Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ།
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ།next

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ།


CMR009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ་བཞུགས་སོ།།


CMR009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་ཏ་ཡེ། ལས་བྱང་རྒྱུན་ཁྱེར་དུ་བྱ་ཞིང་རྒྱུན་བསྙེན་བྱ་བའམ། མཚམས་བྱེད་ན་ཐུན་བཞི་ལ། ལས་བྱང་བཏང་ནས་བསྙེན་ཡང་རུང་སྟེ། ལས་བྱང་གི་མངོན་རྟོགས་ལ་གོ་ཆའི་ལྷ་རྒྱས་བསྡུས་གང་རུང་སྦྱར་བ་ཁོ་ནས་ཆོག །ཁྲོ་རྒྱལ་སྟོབས་འདུས་སོགས་ཁ་སབ་མི་དགོས་ཏེ། མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད་དཀྱིལ་འཁོར་ཆ་ཚང་། མདུན་གྱི་ཡི་དམ་གཏོར་མའི་སྟོད་ཆར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཆ་ཚང་དུས་གཅིག་ལ་བསྐྱེད་དོ། །དེའང་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཕྱི་རྡོ་ར་མེ་རི་ཁ་སྦྱོར་ནང་དུར་ཁྲོད་ཀྱི་ནང་དེར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུ་ཡོད་གཏོར་མགྲོན་ཐམས་ཅད་བསྒོམ་པ་སྟེ། བདག་བསྐྱེད་ཀྱི་རྡོ་ར་མེ་རི་ནི་གུར་ཕུབ་པ་ལྟ་བུའི་ནང་། མདུན་བསྐྱེད་ཀྱི་རྡོ་ར་མེ་རི་ནི་ལྕགས་རི་ལྟ་བུར་


CMR009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཧད་པོར་བསྒོམས་ལ། བདག་མདུན་དཀྱིལ་འཁོར་གྱི་སོ་སོའི་ལྡིང་ཁང་ནས་བདག་མདུན་གྱི་གཙོ་བོའི་ཞལ་ཐད་ཀར་ཡོད་པར་བསྒོམ་མོ། །སྤྱན་འདྲེན་དུས་ཡེ་ཤེས་པོ་ཁ་བ་བུ་ཡུག་ལྟ་བུར་བདག་མདུན་སོ་སོ་ལ་བསྟིམ་ཞིང་། བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲོས་ནས་བདག་མདུན་སོ་སོ་ལ་མཆོད་པ་འབུལ། བསྟོད་དབྱངས་རོལ་མོ་དང་བཅས་པས་བསྟོད་པ་བྱེད་པར་བསྒོམས་ལ་ངག་ཏུ་སྤྱན་འདྲེན་མཆོད་བསྟོད་ཚར་གཅིག་གིས་བདག་མདུན་ཆོ་ག་གཅིག་ཆོག་འགྲུབ་བོ། །དེ་ནས་བསྙེན་པའི་དུས་སུ། རང་དྲག་པོར་གསལ་བའི་སྤྱི་གཙུག་ཁྱུང་གི་རྭ་བར་ནོར་བུའི་སྟེང་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར་ཚེ་དཔག་མེད། འདབ་མ་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་


