Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ།
   
   
   
   
   
   
   


 
previousརིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ།next

རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ།


CMR009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ་བཞུགས་པའི་དབུའི་གཟིགས་ཕྱོགས་སྤྲོ་ལགས་སོ།།


CMR009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ཀྲོ་དྷ་ཡེ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །མཁྱེན་བརྩེ་ནུས་པའི་སྟོབས་རྣམས་གཅིག་བསྡུས་པ། །དྲག་པོ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རཏྣ་ལུགས་ཀྱི་གུ་རུ་ཞི་དྲག་གཉིས། །ཐོག་མར་སྐྱབས་འགྲོ་རྒྱས་བསྡུས་གང་བྱེད་ཀྱང་། །སྐྱབས་ཡུལ་མདུན་གྱི་ནམ་མཁར་སྣང་མཐའ་ཡས། །དྲན་རྫོགས་སྐུ་ཡི་རྣམ་པ་གསལ་བར་བསྒོམ། །འཁོར་དུ་ཞི་དྲག་ལྷ་ཚོགས་ཐམས་ཅད་དང་། །རྩ་བ་བརྒྱུད་པའི་བླ་མ་རིག་འཛིན་ཚོགས། །སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པ་ཡི། །


CMR009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གསལ་ཞིང་འཁོར་རྣམས་མོས་པ་ཙམ། །དེ་ནི་གཞུང་ནས་བཤད་དང་མཚུངས་པ་ཡིན། །ཆོས་རྣམས་རང་རང་གཞུང་བཞིན་ཉམས་ལེན་ཟབ། །དེ་ཕྱིར་དཔག་བསམ་ཤིང་དང་སེང་ཁྲི་སོགས། །ཕྱག་ཆེན་ལུགས་ཀྱི་དམིགས་པ་འདིར་མི་སབ། །སྐྱབས་འགྲོ་རྒྱས་པ་ཐུགས་སྒྲུབ་གཞུང་ལྟར་ཏེ། །འབྲིང་ལ་གཏེར་གོང་ལུགས་འདི་སབ་སྲོལ་འདུག །ན་མོ། བདེ་གཤེགས་རྒྱལ་བ་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་


CMR009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྒྲུབས་ནས་སུ། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་སྒྲོལ་བར་དམ་བཅའོ། །བྱིན་རླབས་འབྱུང་བའི་བླ་མ་རྗེ། །དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་ཕྱག་འཚལ་ཞིང་། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །གསང་སྔགས་བསྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག་།འདི་ནི་གཏེར་གོང་ཆོས་དབང་ལུགས། །རཏྣ་ལུགས་དང་མ་བུ་ཡིན། །རིཏྟ་ལུགས་ལ་མ་ཚང་རྣམས། །ཆོས་དབང་ལུགས་ནས་ཁ་སབ་སྲོལ། །པད་གླིང་ལུགས་ཀྱི་སྐྱབས་སེམས་འདི། །སབ་ཀྱང་མི་འགལ་ལ་ལས་སབ། །པད་གླིང་གཏེར་ཁ་ཐོན་པའི་དུས། །རཏྣ་གླིང་པ་ཞིང་བརྗེས་ཏེ། །རྟ་ཆིབས་ནམ་མཁར་བྱོན་ནས་ཀྱང་། །ང་ནི་རྔ་ཡབ་གླིང་དུ་འགྲོ། །ཁྱོད་ཀྱིས་འགྲོ་དོན་


CMR009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས་ཕྱིར། །བསྟན་པ་གཏད་ཕྱིར་སབ་པར་རུང་།། ཧཱུྃ། བདེ་གཤེགས་རྒྱལ་བ་འདུས་པའི་སྐུ། །གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །བདག་ཉིད་བྱང་ཆུབ་མ་ཐོབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ཧཱུཾ། བདག་ཉིད་རྣལ་འབྱོར་དབང་ཕྱུག་གིས། །རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི། །དྲེགས་པ་མ་ལུས་ཚར་བཅད་ནས། །གཞན་དོན་བྱ་བར་སེམས་བསྐྱེད་དོ། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་རྗེས། །སྐྱབས་ཡུལ་རང་ལ་ཐིམ་པར་བསྒོམ། །སྒོམ་མཁན་སེམས་ལ་བལྟས་བྱས་པས། །སྐྱབས་ཡུལ་སྐྱོབ་མཁན་སྐྱབས་འགྲོ་གསུམ། །རང་བཞིན་མ་གྲུབ་སྟོང་པ་ཉིད། །དོན་གྱི་སྐྱབས་འགྲོ་སེམས་བསྐྱེད་ཡིན། །དེ་ནས་གུ་དྲག་ལས་བྱང་གསུངས། །ཁྲོ་རྒྱལ་སྟོབས་འདུས་ཡང་གསང་སོགས། །གུར་དྲག་མངོན་རྟོགས་གང་རུང་འདོན། །འདོན་ལུགས་འགྲིག་ཆོག་ནང་ལྟར་ཡིན། །ལས་བྱང་གོ་ཆ་ལྷ་ལྔ་སབ། །དེ་ཡན་འགྲིག་ཆོག་བཅོས་བསླད་མེད་། །ཐུགས་རྗེ་ཞི་བ་ཆེན་པོའི་ངང་། །དམིགས་པ་མེད་པའི་སྙིང་རྗེ་ཡིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཉིན་མཚན་དུས་དྲུག་རྟག་ཏུ་གཟིགས། །མ་གཅིག་བུ་


CMR009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞིན་དུ་བརྩེ། །ཁོང་ཁྲོ་ཞེ་སྡང་ག་ལ་མངའ། །སེམས་ཅན་གང་ལ་གང་འདུལ་སྟོན། །སེམས་ཅན་མ་རུངས་ཞེ་སྡང་ཅན། །ཞི་བས་མི་ཐུལ་དྲེགས་པའི་ཚོགས། །འདུལ་ཕྱིར་ཁྲོ་བོའི་ཚུལ་དུ་སྟོན། །ཁྲོ་ཚུལ་ཡིན་གྱིས་ཁྲོས་པ་མིན། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས། །དེ་ཕྱིར་གུ་རུ་དྲག་པོ་ཡང་། །ཤིན་ཏུ་ཁྲོ་ཚུལ་འཇིགས་པར་སྟོན། །འདོད་ཆགས་དབང་གྱུར་མོ་གདོན་སོགས། །འདུལ་ཕྱིར་ཡབ་ཡུམ་ཞལ་སྦྱོར་ཚུལ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས། །གཏི་མུག་དབང་གྱུར་ཀླུ་ལ་སོགས། །འདུལ་ཕྱིར་རྟ་ཞལ་ཕག་ཞལ་དང་། །ཁྱུང་སོགས་དུད་འགྲོའི་གཟུགས་སུ་སྤྲུལ། །གུར་དྲག་འགྲུབ་པའི་རྣལ་འབྱོར་པས། །སྟོབས་ཆེ་ཕྱིར་ན་ཡ་ཀི་ཡི། །ཀུན་བཟང་ཡབ་ཡུམ་མན་ཆད་ཐུལ། །གསུངས་ཕྱིར་འཁོར་འདས་ཞིང་འདི་ན། །གུར་དྲག་བཀའ་ལ་མི་ཉན་པའི། །ལྷ་ཡང་མེད་ལ་འདྲེ་ཡང་མེད། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་ཡིན། །ཞི་བའི་ལྷ་ཚོགས་ཐམས་ཅད་ནི། །ཞི་བ་བཞི་བཅུ་གཉིས་ལ་འདུས། །དེ་ཡང་ཀུན་ཏུ་བཟང་པོ་འདུས། །ཀུན་བཟང་སྣང་མཐའ་དོན་གཅིག་པས། །ཀུན་བཟང་སྣང་བ་མཐའ་ཡས་ཟེར། །དེ་ལ་སངས་རྒྱས་ཐམས་ཅད་


CMR009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །མཁྱེན་བརྩེ་ནུས་པའི་སྟོབས་ཀུན་འདུས། །དེ་ཉིད་ཁྲོ་བོའི་སྐུར་བཞེངས་པ། །གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །འདི་ལ་སངས་རྒྱས་ཐམས་ཅད་ཀྱི། །སྟོབས་བཅུའི་སྟོབས་ཀུན་འདུས་པ་ཡིན། །འདི་ཡི་ངོ་བོ་གང་ཞེ་ན། །རྙིང་མའི་ཆེ་མཆོག་དཔལ་དགུ་ཡི། །རིག་འཛིན་ཐོད་པ་རྩལ་ཆེན་ཡིན། །གསར་མའི་བླ་མེད་དཀྱིལ་འཁོར་ལྷ་། །སངས་རྒྱས་ཐོད་པ་ཞེས་བྱ་བའི། །རྒྱུད་སྡེ་ཆེན་པོ་བཞུགས་དེ་ཡིན། །བྱང་གཏེར་གུར་དྲག་ལོ་རྒྱུས་ལས། །བཀའ་བརྒྱད་ཆེ་མཆོག་དཔལ་བརྒྱད་སོགས། །དྲག་པོ་ཐོད་ཕྲེང་རྩལ་ཉིད་ཀྱི། །རྣམ་ཤེས་ཚོགས་བརྒྱད་སྤྲུལ་པར་གསུངས། །དེ་ཕྱིར་འཇམ་དཔལ་སྐུ་ཡི་སྟོབས། །དེ་བཞིན་པདྨ་གསུང་གི་སྟོབས། །ཡང་དག་ཐུགས་ཀྱི་སྟོབས་དང་ནི། །ཆེ་མཆོག་བདུད་རྩི་ཡོན་ཏན་སྟོབས། །ཕྲིན་ལས་རྡོ་རྗེ་གཞོན་ནུའི་སྟོབས། །གཟི་བརྗིད་ཆེན་པོ་མ་མོའི་སྟོབས། །འཇིག་རྟེན་དྲེགས་པ་ལས་ཀྱི་སྟོབས། །དམོད་པ་དྲག་སྔགས་མཐུ་ཡི་སྟོབས། །ཐམས་ཅད་གུར་དྲག་འདི་ལ་འདུས། །དེ་ཕྱིར་ཁྲོ་རྒྱལ་སྟོབས་འདུས་ཡིན། །དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ། །ཡོ་ག་གསུམ་གྱི་དགོངས་པ་སྟེ། །བསྐྱེད་པ་མ་


