བྱས་ཀྱང་རུང་༔ མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ༔ དེ་ཡང་གསར་མའི་ལུགས་ལ་ཞག་གཅིག་བསྐྱེད་རིམ་རྫོགས་རིམ་དུ་མ་བསྡུས་པར་ལུས་ན་རྟག་པ་ཐེར་ཟུགས་སུ་གོལ་བའི་ལྟུང་བར་བཤད༔ བྱ་སྤྱོད་རྒྱུད་ལ་ཞག་གཅིག་ལ་ཡེ་ཤེས་པ་མ་གཤེགས་པར་བཞག་ན་ལྟུང་བར་བཤད་ཀྱང་༔ གསར་མ་བླ་མེད་ཕལ་ཆེར་ཡང་བདག་བསྐྱེད་ཡེ་ཤེས་གཤེགས་པར་གསུངས་ཀྱང་༔ རྙིང་མའི་ལུགས་ལ་བྱང་ཆུབ་མ་ཐོབ་བར་དུ་བདག་བསྐྱེད་ཡེ་ཤེས་པ་མི་གཤེགས་པར་ཕྱག་རྒྱ་སྒོ་བཅད་དུ་སྒྲུབ་པ་ཞེས་བྱ༔ མདུན་བསྐྱེད་བུམ་བསྐྱེད་ཀྱང་སྒྲུབ་པ་དེ་མ་ཚར་བར་དུ་མི་གཤེགས་པར་ཡང་ཡང་གསལ་འདེབས་ཤིང་ཡེ་ཤེས་པ་བསྟིམ༔ སྒྲུབ་པ་ཚར་དུས་ཀྱང་རྟེན་ཡོད་ན་དེ་ལ་བསྟིམ་མེད་ན་གཤེགས་པའོ༔ བདག་བསྐྱེད་ནུབ་མོ་ཐུན་བསྡུ་དུས་མཐའ་ནས་དབུས་ཡལ་


CMR009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་འོད་གསལ་དུ་ཞུགས་ནས་ཉལ་བ་ཡང་ཡིན་མོད་ཀྱི༔ བསྐྱེད་རིམ་ངང་ནས་ངོ་བོ་ཕྱག་ཆེན་གྱི་སྟེང་དུ་མཉམ་པར་བཞག་པས་བསྐྱེད་རྫོགས་ཟུང་དུ་འཇུག་སྟེ་མཐའ་ནས་དབུས་ཡལ་སོགས་བློས་བྱས་ཀྱི་སྟོང་ཉིད་ལས་ཁྱད་དུ་འཕགས་པའོ༔ བསྐྱེད་རིམ་ཡང་ངོ་བོ་སྟོང་པ་བར་སྣང་གི་འཇ༢༔ རང་བཞིན་གསལ་བ་ངོས་བཟུང་མེད་པ་ཆུ་ཟླ་གསལ་ལ་སྤུ་རིས་དོད་པ་མེ་ལོང་གི་གཟུགས་ལྟར་བསྒོམ་པ་ནི་ཁག་ཆེའོ༔ ཞེས་པ་འདི་བླ་མ་རྡོ་རྗེའཛིན་པ་པྲ་བས་བསྐུལ་བར་བརྟེན༔ འཕྲལ་དུ་གང་དྲན་བྲིས་ཤིང་ཆོས་མཐུན་གྱི་རྣམ་གཡེང་མང་ཕྱིར་དཔེ་སོགས་མ་བལྟས་པས༔ འགལ་འཁྲུལ་ཉེས་པ་མཆིས་ན་མཁས་མཆོག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ༔ ཞེས་སྔགས་འཆང་ཨ་རཱ་གས་སྦྱར་བ་མངྒ་ལཾ། ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས།next