CMR009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལྟེམ་མེར་བསྒོམ། ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿ དེ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་གི་བླ་ཚེ་འཁྱམས་པ་དང་ལྷ་འདྲེས་ཁྱེར་བ་དང་འབྱུང་བ་ལྔའི་བཅུད་དང་སྣང་སྲིད་ལྷ་ཀླུ་མིའི་ཚེ་བསོད་ནམས་སངས་རྒྱས་བྱང་སེམས་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱིས་བསྡུས་ཕྱག་གི་བུམ་པར་ཞུགས་ནས། འཆི་མེད་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་གང་རིག་འཛིན་ཚེའི་བར་ཆད་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལྟར་འོག་སྒོ་དང་རྐང་མཐིལ་ནས་ཐོན་པ་ས་འོག་ཏུ་སོང་བས། ལས་ཀྱི་གཤིན་རྗེ་ཁ་གདངས་པ་ངོམས་ཤིང་ཚིམ། བདག་ལུས་འཆི་མེད་བདུད་རྩིས་གང་བས། འཆི་བ་མེད་པའི་ཚེ་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་བསྒོམས་ལ། ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་བྷིའི་བསྙེན་པ་ཅི་འགྲུབ་བྱས་པས་ཚེ་སྒྲུབ་ཀྱི་མཆོག་སྟེ། སྔགས་འདི་ཐུགས་རྗེ་ཆེན་པོ་གསང་འདུས་སོགས་རྒྱུད་མང་པོ་ནས་གསུངས་པས་ངོ་མཚར་ཆེའོ། །དེ་ནས་རང་གི་སྤྱི་གཙུག་དབུ་སྐྲའི་གསེབ་ཏུ་པདྨ་འབྱུང་གནས་མཐིང་ནག་ཕྱག་གཡས་ཀྱི་གྲུ་མོ་ན་ཐོད་པའི་རྔ་བཀལ་བ་ལས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་ཅིང་། ཞལ་ནས་ཧཱུྃ་ཕཊ་བློ་དང་ཨཱ་ར་ལིའི་


CMR009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བསྒྲགས་པ་ཙམ་གྱིས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་མེད་པར་བྱོན་ཏེ་པདྨ་འབྱུང་གནས་ལ་བསྟིམ་ཞིང་བདག་ལ་དབང་བསྐུར་བྱིན་གྱིས་བརླབས་པའི་དགོངས་པ་གཏད། འོད་ཟེར་ཁ་དོག་སྣ་ལྔ་བྱུང་བ་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཕུང་པོ་ལྔ་གནས་འགྱུར་དུག་ལྔ་རྣམ་པར་དག་ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་བས་དབང་རྟགས་ཐོད་སྐམ་ལྔའི་སྟེང་རིན་པོ་ཆེའི་རྩེ་བྲན་གྱི་ནང་དུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པར་བསྒོམ་ལ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅི་ནུས་བཟླས་ཏེ། སྔགས་པ་གསར་བུ་ཡིན་ན་མང་དུ་བཟླས་པས་ཞི་བར་བསྙེན་ཞིང་དྲག་པོར་བསྒྲུབ་པ་སྟེ་འཇམ་ཞིང་ནོན་ཆེ་བ་གནད་དམ་པ་སྟེ། སྔོན་དུ་ཞི་བསྙེན་མ་སོང་ཡང་དྲག་པོ་འདོན་རུང་བའི་གདམས་ངག་གོ །དེ་ནས་རང་དྲག་པོའི་ཐུགས་ཀར་གསེར་གྱི་མཆོད་རྟེན། བུམ་པར་ཕྱག་རྡོར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། བཛྲ་ཧེ་རུ་ཀའི་ཐུགས་ཀར་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཉི་ཟླའི་གའུའི་ནང་དུ། ཉི་མའི་སྟེང་དུ་ཧཱུྃ་དམར་པོའི་མཐར། ཨོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་


CMR009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ འབྲུ་ཉི་ཤུ་པ་ཡིག་ངོ་ཕྱིར་བསྟན་པ་གཡས་སུ་འཁོར། ཧཱུྃ་གཡོ་འགུལ་མེད་པའོ། །སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་འཕྲོས་པས། རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག །སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་གྱུར་བ་ལས། དེའི་སྐུ་ལས་གུ་རུ་དྲག་པོའི་སྐུ་ཆེ་ཆུང་སྣ་ཚོགས་པ། གསུང་སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟ་བུ། ཐུགས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ཧཱུྃ་དམར་པོས་མཚན་པ་དཔག་ཏུ་མེད་པ་ཆར་ལྟར་བབས་ནས་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་བཟླ། བདག་བསྐྱེད་རྐྱང་པ་ལ། འཁོར་བཞིན་པ་དེའི་འོད་ཟེར་ལས་སྔགས་ཕྲེང་བྱུང་ནས་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་རྒྱུད་བསྐུལ། བྷ་ག་ནས་རང་གི་རྡོ་རྗེའི་སྦུབ་ནས་ཞུགས་ཤིང་ཐུགས་ཀའི་ཧཱུཾ་ལ་ཐིམ་པ་དང་། མདུན་བསྐྱེད་ཀྱི་སྐབས་སུ། བདག་གི་ཞལ་ནས་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ། གསང་གནས་ནས་རང་གི་གསང་གནས་སུ་ཞུགས་ཐུགས་ཀར་ཐིམ་པར་བསྒོམ་སྟེ། དེའང་དང་པོ་འོད་ཟེར་ཁ་དོག་ལྔ་ལྡན་དུ་བསྒོམས་ནས་དེ་སྔགས་ཕྲེང་དུ་བསྒྱུར་བར་བྱ་སྟེ། མགལ་མེའི་འཁོར་ལོ་ལྟར་དམར་སྒ་