CMR009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཡོ་གའི་ལུགས། །དེ་ལ་ཡང་ནི་གསུམ་ཡོད་དེ། །འབྱོར་པ་རབ་དང་དབང་པོ་ནི། །ཐ་མས་རྡུལ་ཚོན་དཀྱིལ་འཁོར་ཏེ། །ཆུང་སྟེ་ལག་མཐིལ་ཙམ་ཡང་རུང་། །ཆེ་སྟེ་ཁྲུ་ནི་སྟོང་གི་བར། །གནས་ཁང་འཚམས་པའི་དཀྱིལ་འཁོར་བཞེངས། །རྡུལ་ཚོན་རབ་ནི་རིན་ཆེན་ལྔ། །འབྲིང་ནི་ཚོན་གྱིས་ཁ་དོག་བསྒྱུར། །སྒང་རྩིའི་ཁུ་བས་རྩི་བསྐོན་པའི། །སྐྱག་གསལ་སྣུམ་འོད་ཆགས་པར་བྱ། །ཐ་ན་ས་ཚོན་ཁ་དོག་ལྔ། །ཐིག་རྩ་ཚང་བའི་དཀྱིལ་འཁོར་བཞེངས། །འབྱོར་པ་རྟོགས་པ་འབྲིང་ཙམ་ལ། །རས་བྲིས་དཀྱིལ་འཁོར་གསུངས་པ་སྟེ། །དེ་ཡང་བཏིང་དུ་ཡིན་ན་ནི། །ཟུར་བཞིར་བུམ་པ་བཞི་བྲིའོ། །ལྷ་རྣམས་རང་མདོག་ཐིག་ལེའམ། །ས་བོན་ཡིག་འབྲུ་གསེར་སོགས་བྲི། །ཡང་ན་ཕྱག་གཡས་ཕྱག་མཚན་བྲི། །སྤ་རྩི་བཏང་བས་ཆུས་མི་འཇིག །བཏིང་རྒྱུ་མ་ཡིན་བཤམས་རྒྱུ་ལ། །གཞུང་ལྟར་ལྷ་ཚོགས་ཚང་མ་བྲི། །ཟུར་བཞིར་བླ་མ་སྐུ་གསུམ་དང་། །མཚོ་རྒྱལ་ལ་སོགས་ལྷ་མགྲོན་བྲི། །ཐ་མ་ཤོག་བུར་བྲིས་པ་བཏིང་། །དུར་ཁྲོད་ཡོད་པའི་དཀྱིལ་འཁོར་ནི། །ལྷ་མེད་སྟོང་པ་ཞིག་བྲིས་ནས། །ཞི་དྲག་རྟ་མགྲིན་ལ་སོགས་པ། །ལྷ་ཚོགས་པད་འདབ་ཐིག་ལེ་


CMR009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཟླུམ་པོ་ཤོག་བུ་ལ་བྲིས་ནས། །གང་དགོས་བརྗེ་ཞིང་བཞག་པ་ལ། །འགྲིམ་དཀྱིལ་ཞེས་སུ་གྲགས་པ་ཡིན། །དེ་ཀུན་རས་བྲིས་དཀྱིལ་འཁོར་རོ། །དབང་པོ་རབ་ཀྱི་རྣལ་འབྱོར་དང་། །འབྱོར་པ་ཐ་མའི་གང་ཟག་ལ། །ཚོམ་བུའི་དཀྱིལ་འཁོར་གསུངས་པ་སྟེ། །མཎྜལ་བཟང་པོ་ལེགས་པར་ཕྱིས། །འབྲས་དཀར་གུར་གུམ་ཆུ་ཡིས་སྤང་། །དབུས་སུ་ཚོམ་བུ་ཆེ་བ་གཅིག །དེ་ཡི་ཕྱེད་ཙམ་ཕྱོགས་བཞིར་བཞི། །དེ་ཡི་ཕྱི་རྣམས་ཇེ་ཆུང་སྟེ། །དེ་ནི་ཚོམ་བུའི་དཀྱིལ་འཁོར་ཡིན། །མ་འབྱོར་ནས་བཟང་སྤོས་ཆུས་སྦྲུས། །ཚོམ་བུ་གོང་ལྟར་བཀོད་པ་ཡིན། །མཎྜལ་ལ་སོགས་མ་འབྱོར་ན། །གཞི་ནི་དམར་པོ་གཙང་མའི་སྟེང་། །ནས་ཀྱི་ཚོམ་བུ་ལྷ་གྲངས་བཀོད། །སྒྲུབ་རྟེན་དཀྱིལ་འཁོར་དེས་ཆོག་པར། །གསར་རྙིང་རྒྱུད་སྡེ་ཀུན་ནས་བཤད། །དེ་ལ་བརྟེན་ནས་དཀྱིལ་འཁོར་དབང་། །བསྐྱེད་རིམ་གསལ་པོ་ཡོད་ན་རུང་། །མེད་ན་མི་རུང་གསུང་མཁན་མང་། །དེ་ནས་མཆོད་གཏོར་བཤམས་པ་ཡང་། །སྒྲུབ་པ་བྱེད་ན་དཀྱིལ་འཁོར་དབུས། །རྣམ་རྒྱལ་བུམ་པ་བཤམས་པ་སྟེ། །དབང་དུས་ཤར་སྒོའི་གཡས་ལོགས་བཤམས། །བསྒྲུབ་དུས་རྣམ་


CMR009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུམ་པའི་སྟེང་། །ཨོཾ་བྱས་རིན་ཆེན་འབར་བ་བཤམས། །གཡས་གཡོན་སྨན་དང་རཀྟ་དང་། །སྒྲུབ་པ་ཡུན་ཐུང་ཡིན་ན་ནི། །དེ་རྒྱབ་ཕུགས་གཏོར་བསྐོར་བཤམས་ཏེ། །ཤར་དུ་བླ་མ་ལྷོར་ཡི་དམ། །ནུབ་ཏུ་མཁའ་འགྲོ་བྱང་ཆོས་སྐྱོང་། །མཚམས་བཞིར་ནོར་ལྷ་ཕྱི་རྒྱུད་དང་། །བཀའ་སྲུང་རྣམས་ནི་བཤམ་པར་བྱ། །ཕུགས་གཏོར་གཏོར་སྒམ་ཡོད་ན་ནི་།འདི་རུ་ཕུགས་གཏོར་མི་དགོས་ཏེ། །ཕྱོགས་བཞིར་དངོས་གྲུབ་ལེན་ཆོག་གི །ཞི་རྒྱས་དབང་དྲག་འབྲང་རྒྱས་བཞི། །ཟླུམ་པོ་སྟོད་ཟུར་བཞི་པ་དང་། །སྟོད་ཟུར་གཉིས་པ་ཟུར་གསུམ་རྣམས། །བཤམས་ན་ལེགས་ཤིང་མ་འགྲུབ་ཆོག །དེ་དག་སྒྲུབ་རྟེན་ཡིན་པའི་ཕྱིར། །དང་པོ་བྲན་ནས་གསོ་མི་དགོས། །རྒྱུན་དུ་ཕུགས་གཏོར་གསོ་བྲན་བྱ། །དེ་ནས་ཆ་ལག་འཛོམས་ན་ནི། །ཟུར་བཞིར་རྒྱལ་མཚན་བཞི་དང་ནི། །མཉམ་དུ་རལ་གྲི་བཞི་ཡང་བཅིང་། །ཕྱོགས་བཞིར་ཚོན་སྐུད་དྲྭ་བས་བསྐོར། །ཕྱོགས་བཞིར་མདའ་དར་མེ་ལོང་ཅན། །བཞི་འམ་བརྒྱད་ནི་ཚོན་སྐུད་བཀལ། །འོག་ཏུ་སྟག་གི་སྒབ་སྐོར་ལ། །སེང་ལྡེང་ཕུར་ཆུང་བཅུ་གཉིས་དང་། །དར་པན་བཅུ་གཉིས་མཉམ་དུ་བཏགས། །།སྟེང་དུ་བླ་རེ་


CMR009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་པར་བྱ། །དེ་རྒྱབ་ཡོལ་བ་གསུམ་རིམ་བརྒྱབ། །དེ་ནི་སྒྲུབ་ཆེན་ཆས་ཡིན་ཏེ། །གུ་རུ་ཞི་དྲག་རྟ་མགྲིན་སོགས། །རྙིང་མའི་དཀྱིལ་འཁོར་ཀུན་ལ་དགོས། །མེད་ཀྱང་ཐབས་ཆག་མ་ཡིན་ཏེ། །སྒྲུབ་ཕྲན་རྣམས་ལ་དེ་མི་དགོས། །ནང་གི་དཀྱིལ་འཁོར་བུམ་པ་དང་། །སྨན་རཀ་གཏོར་གསུམ་མཆོད་པ་བདུན། །དེ་ག་ཙམ་གྱིས་འཐུས་པ་ཡིན་། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་། །དཀྱིལ་འཁོར་མདུན་དུ་མཆོད་བཀྱག་སྟེང་། །རྒྱུན་དུ་བརྗེ་རྒྱུའི་མཆོད་པ་དང་། །ཚོགས་དང་གཏོར་འབུལ་ལ་སོགས་བཤམས། །དེ་དག་བཤམས་པའི་དཀྱིལ་འཁོར་ཏེ། །རྒྱས་བསྡུས་འབྲིང་གསུམ་གང་བྱེད་ཀྱང་། །རྒྱས་པ་ཉིན་མཚན་དུས་དྲུག་སྟེ། །འབྲིང་དུ་ཉིན་མཚན་ནང་ནུབ་བཞི། །ཐ་ན་ཉིན་རེ་མཚན་རེ་ལ། །ལས་བྱང་ཚར་རེ་འདོན་དགོས་པ། །སྒྲུབ་པ་བྱེད་པའི་དུས་སུ་ཡིན། །རྒྱུན་ཁྱེར་དཀྱིལ་འཁོར་མི་དགོས་ཏེ། །རྩ་བའི་ཡི་དམ་གང་ཡིན་གྱི། །ལས་བྱང་གཏོར་བསྔོས་དང་བཅོས་པ། །ཚར་རེ་ཆག་ཐབས་མེད་པ་ནི། །བསྐྱེད་པ་མ་ཧཱ་ཡོ་གའི་ལུགས། །དེ་ཡང་ལས་བྱང་ཚིག་རིས་རྣམས། །དམིགས་པ་གསལ་བར་བསྒོམ་ཞིང་གྱེར། །དེ་ཕྱིར་རྙིང་མ་


CMR009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར་བསྒོམ་ཟེར། །གསར་མའི་ཆོ་གའང་དེ་དང་མཚུངས། །དེ་ལ་གསར་མས་གཤར་བསྒོམ་ཟེར། །ལས་བྱང་ཆོ་གའི་དམིགས་རིམ་རྣམས། །སོ་སོར་གསལ་བར་མ་ཟིན་ན། །ཆོ་ག་གྱེར་འདེབས་དབྱངས་དང་བཅས། །ཆད་ལྷག་མེད་པར་བཏོན་ན་ཡང་། །ཏིང་ངེ་འཛིན་རྣམས་ཆད་པའི་ཕྱིར། །དོན་གྱི་ཆོ་ག་མ་ཚང་བས། །ཏིང་འཛིན་གསལ་བ་གནད་དུ་ཆེ། །དེ་དོན་ཆོ་ག་ལས་བྱང་ཚིག །ཡིད་ཀྱིས་བསྒོམ་རབ་བརྗོད་པ་སྟེ། །དེ་དོན་ཕ་རྒྱུད་གསང་འདུས་ལས། །ཡིད་ཀྱིས་ངག་ལྟར་བསྒོམ་ཞེས་གསུངས། །ཨ་ནུ་ཡོ་གའི་ལུགས་ལ་ནི། །ཕྱི་ཡི་དཀྱིལ་འཁོར་བཤམས་པ་ཀུན། །དཀྱིལ་འཁོར་མིན་ལ་ཡིན་པར་བསྒོམ། །ཀུན་བརྟགས་དཀྱིལ་འཁོར་ཟབ་པ་མིན། །རང་ལུས་རྩ་རླུང་ཐིག་ལེ་རྣམས། །ཡེ་ནས་དཀྱིལ་འཁོར་དངོས་ཡིན་པས། །ཡིན་ལ་ཡིན་པར་གསལ་འདེབས་པ། །ཡོངས་གྲུབ་དཀྱིལ་འཁོར་ཟབ་མོ་ཡིན། །དཀྱིལ་འཁོར་ལུས་ལ་ཡེ་ནས་ཚང་། །དེ་ཡི་དོན་ནི་ཤེས་པས་ཆོག །རང་ལུས་གཞལ་ཡས་ཁང་པ་སོགས། །བློས་བྱས་བསྒོམ་ནི་མི་དགོས་ཏེ། །ལག་པ་བརྐྱངས་བས་འདོམ་པ་གང་། །ཐུར་དུའང་ལུས་ཚད་འདོམ་གང་སྟེ། །གཞལ་ཡས་གྲུ་


CMR009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དེ་ལ་ཚང་། །ཁ་སྣ་གསང་བཤང་སྒོ་བཞི་སྟེ། །པགས་པ་རྡོ་རྗེའི་རྭ་བ་གུར། །བ་སྤུ་མེ་དཔུང་ཕྱོགས་ཀུན་ཁྱབ། །སྙིང་ནི་པདྨ་འདབ་བརྒྱད་དེ། །བྱང་སེམས་དཀར་དམར་ཉི་ཟླའི་གདན། །རྩ་འཁོར་རྣམས་ནི་འཁོར་གྱི་གདན། །།ཕུང་པོ་ལྔ་ནི་དྲག་པོ་ལྔ། །ཁམས་ལྔ་དེ་ཡི་ཡུམ་ལྔ་སྟེ། །གནས་ལྔའི་རྩ་མདུད་ཐིག་ལེ་ལྔ། །གོ་ཆ་ལྷ་ལྔའི་ངོ་བོ་ཡིན། །རྐང་ལག་ལྷུ་བརྒྱད་མགོ་གསང་གནས། །ཁྲོ་བོ་བཅུ་ཡི་རང་བཞིན་ནོ། །རང་ལུས་དམ་ཚིག་སེམས་དཔའ་སྟེ། །ཡིན་ལ་ཡིན་བཞིན་གསལ་བཏབ་སྟེ། །རང་སེམས་ཡེ་ཤེས་སེམས་དཔའ་དངོས། །ཡིན་ཕྱིར་སྤྱན་འདྲེན་མི་དགོས་ཏེ། །བཟའ་བཏུང་ཐམས་ཅད་མཆོད་པ་ཡིན། །དེ་ཕྱིར་མཆོད་གཏོར་བཤམས་མི་དགོས། །འགྲོ་འདུག་གར་དང་ཕྱག་རྒྱུ་ཡིན། །སྤྲོས་བཅས་གར་འཆམ་བྱ་མི་དགོས། །རླུང་གིས་འཇུག་གནས་དབྱུང་དང་གསུམ། །ནང་དུ་འཇུག་པ་ཡི་གེ་ཨོཾ། །སྐུ་ཡི་སྙིང་པོ་ཐམས་ཅད་འདུས། །ཁོག་ཏུ་གནས་པ་ཡི་གེ་ཨཱ། །གསུང་གི་སྙིང་པོ་ཐམས་ཅད་འདུས། །ཕྱི་རུ་དབྱུང་བ་ཡི་གེ་ཧཱུཾ། །ཐུགས་ཀྱི་སྙིང་པོ་ཐམས་ཅད་འདུས། །དེ་ནི་ཡིན་པར་ཤེས་པའི་ཆོག །ཡིག་འབྲུའི་


CMR009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་བསྒོམ་མི་དགོས། །ལྕེ་རྐན་སྦྱོར་བས་བརྗོད་མི་དགོས། །ཕྲེང་བ་བྲལ་བའི་བཟླས་པ་སྟེ། །ཞག་གཅིག་ཉི་ཁྲི་གཅིག་སྟོང་དང་། །དྲུག་བརྒྱའི་གྲངས་དང་མཉམ་པ་ཡི། །སྔགས་ཀྱི་བཟླས་པ་ཐེམ་པར་འགྱུར། །ཚེ་ཡི་བར་ཆད་སེལ་བ་དང་། །རྩོལ་བ་མི་དགོས་ཡི་དམ་འགྲུབ། །འབྲུ་གསུམ་རྡོ་རྗེའི་བཟླས་པ་འདི། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས། །དེ་ཕྱིར་ཐེ་ཚོམ་མེད་པ་སྟེ། །ཞི་གནས་བསྒོམ་པའི་མཆོག་ཀྱང་ཡིན། །ཁྱད་པར་གུར་དྲག་ལ་མོས་ན། །ནང་དུ་འཇུག་པ་ཨོཾ་ཨཱཿཧཱུཾ། །ཁོང་དུ་གནས་པ་ཨ་ཙིག་ཉིད། །ཕྱིར་དབྱུང་ཨ་དང་ཧཱུཾ་ཧཱུཾ་ཕཊ། །དེ་ལྟར་ཡིན་པར་བསྒོམས་པས་ཆོག །ངག་ནས་སྔགས་འདོན་མི་དགོས་སོ། །དེ་ནི་ཨ་ནུ་ཡོ་གའི་ལུགས། །ལུས་དཀྱིལ་གཙོ་བོར་སྟོན་པ་སྟེ། །འདི་ལ་རྩ་གསུམ་འཁོར་ལོ་ལྔ། །དབུ་མ་སྲོག་ཤིང་ལྟ་བུ་སྟེ། །སྤྱི་བོ་ཚངས་པའི་བུ་གར་ཟུག །མར་སྣེ་གསང་གནས་མ་འབྲེལ་ཙམ། །གཡས་གཡོན་རོ་རྐྱང་དཀར་དང་དམར་། །ཡར་སྣེ་ཀླད་པའི་སྟེང་ནས་མར། །སྣ་བུག་གཉིས་སུ་ཟུག་པ་ཡིན། །མར་སྣེ་ལྟེ་འོག་སོར་བཞི་ནས། །ཡི་གེ་ཆ་ཡི་འཕོང་ལྟ་བུར། །དབུ་མ་དག་ནི་གཅིག་ཏུ་གྱུར། །