CMR009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ར་ར་འཁོར་བའོ། །དེ་དག་བདག་མདུན་བར་དུ་འཁོར་ཚེ་མེའི་ཚྭ་ཚྭ་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསྒོམས་ལ། སྔགས་ཨ་ཙིག་ཉི་ཤུ་པ་ཁོ་ན་གོང་ལྟར་བཟླའོ། །དེ་ལ་ཚན་ཆེར་བཟླའོ། །དེ་ནས་རང་དྲག་པོའི་དཔྲལ་བའི་འཇམ་དཔལ་གྱི་དཔྲལ་བའི་ནང་དུ་ཨོཾ་དཀར་པོ་ལ་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་སེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་མཆོད་པ་ཕུལ། སྐུ་འགྱུར་བ་མེད་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་འཇམ་དཔལ་ལ་བསྟིམས་པས་འགྱུར་མེད་སྐུའི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨོཾ་ཧྲིལླི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ སྔགས་བཟླའོ། །མགྲིན་པའི་རྟ་མགྲིན་གྱི་མགྲིན་པར་ཨཱཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་མཆོད་པ་ཕུལ། གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། མགྲིན་པར་བསྟིམས་པས་འགག་མེད་གསུང་གི་དངོས་གྲུབ་ཐོབ་པར་བསྒོམས་ལ་རྟ་མགྲིན་གྱི་སྔགས། ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཟླའོ། །ཐུགས་ཀར་ཕྱག་རྡོར་གྱི་ཐུགས་ཀའི་སྟོད་དུ་ཡེ་ཤེས་


CMR009_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ། སྨད་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་སྙིང་གར་བསྟིམས་པས་འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཟླའོ། །ལྟེ་བའི་མཁའ་འགྲོ་སྡེ་ལྔ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ལ་མཆོད་པ་འབུལ། ཡོན་ཏན་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས། ལྟེ་བར་བསྟིམས་པས་ཡོན་ཏན་རེ་བསྐང་དངོས་གྲུབ་ཐོབ་པར་བསྒོམས་ལ། དྷ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ༔ བཟླའོ། །གསང་གནས་ཡཀཱ་མེ་དབལ་ལས་འོད་ཟེར་ལྗང་ནག་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལ་མཆོད་པ་ཕུལ། ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་གསང་གནས་སུ་ཐིམ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་ཐོབ་པར་བསྒོམས་ལ། བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྵ་ཧཱུྃ༔ བཟླའོ། །སྤྱི་བོའི་ཁྱུང་ལས་ཁྱུང་གྲངས་མེད་པ་ནམ་མཁའ་བར་སྣང་ཁྱབ་པར་འཕྲོས། གནོད་བྱེད་ཀླུ་གདོན་ཐམས་ཅད་ཟོས། གཤོག་གསེབ་ནས་བྱེ་ཚན་གྱི་ཆར་དང་རྡོ་