CMR009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་མཐིང་གསལ་ཆོས་སྐུ་མཚོན། །གཡས་སུ་རོ་མ་དམར་པོ་སྟེ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད། །གཡོན་དུ་རྐྱང་མ་དཀར་པོ་སྟེ། །སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད། །དེ་ལྟར་རྩ་གསུམ་སྒོམ་པ་དེས། །བདེ་གསལ་མི་རྟོག་ཉམས་གསུམ་སྐྱེ། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །རྩ་འདབ་སུམ་ཅུ་སོ་གཉིས་དཀར། །ཅུང་ཟད་སྒྲུབ་པ་གདུགས་ལྟ་བུ། །རྩ་མདུད་དབུས་ཀྱི་དབུ་མའི་ནང་། །འཇམ་དཔལ་གཤིན་རྗེ་གཞུང་ལྟར་བསྒོམ། །རྩ་འདབ་སུམ་ཅུ་སོ་གཉིས་ལ། །འཇམ་དཔལ་སོ་གཉིས་གཙོ་བོ་འདྲ། །ཅུང་ཟད་ཆུང་ཞིང་གཙོ་བོར་གཟིགས། །མགྲིན་པར་རྩ་འདབ་བཅུ་དྲུག་དམར། །རྩ་རྩེ་གྱེན་ཕྱོགས་པདྨའི་དབྱིབས། །རྩ་མདུད་དབུས་སུ་རྟ་མགྲིན་དང་། །རྩ་འདབ་རྟ་མགྲིན་བཅུ་དྲུག་བསྒོམ། །སྙིང་ཁའི་རྩ་འདབ་བརྒྱད་པོ་མཐིང་། །ཅུང་ཟད་ཁ་སྦུབ་བམ་གྱི་དབྱིབས། །དབུས་སུ་ཕྱག་རྡོར་གཞུང་ལྟར་ཏེ། །རྩ་འདབ་བརྒྱད་ལ་ཕྱག་རྡོར་བརྒྱད། །ལྟེ་བའི་རྩ་འདབ་དྲུག་ཅུ་བཞི། །ཁ་དོག་སྣ་ཚོགས་རྩ་སྣེ་རྣམས། །ཅུང་ཟད་གྱེན་བསྟན་ཨེ་ཡི་དབྱིབས། །རྩ་མདུད་དབུས་སུ་མཁའ་འགྲོ་ལྔ། །མདུན་ངོས་རྩ་འདབ་བཅུ་དྲུག་ལ། །མཁའ་


CMR009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དཀར་མོ་བཅུ་དྲུག་བསྒོམ། །གཡས་ཕྱོགས་སེར་མོ་བཅུ་དྲུག་སྟེ། །རྒྱབ་ཕྱོགས་དམར་མོ་བཅུ་དྲུག་དང་། །གཡོན་ཕྱོགས་ལྗང་མོ་བཅུ་དྲུག་སྟེ། །ཀུན་ཀྱང་རང་རྟགས་གྲི་ཐོད་ཅན། །ཀུན་ཀྱང་ཞལ་ནི་གཙོ་མོར་གཟིགས། །གསང་གནས་རྩ་འདབ་ཉི་ཤུ་བརྒྱད། །རྩ་འདབ་འཕྲད་བསྟན་འཁོར་ལོའི་དབྱིབས། །རྩ་མདུད་དབུས་སུ་མེ་དབལ་ཉིད། །རྩ་འདབ་མེ་དབལ་ཉི་ཤུ་བརྒྱད། །བ་སྤུའི་བུ་ག་རེ་རེ་ཡང་། །ཁྲོ་ཆུང་ཡུངས་ཀར་ཙམ་རེ་བསྒོམ། །དེ་ནི་ཁྲོ་རྒྱལ་སྟོབས་འདུས་དང་། །ལས་བྱང་ལ་སོགས་དང་མཐུན་པར། །ལུས་དཀྱིལ་བསྒོམ་པའི་ཚུལ་ཡིན་ཏེ། །ཡང་གསང་བླ་མེད་ལུས་དཀྱིལ་ནི། །ལོགས་སུ་གསལ་བར་བཀོད་ལྟར་ཡིན། །དེ་གཉིས་མིན་པའི་ལུས་དཀྱིལ་ནི། །རཏྣའི་གུར་དྲག་འདི་ལ་མེད། །ཁྲོ་བཅུ་ལུས་ལ་བཀོད་པ་ཡང་། །འདི་ཡི་གཞུང་ལས་མ་གསུངས་ཀྱང་། །གལ་ཏེ་སྒོམ་པར་འདོད་པ་ན། །ལུས་ཀྱི་ནང་དུ་མི་བསྒོམ་སྟེ། །སྐུ་ལུས་ཕྱི་ལ་རྒྱན་གྱི་ལྷ། །དཔྲལ་བར་ཡེ་ཤེས་སྤྱན་གྱི་གོང་། །ཧཱུཾ་ཆེན་ཀ་ར་བསྒོམ་པར་བྱ། །དཔུང་པ་གཡས་སུ་རྣམ་པར་རྒྱལ། །དཔུང་པ་གཡོན་དུ་དབྱུག་སྔོན་ཅན། །དེ་བཞིན་མགྲིན་པར་རྟ་མགྲིན་


CMR009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུགས་ཀར་གཤིན་རྗེ་གཤེད་པོར་བསྒོམ། །ལྟེ་བའི་གོང་དུ་བདུད་རྩི་འཁྱིལ། །ལྟེ་བར་མི་གཡོ་མགོན་པོ་དང་། །དེ་བཞིན་བརླ་གཡས་འདོད་པའི་རྒྱལ། །བརླ་གཡོན་ཁམས་གསུམ་རྣམ་པར་རྒྱལ། །གསང་བའི་གནས་སུ་སྟོབས་པོ་ཆེ། །ཐམས་ཅད་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཐོ་བ་དང་། །གཡོན་པས་ལྕགས་ཀྱུ་འཛིན་པར་བསྒོམ། །ཟློག་པ་ལ་སོགས་དྲག་ལས་དུས། །དེ་ལྟར་བསྒོམས་པས་ནུས་པ་ཆེ། །དེ་དོན་ཁྲོ་རྒྱལ་སྟོབས་འདུས་ལས། །དཔུང་པ་གཡས་ལ་ཕྱག་རྡོར་དང་། །གཡོན་ལ་རྟ་མགྲིན་བསྒོམ་པར་གསུངས། །ཁྲོ་བཅུ་འདི་ཡི་ངོ་བོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཕ་རོལ་ཕྱིན་བཅུ་སྤྱད་པ་ཡི། །བདེན་པའི་སྟོབས་ལས་བྱུང་བ་ཡི། །སྦྱིན་པས་ལོངས་སྤྱོད་བདེ་སྐྱིད་ལྡན། །དབུལ་ཕོངས་གྱ་རྒུད་ལ་སོགས་པའི། །སྡུག་བསྔལ་ཀུན་ལས་རྣམ་པར་རྒྱལ། །རྒྱ་གར་སྐད་དུ་བི་ཛ་ཡ། །བོད་སྐད་རྣམ་པར་རྒྱལ་བའོ། །ཚུལ་ཁྲིམས་ཀྱིས་ནི་ཉོན་མོངས་སེལ། །ཉོན་མོངས་བདུད་རྣམས་སེལ་བའི་རྩི། །རྒྱ་གར་སྐད་དུ་ཨ་མྲྀ་ཏ། །བོད་སྐད་བདུད་རྩི་ཞེས་བྱ་སྟེ། །དེ་ཉིད་མཚོ་


CMR009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཁྱིལ་བ་ལས། །རྒྱ་སྐད་ཀུཎྜ་ལཱི་ཞེས་པ། །བོད་སྐད་འཁྱིལ་པ་ཞེས་བྱའོ། །ཞེ་སྡང་གཤིན་རྗེ་ལྟ་བུའོ། །གནོད་སེམས་མཚོན་ཆ་ཅི་བཏབ་ཀྱང་། །བཟོད་པའི་གོ་ཆ་ལྡན་པ་ལ། །གནོད་པར་མི་ནུས་བྱང་ཆུབ་གྲོགས། །ཞེ་སྡང་འཇོམས་པའི་གཤེད་མ་སྟེ། །རྒྱ་སྐད་ཡ་མཱན་ཏ་ཀ་ལ། །བོད་སྐད་གཤིན་རྗེའི་གཤེད་དུ་འཇུག །བརྩོན་འགྲུས་མྱུར་མགྱོགས་རྟ་མཆོག་སྟེ། །བྱང་ཆུབ་ལམ་རིང་མྱུར་དུ་བསྒྲོད། །མགྲིན་པར་བཏུང་བ་མིག་དང་འདྲ། །རྒྱ་སྐད་རྒྱ་གླི་བ་སྟེ། །བོད་སྐད་རྟ་མགྲིན་ཞེས་བྱའོ། །བསམ་གཏན་ཏིང་འཛིན་ཆེར་གོམས་ན། །རྣམ་གཡེང་རླུང་གིས་མི་གཡོ་བས། །རྒྱ་གར་སྐད་དུ་ཨ་ཙ་ལ། །བོད་སྐད་མི་གཡོ་བ་ཞེས་བྱ། །ཤེས་རབ་སྟོང་ཉིད་དོན་བསྒོམ་པས། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཁམས་གསུམ་ལས་ནི་རྣམ་པར་རྒྱལ།་།དེ་ལ་རྒྱ་གར་ལེགས་སྦྱར་སྐད། །ཏྲེ་ཏྲེ་ལོ་ཀྱ་བི་ཛ་ཡ། །བོད་སྐད་ཁམས་གསུམ་རྣམ་རྒྱལ་ཡིན། །ཐབས་ལ་མཁས་པའི་གང་ཟག་དེ། །གཞན་གྱིས་ཐུབ་པར་མི་འགྱུར་བས། །རྒྱ་སྐད་ཨ་པར་ཙིཏྟ་སྟེ། །བོད་སྐད་གཞན་གྱིས་མི་ཐུབ་པ། །སྨོན་ལམ་རྣམ་པར་དག་པ་ན། །ཆུ་ཤིང་


CMR009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་སྔོན་པོ་ཞིག །གྱེན་དུ་བསླང་བ་ཅི་བཞིན་དུ། །ཡ་ཡོ་ཀྱག་ཀྱོག་མེད་པ་རུ། །བྱང་ཆུབ་ལམ་ལ་ཏ་ལེར་འགྲོ། །རྒྱ་སྐད་ནི་ལན་ཏན་སྟེ། །བོད་སྐད་དབྱུག་པ་སྔོན་པོ་ཡིན། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི། །ས་བརྒྱད་ཐོབ་དུས་ཕལ་ཆེར་རྫོགས། །ས་བཅུ་ཡན་ནས་སྟོབས་བཅུ་རྫོགས། །སྟོབས་ནི་ཆེན་པོ་བསམ་མི་ཁྱབ། །རྒྱ་སྐད་མ་ཧཱ་བ་ལ་སྟེ། །བོད་སྐད་སྟོབས་པོ་ཆེ་ཞེས་བྱ། །ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །བླ་མེད་མཆོག་གི་ཡོན་ཏན་ཀུན། །ཐམས་ཅད་འབྱུང་བའི་གནས་ཡིན་པས། །ཧཱུྃ་ནི་མཆོག་ཏུ་འཇུག་པར་བཤད། །རྒྱ་གར་སྐད་དུ་ཧཱུྃ་ཀཱ་ར། །བོད་སྐད་མཆོག་གི་འབྱུང་གནས་ཡིན། །སྔགས་ནི་གང་ཡིན་མིང་གང་ཡིན། །ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ། །བཛྲ་པྲ་རྟེན་རྡོ་རྗེ་སྟེ། །བརྡའ་རྙིང་ལ་ནི་ཀྲོ་ཏ་སྟེ། །བརྡའ་གསར་ཀྲོ་དྷ་ཁྲོ་བོ་ཡིན། །ཧཱུྃ་གིས་སྡུག་བསྔལ་འཇོམས་པ་སྟེ། །ཕཊཀྱིས་གནོད་བྱེད་ཚར་གཅོད་པ། །དེ་ནི་ཁྲོ་བཅུའི་སྔགས་ཡིན་ཏེ། །སྔགས་ཀྱང་ས་བོན་ལྔ་འདུས་ཕྱིར། །ཁྲོ་བཅུའི་ས་བོན་ཧཱུྃ་ཡིག་བཅུ། །བཟླས་པས་ཆོག་པར་ལས་བྱང་གསལ། །ཁྲོ་བཅུ་ཕ་རོལ་ཕྱིན་པ་བཅུ། །ཡིན་པར་སྔར་ནས་ཡོངས་སུ་


CMR009_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །འོན་ཀྱང་སོ་སོར་ངོས་འཛིན་ནི། །གསལ་བར་བཤད་པར་མ་མཐོང་ཡང་། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། །རྣལ་འབྱོར་ཉམས་ལ་ཅི་ཡང་ཤར། །འགལ་བར་གྱུར་ན་མཐོལ་ཞིང་བཤགས། །མདོ་ལུགས་ཕ་རོལ་ཕྱིན་བཅུ་ལ། །སྐུ་མདོག་ཕྱག་མཚན་མེད་ན་ཡང་། །གསང་སྔགས་རྣམ་པ་ལམ་བྱེད་པས། །ཁྲོ་བཅུའི་སྐུ་རུ་བསྒོམ་པ་དེས། །ཕ་རོལ་ཕྱིན་བཅུ་ཐོབ་པར་འགྱུར། །དཔེར་ན་ཚད་མེད་བཞི་པོ་ལ། །སྐུ་མདོག་ཕྱག་མཚན་མ་མཆིས་ཀྱང་། །སྔགས་ལ་སྒོ་མ་བཞི་བསྒོམས་པས། །ཚད་མེད་བཞི་པོ་ཐོབ་དང་མཚུངས་། །རྣམ་པར་རྒྱལ་དང་ཧཱུྃ་ཀཱ་ར། །ཁམས་གསུམ་རྣམ་རྒྱལ་ཕྱག་རྡོར་ཡིན། །དབྱུག་སྔོན་ཅན་དང་བདུད་རྩི་འཁྱིལ། །རྣམ་འཇོམས་ཆེ་མཆོག་ཐུགས་རྒྱུད་གཅིག །གཤིན་རྗེའི་གཤེད་དང་མི་གཡོ་མགོན། །ཀིང་ཀང་ནག་པོ་གཅིག་པར་བཤད། །རྟ་མགྲིན་དམར་པོ་འདོད་པའི་རྒྱལ། །ཨ་པར་ཙིཏྟ་ཐུགས་རྒྱུད་གཅིག །སྟོབས་པོ་ཆེ་དང་སྨེ་བརྩེགས་དང་། །མ་ནིང་ཐུགས་རྒྱུད་གཅིག་པར་བཤད། །ལུས་དཀྱིལ་དང་ནི་དེ་བཞིན་འཁོར། །ཁྲོ་བཅུའི་འཕྲོས་དོན་བཅས་པ་ཡིན། །ལུས་དཀྱིལ་ཉམས་ལེན་གཙོ་བོ་ནི། །རྩ་ཐིག་


CMR009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གསུམ་སྦྱངས་བ་སྟེ། །ན་སོ་གཞོན་ཞིང་ནད་མེད་པས། །བརྩོན་འགྲུས་དྲག་པོས་ཉམས་བླངས་ན། །ལམ་རྟགས་ཡོན་ཏན་མྱུར་དུ་འཆར། །རླུང་ནི་གཡས་གསུམ་གཡོན་ནས་གསུམ། །མཉམ་དུ་གསུམ་བཏང་ལན་དགུར་བུས། །སྣ་རྩེ་སོར་ནི་བཅུ་གཉིས་ནས། །རླུང་ནི་ཁ་དོག་ལྔ་ལྡན་པ། །འོད་ཀྱི་སྟོང་སྐུད་ལྟ་བུ་རུ། །བྱུང་ནས་ལུས་ཀྱི་ནང་ཞུགས་བསྒོམ། །དལ་བུས་རྡུབ་ཅིང་ལུས་བཀང་སྟེ། །སྙིང་ཁ་མན་ནས་གསང་གནས་ཡན། །ཁེངས་པར་བཀང་ལ་དྲག་ཏུ་མནན། །མ་ཐུབ་པ་ན་སང་གིས་བུས། །བུམ་པ་ཅན་འདིར་གོམས་བྱས་ན། །དུག་དང་རིམས་ཀྱི་ཚད་པ་སེལ། །ཚེ་སྒྲུབ་མཆོག་ཏུ་འགྱུར་བར་གསུངས། །རྩ་གནས་ལྷར་བཅས་གསལ་བཏབ་ནས། །རླུང་བཟུང་ལྟེ་འོག་སོར་བཞི་ན། །ཨ་ཡིག་ཐུང་ངུ་ལྕགས་སྲེག་མདོག །རླུང་གིས་བུས་པས་མེ་ལྕེ་ནི། །ཡར་འབར་མར་འབར་རྩ་གནས་གང་། །ལུས་ལྷ་ཐམས་ཅད་འོད་དུ་ཞུ། །རང་མདོག་ཐིག་ལེ་རེ་རེར་གྱུར། །སྤྱི་བོ་ཚངས་པའི་བུ་ག་རུ། །ཧཾ་ཡིག་དཀར་པོ་དངུལ་ཆུའི་མདོག །མགོ་བོ་ཐུར་དུ་བསྟན་པ་ལ། །དེ་ལ་བདུད་རྩི་བྱང་སེམས་ཀྱི། །ཐིགས་པ་ཆར་ཟིམ་ལྟ་བུར་


CMR009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བབས། །ཐིག་ལེ་རྣམས་ལ་དེ་ཕོག་པས། །ལུས་ཀྱི་ལྷ་རྣམས་སྔར་བཞིན་དུ། །སྐད་ཅིག་ཉིད་ལ་གསལ་བཏབ་སྟེ། །སྔར་ལས་བཀྲག་མདངས་གཟི་བརྗིད་ནི། །དགུ་འགྱུར་ཙམ་གྱི་ཆེ་བར་བསམ། །དེ་ནས་མེ་ཡིས་ལུས་ཀུན་གང་། །ནད་གདོན་སྡིག་སྒྲིབ་ཉམས་ཆག་དང་། །མ་དག་རྣམ་སྨིན་ཤ་ཁྲག་ལུས། །བསྲེགས་ནས་ཡེ་ཤེས་མཆོག་གི་ལུས། །དྲག་པོ་དངོས་ཀྱི་སྐུར་གྱུར་བསམ།་།དེ་ཚེ་ལུས་ལ་དྲོད་སྐྱེ་ཞིང་། །དེ་ཡི་རྐྱེན་བྱས་བདེ་བ་སྐྱེས། །བདེ་བའི་ངོ་བོ་བལྟས་པ་ཡི། །བདེ་སྟོང་ཟུང་འཇུག་རྟོག་པ་འཆར། །གསར་རྙིང་བླ་མེད་རྒྱུད་ཀུན་གྱི། །ཉམས་ལེན་གཙོ་བོ་འདི་རང་ཡིན། །ན་སོ་རྒས་ན་རླུང་ཆུན་དཀའ། །གལ་ཏེ་རླུང་ནི་མ་བཟུང་ཡང་། །དམིགས་པ་བསྒོམ་ཞིང་བར་རླུང་བཟུང་། །འོག་ཏུ་ཅུང་ཞིག་བསྡམས་བྱས་ཏེ། །ཕོ་བ་ཅུང་ཞིག་ཐེར་ཐེར་བྱ། །དེ་ལ་བར་རླུང་བཟུང་བ་ཟེར། །རླུང་བཟུང་བ་ཡི་གོ་ཆོད་གསུངས། །དེ་ལྟར་ཉམས་སུ་ལེན་པ་ནི། །ཨ་ནུ་ཡོ་གའི་ལུགས་ཡིན་ནོ། ༈་།རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས། །གསང་བ་སེམས་ཀྱི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་ལ་སོགས་བསྒྲུབ་པའི་རྫས། །ཅི་ཡང་དགོས་པ་མ་ཡིན་