CMR009_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སེར་བས་རྡུལ་དུ་བརླག །ལྟས་ངན་བྱད་ཁ་ཐམས་ཅད་རྭ་ཅོས་བརྡུང་། གཤོག་པའི་རླུང་གིས་རྒྱ་མཚོའི་ཕ་རོལ་དུ་བདས། སྡེར་མོས་གཏད་མནན་རྣམས་བྲུས་ནས་ཡེ་ཤེས་ཀྱི་མེས་བསྲེགས་པར་བསྒོམས་ལ། ཨོཾ་ཁྲོ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ བཟླའོ། །མཐར་ཁྱུང་ཐམས་ཅད་སྤྱི་བོའི་ཁྱུང་ལ་བསྡུའོ། །།རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་བཞི་ལ་ཕོག །དེ་བཞི་ལས་རང་འདྲ་བ་དཔག་ཏུ་མེད་འཕྲོས། ཚེ་བདག་གིས་ཕོ་གདོན་གཤིན་རྗེའི་གནོད་པ་ཐམས་ཅད་ཟློག །ཁྲོས་མས་མོ་གདོན་བསེན་མོའི་གནོད་པ་ཐམས་ཅད་ཟློག །སེང་གདོང་མས་བྱད་ཁ་ཐམས་ཅད་ཟློག །རྡོ་རྗེ་གཞོན་ནུས་དམ་སྲིའི་གནོད་པ་ཐམས་ཅད་ཟློག་པ་དང་། ཚར་བཅད་པར་བསྒོམས་ལ། ཡ་མ་རཱ་ཛ༔ བཛྲ་བྷ་ར་ཧི་། བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་སེདྷ་མུ་ཁ་ཧཱུྃ་ཕཊ༔ བཞི་པོ་སྦྲེལ་ལ་གཞུང་ལྟར་བཟླའོ། །མཐར་སྤྲུལ་པ་བཞི་སྤྲུལ་གཞི་ལ་བསྡུའོ། །ཁྲོ་བོ་བཅུས་ཧཱུྃ་སྒྲ་སྒྲོག་ཅིང་ཕྱོགས་བཅུའི་གནོད་བྱེད་ཐམས་ཅད་བཟློག་པར་བསམས་ལ་ཧཱུྃ་བཅུ་སྦྲེལ་ལ་ཅུང་ཟད་བཟླའོ། །ཐུན་མཚམས་ལང་འདུག་དུས། ལྷ་ཚོགས་ཐམས་ཅད་ཀྱིས་ཧཱུྃ་སྒྲ་ཏི་རི་རི་སྒྲོགས་པས་འཇིག་རྟེན་གཡོ་འགུལ་བྱེད་པར་


CMR009_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། བྲེ་ཁུང་ནས་ཧཱུྃ་དབྱངས་བྱེད་ཧཱུྃ་སྒྲུབ་བསྡུས་པའོ། །ཐུན་འཇུག་སྟོང་པར་བཟུང་མི་དགོས་ཏེ། དེ་ལྟར་དམིགས་པ་ཐམས་ཅད་སྒོམ་མཁན་རྣམ་རྟོག་ཡིན། རྣམ་རྟོག་རང་ངོར་བལྟས་པས་སྟོང་ཉིད་དངོས་སུ་འཆར། །སྟོང་ཉིད་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱ། ནམ་མཁའ་ལ་འཇའ་ཤར་བ་ལྟར་དྲག་པོའི་དཀྱིལ་འཁོར་བསྒོམ་པས་བསྐྱེད་རྫོགས་ཟུང་འཇུག་གོ །སྒྲུབ་པའམ་སྲུང་བ་གྲོལ་ནས་མདུན་བསྐྱེད་རྟེན་ལ་བསྟིམ། གཤེགས་གསོལ་སྤྱི་ལྟར་རོ། །བདག་བསྐྱེད་ཡེ་ཤེས་པ་ནི་ནམ་ཡང་མི་གཤེགས་ཏེ། ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱའོ། །སྲུང་འཁོར་བསྒོམ་ན། རང་དྲག་པོའི་ཐུགས་སྲོག་ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ་རྡོ་རྗེ་འཆང་ལ་བསྲུང་བྱའི་བླ་མས་བསྐོར་བ། ཟླ་ཚེས་ནང་དུ་རང་གི་ཡི་དམ་རྩིས་ཆེ་བ་རྣམས་དང་། ཧའི་ཁོག་པར་སྡུག་གུ་ལྟ་བུར་ནང་སྟོང་པའི་དབུས་སུ་རང་གི་ཚེ་སྲོག་ཀྲྀ་ལྗང་གུ། དེའི་གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས་རྒྱབ་ཏུ་སྦྲ་ཁང་། མདུན་དུ་རྟ་ནོར་ལོངས་སྤྱོད་བསྒོམ་པ་སྲུང་བའི་མཆོག །འ་ཆུང་ནང་དུ་ཆོས་སྐྱོང་རྩིས་གང་ཆེ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དེ་ལྟར་བསྒོམས་པས། ལྷ་དབྱེན་གྱིས་གནོད་པ་མི་ཚུགས་པའི་གནད་དོ། །ཞབས་ཀྱུའི་ནང་དུ་སྡེ་བརྒྱད་ཀྱི་ས་བོན་ཡི་གེ་ཨཡ༔ མདུརཿཙཤནསྤུས་བྲིས་པ་ཙམ་མགོ་ཐུར་དུ་བསྟན་པར་བསྒོམ་པས་