CMR009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལས་བྱང་མངོན་རྟོགས་འདོན་མི་དགོས། །མཚམས་ནི་བསྡམས་རུང་མ་བསྡམ་རུང་། །རང་སེམས་ངོ་བོ་སྐྱོང་བ་སྟེ། །རྣམ་རྟོག་བསྒོམ་དུ་ཤར་བའི་ཚེ། །བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ནི། །ཉམས་ལེན་སྟོང་པ་ཉིད་ཀྱི་གཤིས། །དེ་དང་མ་བྲལ་བ་ཡི་ངང་། །མཁའ་ལ་འཇའ་ཚོན་ཤར་བ་ལྟར། །དྲན་རྫོགས་དྲག་པོའི་དཀྱིལ་འཁོར་བསྒོམ། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འདི། །འབྱུང་བ་རིམ་བརྩེགས་རི་རབ་སོགས། །གདོད་ནས་ལྷུན་གྲུབ་གཞལ་ཡས་ཁང་། །ཡིན་ལ་ཡིན་བཞིན་གསལ་འདེབས་བྱ། །བཅུད་ཀྱིས་སེམས་ཅན་ཐམས་ཅད་ནི། །གདོད་ནས་ཡི་དམ་ལྷ་ཡི་སྐུ། །ཡིན་ལ་ཡིན་བཞིན་གསལ་འདེབས་བྱ། །སྒྲ་རུ་གྲག་པ་ཐམས་ཅད་ནི། །སྔགས་སྒྲ་ཡིན་ལ་ཡིན་བཞིན་བསྒོམ། །སེམས་ལ་དྲན་རྟོག་གང་བྱུང་རྣམས། །ཡེ་ནས་རང་རིག་ཡེ་ཤེས་རྩལ། །ཆུ་དང་རླབས་བཞིན་རང་གྲོལ་བཞག །དེ་ལྟར་ཏིང་འཛིན་གསལ་བའི་ཚེ། །འགྲོ་ཀུན་ཡི་དམ་ལྷ་ཡིན་ཕྱིར། །མཚམས་དུས་ཕན་ཚུན་ངོ་རིགས་ཀྱང་། །མཚམས་ཀྱི་བུག་རལ་སྐྱོན་མི་འབྱུང་། །སྒྲ་སྐད་ཐམས་ཅད་སྔགས་སྒྲའི་ཕྱིར། །མཚམས་དུས་ངག་ནི་བཏང་དགོས་ཀྱང་། །


CMR009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཚམས་ཤོར་བའི་སྐྱོན་མི་འབྱུང་། །བདག་བསྐྱེད་དཀྱིལ་འཁོར་འཛམ་གླིང་ཁྱབ། །བདག་བསྐྱེད་གུར་དྲག་རི་རབ་ཙམ། །བསྒོམས་པས་ལྷོ་ནུབ་རྔ་ཡབ་གླིང་། །མདུན་བསྐྱེད་དཀྱིལ་འཁོར་ལྷུན་གྱིས་གྲུབ། །དེ་རུ་བཞུགས་པའི་ཨོ་རྒྱན་དངོས། །མདུན་དེར་དྲག་པོའི་སྐུ་རུ་བསྒོམ། །འཁོར་རྣམས་མདུན་དུ་དྲག་པོའི་འཁོར། །གལ་ཏེ་ལས་བྱང་འདོན་ན་ཡང་། །མཆོད་བསྟོད་ཐམས་ཅད་དེ་ལ་འབུལ། །དེ་ཚེ་སྟོང་གསུམ་འཇིག་རྟེན་གྱི། །རི་རབ་ཐམས་ཅད་གཏོར་མ་སྟེ། །ལྷ་མིའི་ལོངས་སྤྱོད་གཏོར་རྒྱན་ཉིད། །རོལ་པའི་མཚོ་བདུན་ནང་མཆོད་དེ། །འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི། །ཉོན་མོངས་དུག་ལྔ་རཀྟའི་མཆོག །དེ་ལྟར་དམིགས་ནས་མཆོད་ཆོག་པས། །སྟོང་གསུམ་སྟོང་གི་གཏོར་གཞོང་དུ། །རི་རབ་འབར་བའི་དཔལ་བཤོས་བཙུགས། །གསུངས་པའི་དོན་ཡང་དེ་ལྟར་རོ། །དེ་བཞིན་ལྷོ་ཕྱོགས་པོ་ཊ་ལར། །རྟག་ཏུ་མེ་ཏོག་ཚལ་ཆེན་རྒྱས། །མ་ལ་ཡ་ཡི་ཙན་དན་ནགས། །རྟག་ཏུ་དྲི་བཟང་སྤོས་ངེད་འཐུལ། །ཉི་ཟླ་སྐར་གསུམ་སྒྲོན་མེ་གསལ། །ཆུ་བོ་གང་གཱའི་དབུས་ཉིད་དུ། །ཡན་ལག་བརྒྱད་ལྡན་ཆུ་རྒྱུན་འབབ། །འཛམ་བུ་པྲིཀྵའི་ཤིང་


CMR009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་རྣམས། །ཆེ་ཞིང་རོ་མཆོག་བརྒྱད་དང་ལྡན། །བྱ་རིགས་སྐད་སྙན་འབྲུག་སྒྲ་འཇིག །དེ་དག་ཕྱི་ཡི་མཆོད་པར་དམིགས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །ཁྱི་ནག་རྟ་ནག་ཟ་ལེ་འབྲི། །ཌཱ་ཀིའི་མཚན་ལྡན་ན་ཆུང་ཚོགས། །དེ་སོགས་བསྐང་བའི་རྫས་རྣམས་ཀྱང་། །འཇིག་རྟེན་ཁམས་སུ་ཡོད་རྣམས་འབུལ། །ཆེད་དུ་རྩོལ་བསྒྲུབ་དགོས་པ་མིན། །རྗེས་ཆོག་གཤེགས་གསོལ་མི་དགོས་ཏེ། །ཡེ་ནས་སྣང་སྲིད་དཀྱིལ་འཁོར་ལྷ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཡིན། །བློས་བྱས་བསྡུ་ཆོག་མི་དགོས་ཏེ། །སྒོམ་མཁན་ངོ་བོར་བལྟས་པ་ཡི། །ཐམས་ཅད་སེམས་ཉིད་ཀློང་དུ་ཐིམ། །ཐུན་དང་ཐུན་མཚམས་ངེས་པ་མེད། །བསྐྱེད་རྫོགས་ཟུང་འཇུག་ཆུ་བོའི་རྒྱུན། །སྔགས་ཀྱི་གྲངས་ཚད་ངེས་པ་མེད། །འགྲོ་ཀུན་ཡི་དམ་ལྷར་གསལ་བས། །ཀུན་གྱིས་བཟླ་གྲོགས་བྱེད་པའི་ཕྱིར། །སྔགས་གཅིག་བཟླས་ཀྱང་དུང་ཕྱུར་འགྲོ། །རྒྱུན་དུ་དེ་ཡི་ངང་གནས་ན། །སྤྲོས་བཅས་དགེ་སྦྱོར་མི་དགོས་ཏེ། །ཉལ་དང་ལངས་འདུག་ཟ་བ་གསུམ། །མ་གཏོགས་བྱ་བ་གཞན་སྤངས་པ། །རྒྱ་སྐད་ཀུ་ས་ལི་པ་སྟེ། །བོད་སྐད་ཀུ་སུ་ལུ་པ་ཟེར། །འབུ་སུ་ཀུ་ཡི་


CMR009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྟེ། །དོན་ལ་འདུ་ཤེས་གསུམ་པར་འཇུག །རྟོགས་པ་མཐོན་པོའི་སྤྱོད་པ་ཡིན། །རྒྱུན་དུ་དེ་ཡི་ངང་དུ་གནས། །འཆི་དུས་ཐིག་ལེ་དཀར་དམར་གཉིས། །སྙིང་ཁར་འཕྲད་དུས་ནག་ལམ་འཆར། །དེ་ཚེ་ཡི་དམ་ལྷ་ཡི་སྐུ། །ཝལ་ཙམ་འཆར་བས་རྐྱེན་བྱས་ཏེ། །སྔར་གྱི་བསྐྱེད་རྫོགས་ཟུང་འཇུག་དེ། །དྲན་ནས་དེ་ཡི་ངང་ལ་གནས། །ལུས་སེམས་བྲལ་བར་གྱུར་ནས་ཀྱང་། །བར་དོའི་སྣང་བ་ཤར་མ་ཐག །སྔོན་གྱི་བསྐྱེད་རྫོ་གས་ཟུང་འཇུག་དེ། །དྲན་ནས་སྔོན་ལྟར་བསྒོམས་བྱས་པས། །ད་ལྟའི་བསྒོམ་དང་མི་འདྲ་བར། །ཡིད་ལུས་དེ་ཉིད་གནས་འགྱུར་ནས། །ཡི་དམ་དངོས་ཀྱི་སྐུར་འགྱུར་ཏེ། །ཡི་དམ་ཉིད་དང་དབྱེར་མེད་པ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཟེར། །དེ་ནས་སྐྱེ་བ་གར་ལེན་དང་། །འགྲོ་དོན་ཆེ་ཆུང་གང་འབྱུང་ནི། །ད་ལྟ་སྨོན་ལམ་གང་བཏབ་ཡིན། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་དེ། །གསང་སྔགས་ཉམས་ལེན་མཆོག་ཡིན་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གང་བཞག་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྐད་རྡོ་རྗེ་འཆང་གིས་གསུངས། །དེ་ཡི་ཡོ་ག་རྣམ་གསུམ་གྱི། །