CMR009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ཏིས་བཟུང་བ་དང་འདྲ། རང་སྲོག་རང་གིས་མི་གཅོད་པས། སྡེ་བརྒྱད་འཁུ་ལྡོག་མི་ནུས་སོ། །དེ་ཙམ་གལ་མི་ཆེ་བའི་བསྲུང་བྱ་དྲག་པོའི་མཐའ་བསྐོར་ལྷའི་ནང་དུ་བསྒོམ། དེ་བས་གལ་ཆུང་བ་ལ་དཀྱིལ་འཁོར་གྱི་ཕྱི་དུར་ཁྲོད་ནང་དུ་བསྒོམ། དེ་བས་གལ་ཆུང་བ་ལ་རྡོ་རའི་ནང་དུ་ཚུད་ཙམ་བསྒོམ་མོ། །སྲུང་འཁོར་ཧཱུྃ་ནང་དུ་བཙུད་ན་བསྲུང་བྱ་ལ་ཕན་ཆེ་སྟེ། གོ་ཆ་མ་ཕུག་པར་སྨྲས་རྒྱུ་མེད་པ་ལྟར། སྲུང་ཁང་མ་ཐུབ་པར་བསྲུང་བྱ་མི་ཐུབ་སྟེ། ཕ་རོལ་བྱད་ཁ་ཆེ་ན་རང་ལ་ཉེས་པ་ཆེ་བས་རང་ལ་བློ་གཏད་ཆེ་ཆུང་དང་བསྟུན་ནོ། ༈ །ལས་བཞིའི་ཤམ་བུ་ནི། བདག་མདུན་གང་རུང་གི་ཕྱི་མེ་རི་དང་རྡོ་ར། དུར་ཁྲོད་ཀྱི་ནང་བར་ཁྱམས་དེར། ལྷ་སྲིན་སྡེ་བརྒྱད་ཕྱི་རིགས་བརྟན་མ་རྣམས་ཁྲོམ་ལྟར་ཚོགས་ནས། བདག་དྲག་པོའི་བཀའ་ཉན་པར་བསམས་ལ། སྔགས། ཨོཾ་ཨཱཿཧཱུྃ་ཨ་ཅིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ མེ་དབལ། བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྵ་ཧཱུྃ། སྡེ་བརྒྱད་ཨཡམདུརུཙཤནའི་མཐར། ཞི་བ་ལ། གནོད་བྱེད་གང་ཡིན་ཤཱནྟི་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། ནོར་ལོངས་སྤྱོད་པུཊྚི་ཀུ་རུ་སྭཱ་ཧཱ། དབང་ལ། སྣང་སྲིད་པ་ཤང་ཀུ་རུའི་མཇུག་ལ་སྭཱ་ཧཱ་སྦྱར་བ་དང་། ༡ དྲག་པོ་ལ། གོད་འདྲེའམ། ཟ་འདྲེའམ། ཆུང་སྲིའམ། གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔


CMR009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༤ ཅེས་ཤམ་བུ་སྦྱར་བ་བརྒྱ་སྟོང་ཙམ་བཟླའོ། །སྡེ་བརྒྱད་ཀྱིས་ཕྲིན་ལས་བསྒྲུབ་པར་བསྒོམས་ལ། དྲག་པོའི་ཆད་མདོ་བརྟན་སྐྱོང་གི་གཏོར་མ་འབུལ་ལོ། །དེས་ནི་གང་བསམ་ཐོགས་པ་མེད་པར་བསྒྲུབ་བོ། །དེ་ནས་ལས་སྦྱོར་དང་བསྲུང་བྱ་ལ་གདོན་དང་གནོད་འཚེ་འདུལ་བ་ལ། ༠ རང་ཉིད་དྲག་པོའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནམ་ས་གཉིས་གནམ་ལྕགས་མེའི་རང་བཞིན་འཁོར་ལོ་རྩིབས་སྟོང་ཐམས་ཅད་རལ་གྲིའི་སོ་གཉིས་མའི་རྩེ་འདྲ་བ་ཁ་སྦྱོར་གའུ་འདྲ་བ་སྟེ། སྟེང་གཡས་དང་འོག་གཡོན་དུ་འཁོར་བས་སོ་འཐབས་པའི་བར་དུ་གནོད་བྱེད་ཐམས་ཅད་དམར་ཉི་ལི་ལི་གཏུབ་པར་བསྒོམས་ལ། ཤ་ཁྲག་སྤྲུལ་པའི་ལྕགས་སྡིག་གྲངས་མེད་པས་ཟོས། བསྐལ་པའི་མེས་བསྲེགས་པར་བསྒོམ་ཞིང་། ཨ་ཙིག་མེ་དབལ་སྡེ་བརྒྱད་ཀྱི་སྔགས་མཐར་གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ༔ ༤ ཞེས་བཟླས་པས་ཐུལ་རྟགས་འབྱུང་སྟེ། བྱུང་ན་སྔགས་དང་དམིགས་པ་མི་བྱ། སྙིང་རྗེ་བསྒོམ་སྟོང་ཉིད་ཀྱིས་རྒྱས་གདབ་བོ། །སྡེ་བརྒྱད་ལ་ཕྲིན་ལས་བཅོལ་ན། དཀར་གཏོར་དང་དམར་གཏོར་གཉིས་བཤམས་པ་གང་དགྱེས་པ་སོ་སོར་ཐོབ་པར་བསྒོམ། གཙོ་ཆེར་ནི་གུར་དྲག་བསྒྲུབས་པས་ངག་ནུས་ཆེན་པོར་འདོད་དེ། ལྷ་འདྲེ་དང་གདོན་རྣམས་ཚར་གཅོད་པར་བསམས་ནས་བསྒྲུབ་ན། བཀྲ་མི་ཤིས་ཏེ་སྡེ་བརྒྱད་ཐམས་ཅད་དགྲར་ལངས་ནས་བར་ཆད་སྣ་ཚོགས་འབྱུང་།