CMR009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་མདོ་ཙམ་བཤད་ཟིན་ཏེ། །གོ་རིམ་དང་པོ་གསར་བུ་ཡི། །སྤྲོས་པར་དགའ་ཞིང་སྤྲོས་པ་ལྕོགས། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །མ་ཧཱ་ཡོ་ག་ཉམས་སུ་བླངས། །དེ་ནས་ན་སོ་ཁོད་ལ་ཕྱིན། །རྩ་རླུང་དར་ལ་བབས་པའི་དུས། །ལུས་དཀྱིལ་ཨ་ནུ་ཡོ་ག་བསྒོམ། །རླུང་ལ་འབད་པས་རྟགས་མྱུར་ཐོན། །དེ་ནས་རྒས་ཤིང་འཁོག་པའི་དུས། །ལྟ་སྒོམ་སྤྱོད་པའི་དོན་ཀུན་གོ །སྤྲོས་པ་ལུས་ཀྱིས་མི་ལྕོགས་པས། །སྤྲོས་མེད་ཨ་ཏི་ཡོ་ག་བསྒོམ། །གཞན་གྱིས་བལྟས་ན་དགེ་སྦྱོར་བསྒྱུར། །བག་མེད་སོས་དལ་ཉལ་འདྲ་ཡང་། །རང་ཉིད་བསྐྱེད་རྫོགས་ཟུང་འཇུག་གི །ཉམས་ལེན་རྟོགས་པའི་གདེང་དང་ལྡན། །རིག་འཛིན་ཀརྨ་འདུལ་བས་ཀྱང་། །ད་ནི་ཉམས་ལེན་དེ་ལྟར་རིན། །གཏོར་བསྔོས་ཉུང་ངུ་སྔགས་བསྔོས་ཙམ། །མ་ཆག་སྔོན་གྱི་དམ་ཚིག་ཡིན། །མཇུག་ཏུ་བསྔོ་བ་སྨོན་ལམ་ནི། །ཚིག་ཉུང་དོན་འཐུས་རྒྱུན་དུ་བྱ། །མ་འོངས་གསར་བུ་ལ་ཕན་ཕྱིར། །བསྐྱེད་རིམ་གནད་འགགས་འགའ་བརྗོད་ན། ༈ །རང་ཉིད་འགུར་དྲག་བསྒོམ་པའི་ཚེ། །དབུ་གཙུག་རིགས་ཀྱི་བདག་པོ་དང་། །རྩ་བའི་བླ་མ་དབྱེར་མེད་བསྒོམ། །


CMR009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་དཀོན་མཆོག་གསུམ། །ཐམས་ཅད་དེ་ལ་འདུས་པར་བསྒོམ། །ཐུགས་ནི་སངས་རྒྱས་ཀུན་འདུས་ཡིན། །གསུང་ནི་དམ་ཆོས་ཀུན་འདུས་ཡིན། །སྐུ་ནི་དགེ་འདུན་ཀུན་འདུས་ཡིན། །སྐུ་ནི་བླ་མ་ཀུན་འདུས་ཡིན། །གསུང་ནི་ཡི་དམ་ཀུན་འདུས་ཡིན། །ཐུགས་ནི་མཁའ་འགྲོ་ཀུན་འདུས་ཡིན། །ཡོན་ཏན་ནོར་ལྷ་ཀུན་འདུས་ཡིན། །ཕྲིན་ལས་ཆོས་སྐྱོང་ཀུན་འདུས་ཡིན། །དེ་ལྟར་ཡིན་པར་གསར་རྙིང་མཐུན། །ཁྱད་པར་རྙིང་མའི་དགོངས་འདུས་དང་། །གསར་མའི་ལམ་འབྲས་ནང་ནས་བཤད། །དེ་ཕྱིར་ཐེ་ཚོམ་མི་བྱའོ། །གྲུབ་པའི་རྒྱལ་མོའི་ལུགས་ལ་ཡང་། །སྤྲུལ་སྐུ་འོད་དཔག་མེད་པ་དང་། །ལོངས་སྐུ་ཚེ་དཔག་མེད་གཉིས་བཤད། །སྐུ་ཡི་ཆ་ལུགས་མ་གཏོགས་པ། །དབང་དང་སྒྲུབ་ལུགས་ཐམས་ཅད་འདྲ། །ཚེ་དཔག་མེད་དང་འོད་དཔག་མེད། །ཐ་དད་མེད་པ་ཀུན་གྱིས་ཤེས། །དེ་ཕྱིར་གསར་རྙིང་མཐའ་དག་ནས། །ཚེ་དཔག་མེད་པ་བྱུང་ཚད་ཀུན། །རིགས་བདག་སྣང་མཐའ་འདི་ལ་འདུས། །ཚེ་གཟུངས་ཨ་མཱ་ར་ཎི་དང་། །རྔ་སྒྲའི་གཟུངས་དང་འོད་དཔག་གཟུངས། །སྒྲ་མི་སྙན་གྱི་ཚེ་སྒྲུབ་སྔགས། །རིགས་བདག་ལ་དམིགས་


CMR009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཀྱང་རུང་། །དེ་འོག་བྱ་ཁྱུང་དཀར་པོ་འདི། །སྐུ་ཡི་རིགས་ཀྱི་ཁྱུང་ཡིན་ཏེ། །ཅུང་ཞིག་ཁྱུང་གི་ཞི་བ་ཡིན། །ཁྱུང་དམར་གསུང་དང་ཁྱུང་ནག་ཐུགས། །ཁྱུང་སེར་ཡོན་ཏན་ཁྱུང་ལྗང་ནི། །ཕྲིན་ལས་ཁྱུང་ཡིན་ཁྱུང་ཁྲ་ཡིན། །ཡེ་ཤེས་མཆོག་གི་ཁྱུང་དུ་བཤད། །དྲུག་པོ་གང་འདོད་བསྒོམས་པས་ཆོག །ཁྱུང་དཀར་འཇམ་ཞིང་ཁྱུང་དམར་རྣོ། །ཁྱུང་ནག་ལྡིང་ཆེ་ཁྱུང་ཁྲ་ནི། །ཀླུ་ལ་ཕོག་ཐུག་ཆུང་བར་བཤད། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུའི་ཁྱུང་བཞི་སྒོ་སྲུང་ཡིན། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཁྱུང་བཞི་མཆོད་ལྷའི་ཁྱུང་། །དེ་བརྒྱད་འདི་རུ་བསྒོམ་དོན་མེད། །སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་ཁྱུང་། །ལས་སྦྱོར་དུས་སུ་སྤྱི་གཙུག་གི །ཁྱུང་ལས་དེ་དག་སྤྲོ་བར་བསྒོམ། །སྤྱིར་ནི་ཁྱུང་རིགས་ཉེར་གཅིག་སྟེ། །ཁྱུང་གི་ལས་རྒྱུད་ཆེན་པོ་ལས། །ཁྱུང་གི་རྒྱལ་པོ་དེ་རྣམས་ཀྱང་། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དོན་ལ་ཕྱག་ན་རྡོ་རྗེ་གཅིག །གསུང་ཕྱིར་ངོ་བོ་ཕྱག་རྡོར་ཡིན། །སྔོན་ཚེ་སྨོན་ལམ་བཏབ་པའི་མཐུས། །སངས་རྒྱས་སྟོང་གི་བསྟན་པ་ལ། །ཀླུ་ཡི་ཁ་གནོན་མཛད་ནས་བཞུགས། །མ་འོངས་སྟེང་ཕྱོགས་འཇིག་


CMR009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ། །གཙུག་ཏོར་འོད་ཟེར་འབྱུང་གནས་ཞེས། །མངོན་པར་སངས་རྒྱས་ལུང་ཡང་བསྟན། །དེ་འོག་དབུ་སྐྲའི་གསེབ་ཏུ་ནི། །ཞི་བ་ཐོད་ཕྲེང་རྩལ་བསྒོམ་པ། །དྲག་པོའི་གོང་གནོན་ཚུལ་དུ་ཡིན། །བསྙེན་སྒྲུབ་དུས་སུ་གཞུང་ལྟར་ཏེ། །དྲག་ལས་ལ་སོགས་བྱེད་པའི་དུས། །སྣང་བ་མཐའ་ཡས་འཁོར་ལ་ཡང་། །རིགས་བཞི་སངས་རྒྱས་བསྒོམ་པ་སྟེ། །རྣམ་སྣང་ནུབ་ཏུ་བསྒོམ་པར་གསུངས། །དེ་རྒྱབ་ཕྱོགས་བཅུའི་སངས་རྒྱས་དང་། །དེ་རྒྱབ་སངས་རྒྱས་སྟོང་རྩ་བསྒོམས། །སྤུ་གྲི་སྲོག་གཅོད་གཞུང་ཉིད་ལས། །གཞན་ཡང་མདུན་གྱི་ནམ་མཁའ་ལ། །གསུང་པ་བདག་མདུན་གཉིས་ཀ་ལ། །འདི་ལྟར་སོ་སོར་བསྒོམ་དགོས་དོན། །ཐོད་ཕྲེང་རྩལ་གྱི་འཁོར་ལ་ནི། །དཔའ་བོ་དཔའ་མོ་འབུམ་གྱིས་བསྐོར། །གསུངས་པའི་ནང་དུ་འདུས་མོད་ཀྱི། །གལ་ཆེན་རྣམས་ནི་གསལ་བར་བསྒོམ། །དགའ་རབ་རྡོ་རྗེ་ཤཱཀ་ཐུབ་དཀར། །འཇམ་དཔལ་བཤེས་གཉེན་པཎྜི་ཏ། །ཕྱག་གཡས་ཆོས་འཆད་གཡོན་པོ་ཏི། །ཤྲཱི་སེང་ཧ་པཎྜི་ཏ། །དམར་སྨུག་ཕྱག་གཉིས་མཉམ་བཞག་མཛད། །བི་མ་མི་ཏྲ་པཎྜི་ཏ། །སྔོ་སྐྱ་བྷནྡྷར་བདུད་རྩི་གསོལ། །ཕྱག་གཡས་སྐྱབས་སྦྱིན་མཛད་པའོ། །