CMR009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་མི་ཐོབ་སྟེ། བླུན་པོས་ཙནྡན་སོལ་བ་བྱས་པ་དང་འདྲའོ། །ཨོ་རྒྱན་རིན་པོ་ཆེ་ནི་ལྷ་འདྲེ་ཐམས་ཅད་ཀྱི་སྐྱབས་གནས་ཡིན། རང་ཅག་རྣམས་ཀྱིའང་སྐྱབས་གནས་ཡིན། མ་རྒན་སེམས་ཅན་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་གོ་འཕང་ཐོབ་པའི་ཕྱིར། ངས་དྲག་པོ་འདི་བསྒྲུབ་དེ་སྒྲུབ་མཁན་གྱི་བཀའ་བཞིན་བྱེད་ཅིང་སྒྲུབ་པ་ནི། ལྷ་འདྲེ་ཐམས་ཅད་ཀྱི་དམ་ཚིག་ཡིན། རང་དང་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་རིགས་མི་མཐུན་ཀྱང་དམ་ཚིག་གཅིག་པས། གྲོགས་མཆེད་དང་སྤུན་ཟླ་འདྲ་བར་ཤེས་པས་གཏོར་མ་འབུལ། ཕྲིན་ལས་བཅོལ་ན་ཚེ་འདིར་བར་ཆད་མེད་བཀྲ་ཤིས་བསམ་པ་འགྲུབ། ཕྱི་མའང་མྱུར་དུ་སངས་རྒྱས་ཐོབ་པའི་གནད་ཆེན་པོ་སྟེ། སེམས་བསྐྱེད་ལུགས་དེ་ལྟར་གལ་ཆེའོ། །ཁྱད་པར་གཏོ་སྲུང་བྱེད་དུས་འདྲེ་ལ་ཞེ་སྡང་མི་རུང་། ཡོན་བདག་དེ་ལ་ཚེ་སྔོན་གྱི་ལན་ཆགས་ཡོད་པས། འདྲེ་དེའི་གནོད་པ་ཡིན། དེ་ལ་བུ་ལོན་རྙིང་པ་མ་སོད་པའི་ཁ་མཆུ་ལྟར་ཡིན་པས། རང་བར་པ་དང་འདྲ་བས་འདྲེ་ལ་ཡས་གླུད་བྱིན་པས་བུ་ལོན་སོད། འདྲེའི་གནོད་སེམས་ཞི་བས་འདྲེ་ཁོ་རང་ངན་སོང་དུ་མི་ལྟུང་། ཡོན་བདག་རྐྱེན་ངན་ལས་ཐར་བར་བྱ་སྙམ་པས་གཏོ་ཡས་གང་བྱས་ཉེས་སྒྲིབ་ཏུ་མི་འགྱུར། བསྔོ་ཤའི་གཏོར་མཆོད་གཟབ་ཀྱང་ཡེ་ཤེས་ཀྱི་ལྷ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་མིན་པ་མེད་པས། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་ཀྱང་མཉེས་པར་མི་འགྱུར་ཏེ། བུ་བཤས་ནས་མ་ལ་བྱིན་པ་དང་འདྲ་བར་གསུངས། སངས་རྒྱས་བྱང་


CMR009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཐམས་ཅད་ལ་བུ་གཅིག་པོ་ན་བའི་མ་བཞིན་དུས་རྟག་ཏུ་བརྩེ་བ་ཆེན་པོ་ཡོད་པའོ། །གོང་དུ་བཤད་པའི་དམིགས་རིམ་བསྐྱེད་རྫོགས་རྒྱུན་ཁྱེར་ཐུགས་དམ་བྱེད་ཅིང་སེམས་བསྐྱེད་མ་ཞན་ན། ཚེ་སྒྲུབ་ཡོད་པས་ཚེ་རིང་བདེ་བ་ཅན་དུ་སྐྱེ་བའི་གནད། ཐོད་ཕྲེང་རྩལ་བསྙེན་པས་ཞི་བ་དང་བླ་མའི་སྒྲུབ་པ་ཚང་། ཁྱུང་བསྙེན་པས་གཟའ་ཀླུས་གནོད་པའི་ཉེས་སྐྱོན་སེལ། ཧཱིཊྛིའི་གཤིན་རྗེ་ཐམས་ཅད་ཚང་བས་གཤེད་ཁ་དང་འཆི་བ་ཟློག །རྟ་མགྲིན་ལ་གསུང་གི་སྒྲུབ་པ་ཚང་བས་ཀླུ་གདོན་སེལ། ཕྱག་རྡོར་ལ་ཐུགས་ཀྱི་སྒྲུབ་པ་ཚང་བས་རྟོགས་པ་སྐྱེ། གཟའ་གདོན་ཞི། དྷཱཀི་ལ་མཁའ་འགྲོ་མ་ཐམས་ཅད་ཚང་། ཁྲོས་མ་ཚེ་བདག་ཕུར་པ་སེདྷ་བཞི་ནི་ཕྲིན་ལས་སྒྲུབ་པའི་ལྷ་ལས་ཚོགས་ཕྱུག་པ་བཞི་ཡིན་ཏེ། །དེ་བཞིའི་ལས་ཚོགས་བསྙེན་ཚད་གུར་དྲག་ལ་སྦྱར་རུང་བའོ། །ལེགས་པར་བརྟག་ན་དྲག་པོ་འདི་ལ་མ་ཚང་བ་གཅིག་ཀྱང་མེད་དོ། །སྤྱི་བོར་རིགས་བདག་གི་འཁོར་སངས་རྒྱས་སྟོང་ཐོད་ཕྲེང་རྩལ་ལ་རྒྱ་བོད་རིག་འཛིན་གྲུབ་ཐོབ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་བསྐོར་ནས་ཡོད་པ། དྲག་པོའི་དཀྱིལ་འཁོར་འདི་ལ་ཚོགས་དང་མཆོད་པ་འབུལ་ན། སངས་རྒྱས་སྟོང་ལ་སོགས་པ་མཆོད་པར་འགྱུར་ཕྱིར་ཕན་ཡོན་བསམ་ལས་འདས། དེའང་དམིགས་པ་དེ་རྣམས་གསལ་བ་གལ་ཆེའོ། །རང་ཉིད་འཆི་བའི་ཚེའང་རང་དྲག་པོར་བསྒོམས་ལ་གོ་ཆ་མི་བསྒོམ་པར་རྩ་དབུ་མ་སྒོམ་པའི་སྤྱི་བོར་རིགས་བདག་འོད་དཔག་མེད་ཡོད་པར་བསྒོམ། རང་གི་རྣམ་ཤེས་སྙིང་དཀྱིལ་ཡི་གེ་ཧཱུྃ་དམར་པོ་འོད་དཔག་མེད་ཀྱི་ཐུགས་ཀར་


CMR009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མདའ་ལྟར་འཕེན་པའི་དམིགས་པ་མང་དུ་བྱ། དེ་ནས་འོད་དཔག་མེད་ལ་སེམས་གཏད་ནས་ཅི་གནས་སུ་བཞག །དེ་ནས་ཅིའང་མི་བསྒོམ་པར་སེམས་ཁོ་རང་ལ་ཧྲིག་གེར་བལྟ་བའི་ངང་ལ་བཞག་གོ །ཐིམ་རིམ་ལ་སོགས་འཁྲུལ་སྣང་ཅི་བྱུང་ཡང་སེམས་ཁོ་རང་མ་གཏོགས་ལོགས་ནས་ཅིའང་འཆར་རྒྱུ་མེད་པར་གང་ཤར་ངོ་བོ་ལ་ལྟ་བས་གཞིའི་འོད་གསལ་ཟིན། གལ་ཏེ་མ་ཟིན་ནམ། ཟིན་ཀྱང་ཐུགས་དམ་འདྲོག་ཤོར་བ་བྱུང་ཡང་རྣམ་ཤེས་སྤྱི་གཙུག་ཏུ་ཐོན་ནས་བདེ་བ་ཅན་དུ་སྐྱེ་བ་སྟེ། ང་ཉིད་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ། གསུངས་པའི་དོན་ནོ། །རིག་སྔགས་འཆང་བའི་རྣལ་འབྱོར་པ་དགེ་སློང་ཨ་རཱ་གས་ནུབ་གཅིག་ཞུན་མར་ངོགས་ལ་གང་དྲན་བྲིས་ཀྱང་ཟབ་པར་ཡོད། ༈ གོང་གི་ལས་བཞིའི་སྔགས་ཤམ་དུ་ཨཱ་ལི་ཀཱ་ལི་ཡིག་བརྒྱ་ཡེ་དྷར་ཚར་གསུམ་རེས་ཁ་བཀང་སྟེ་མཆོད་བསྟོད་བྱ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤ་འདྲེན་གཤེགས༔ ཕྱི་ནང་གསང་བའི་འཛབ་བསྙེན་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ ཨོཾ་གུ་རུ་བཛྲ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྱུ་ནས།། ཤརྡ་མ་ཧཱ་པཉྩ་རཀྟ་བ་ལི་ཏ་ཁཱ་ཧི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔


CMR009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྲིན་གསོལ་ནི། ཧོ༔ ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དུ་གསོལ། ཞེས་གང་འོས་བྱའོ། །དགེ་བ་འདི་ཡིས་མྱུར་དུ་བདག །དབང་དྲག་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །ཅེས་དགེ་བསྔོ་བྱའོ། །གཏོར་ཟློག་སྐབས་བདག་མདུན་སྟབས་གཅིག་མིན་དུས་མདུན་བསྐྱེད་ལ་འཇུག་པ་དང་། སྒྲུབ་མཆོད་དང་སྐོང་ཕྲིན་སྐབས་བཀའ་སྲུང་ལ་འཇུག་གོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ།next