CMR009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྲོང་ལྡེའུ་བཙན་ལ་ཐོད་ཅན། །ས་གནོན་མཉམ་བཞག་རྒྱལ་པོའི་ཆས། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། །ཞལ་གསུམ་ཕྱག་དྲུག་འཁོར་ཆེན་ལྟར། །ཡང་ན་ཕྱག་ས་བསྒོམ་ཡང་རུང་། །དེ་བཞིན་ཡཀཱ་མེ་དབལ་ཡང་། །ཞལ་གསུམ་ཕྱག་དྲུག་གཏེར་གོང་ལྟར། །ཡང་ན་ཕྱག་གཉིས་བསྒོམ་ཡང་རུང་། །རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །གསང་འདུས་ལྟར་དུ་བསྒོམ་པའམ། །ཡང་ན་ཞལ་གཅིག་ཕྱག་གཉིས་རུང་། །དེ་བཞིན་ཁྲོ་བོ་སྟོབས་པོ་ཆེ། །ཕྱག་དྲུག་པ་དང་ཕྱག་བཞི་པ། །སྒྲུབ་ཐབས་རྒྱ་མཚོ་ནས་གསུང་ལྟར་།ཡང་ན་ཕྱག་གཉིས་རང་གཞུང་ལྟར། །རྡོ་རྗེ་ཕག་མོ་ཞལ་བཞི་མ། །མཁའ་སྤྱོད་དཀར་དམར་ལ་སོགས་པ། །གང་འདོད་བསྒོམས་པས་ཆོག་པ་ཡིན། །ཊ་ཀི་རཱ་ཛ་འདོད་རྒྱལ་ཏེ། །དམར་པོ་ལྕགས་ཀྱུ་ཞགས་པ་ཅན། །དེ་རྣམས་ཤིན་ཏུ་སྟོབས་ཆེ་བས། །ལས་སྦྱོར་དུས་སུ་གོང་གནོན་ཡིན། །བླ་མ་བརྒྱུད་པ་ཐམས་ཅད་དང་། །ཞེས་པ་རྒྱ་བོད་གྲུབ་ཐོབ་རྣམས། །ཐམས་ཅད་མོས་པ་ཙམ་དུ་བསྒོམ། །དཔྲལ་བར་འཇམ་དཔལ་བསྒོམ་པ་ལ། །འཇམ་དབྱངས་ཞི་བ་ཐམས་ཅད་དང་། །ཡེ་ཤེས་གཤིན་རྗེའི་གཤེད་ཀྱི་རིགས། །


CMR009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདུས་པ་ནི་གཅིག་ཀྱང་མེད། །སོ་སོར་བརྗོད་ཀྱིས་ག་ལ་ལོངས། །མཚན་བརྗོད་ཚིག་འབྲུ་རེ་རེ་ལའང་།་།ལྷ་གྲངས་གཉིས་རེ་གསུམ་རེ་འདུག །དེ་དག་ཐམས་ཅད་འདི་ལ་འདུས་། །ཁྱད་པར་འཇམ་དཔལ་སྐུ་བསྒྲུབ་སྔགས། །མཉྫ་ཤྲཱི་ཡེ་ཞེས་པ་ནི། །འཇམ་དཔལ་ཞི་བའི་སྔགས་ཡིན་ལ། །ཡ་མཱན་ཏ་ཀ་ཁྲོས་པའི་སྔགས། །ཞི་ཁྲོ་གཉིས་ཀ་འདི་ལ་ཚང་། །དེ་ཕྱིར་ཞི་བ་བསྙེན་འདོད་ན། །དཔྲལ་བར་འཇམ་དཔལ་ཐུགས་ཀ་རུ། །ས་བོན་ཨོཾ་འམ་དྷིཡི་མཐར། །ཞི་བའི་སྔགས་ཀྱིས་བསྐོར་བའི་རྒྱབ། །ཧྲིའི་སྔགས་ཀྱིས་བསྐོར་བར་བསམ། །ཨོཾ་ཨ་ར་པ་ཙ་ན་དྷིའམ། །ཨོཾ་ཝཱཀྐི་ཤྭ་རཱི་ཧཱུྃ་སོགས་བཟླ། །དེ་བཞིན་རྟ་མགྲིན་ལ་དམིགས་ནས། །ཡང་གསང་ཁྲོས་པ་སྐྱེར་སྒང་ལུགས། །ཤྭ་ན་བཞི་བསྐོར་རས་ཆུང་ལུགས། །རྒྱ་གྷི་ཝ་འབྲུ་དྲུག་བཟླ། །རྟ་མགྲིན་རྟ་ཡི་སྤུ་གྲངས་ཙམ། །ཡོད་པར་བཤད་ཀུན་འདི་ལ་འདུས། །ཕྱག་རྡོར་མཚན་བརྒྱའི་བསྟོད་པ་ལྟར། །ཕྱག་རྡོར་རྒྱ་མཚོ་འདི་ལ་ཚང་། །ཞི་བསྙེན་བཛྲ་པཱ་ཎི་དང་། །ནི་ལཾ་བྷ་རའི་སྔགས་རིང་སོགས། །ཐུགས་ཀའི་ཕྱག་རྡོར་ལ་དམིགས་བཟླ། །ལྟེ་བའི་གཙོ་མོ་དམར་མོར་བསྒོམ། །ཕག་མོའི་


CMR009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་གང་འདོད་བཟླ། །ལྟེ་བའི་གཙོ་མོ་མཐིང་ནག་བསྒོམ། །ཁྲོས་མའི་སྔགས་ནི་གང་འདོད་བཟླ། །དེ་ལྟར་རུང་བའི་རྒྱུ་མཚན་ནི། །དེ་དག་ལྷ་ཡི་ངོ་བོ་གཅིག །རིགས་ཀྱང་གཅིག་པར་ངེས་པའི་ཕྱིར། །སྔགས་ཀྱི་ཚིག་རྣམས་མི་འདྲ་ཡང་། །སྔགས་ནི་ལྷ་ཡི་མིང་ཡིན་ཕྱིར། །ཚིག་མི་གཅིག་ཀྱང་དོན་གཅིག་པ། །ཉ་དང་བཅོ་ལྔ་ལྟ་བུའོ། །སྐུ་མདོག་ཞལ་ཕྱག་མ་ངེས་ཏེ། །ཆོས་ཉིད་དོན་ལ་ཆ་ལུགས་མེད། །གང་འདུལ་དེ་སྟོན་ཅིར་ཡང་སྣང་། །སྐད་ཅིག་སྐད་ཅིག་རེ་རེ་ལའང་། །ཆ་ལུགས་སྤྲུལ་བསྒྱུར་དུ་མ་སྟོན་། །དེ་དོན་ཐོད་རྒལ་སྒོམ་པའི་ཚེ། །ལྷ་ཡི་སྐུ་གཟུགས་རེ་རེ་ཡང་། །སྐད་ཅིག་རེར་ཡང་དུ་མར་འགྱུར། །དེ་ཉིད་མཐོང་ཚེ་ངེས་ཤེས་སྐྱེ། །སྤྱིར་གྱི་མཁའ་འགྲོ་སྡེ་ལྔ་ལ། །དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར། །ནཱ་རོ་པ་ཡི་རྒྱ་གཞུང་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གསོལ་བ་གང་བཏབ་འབྱུང་འགྱུར་བས། །ཡིད་བཞིན་ནོར་བུ་ལྟ་བུར་གསུངས། །ཕག་མོ་དྲན་པ་ཙམ་གྱིས་ཀྱང་། །ཡེ་ཤེས་སྐྱེ་བར་གསུངས་པའི་ཕྱིར། །མཆོག་གི་དངོས་གྲུབ་འབྱུང་བ་ཡིན། །རིགས་བཞིའི་མཁའ་འགྲོ་བཞི་པོ་ལ། །ཞི་རྒྱས་


CMR009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་དངོས་གྲུབ་བཞི། །འབྱུང་ཕྱིར་དངོས་གྲུབ་ཀུན་འབྱུང་ཟེར། །ཡཀཱ་མེ་དབལ་ངོ་བོ་ནི། །གནོད་སྦྱིན་ཡཀྵ་རྒྱལ་པོ་སྟེ། །ཕྱག་རྡོར་གོས་སྔོན་ཅན་གྱི་རིགས། །རི་རབ་རྩེ་ཡི་ཕྱོགས་བཞི་ན། །གནོད་སྦྱིན་གོས་སྔོན་རྡོ་རྗེ་ཅན། །ལྔ་བརྒྱ་ཚན་བཞི་འདི་ལ་འདུས། །ཕུར་པ་ཕྲིན་ལས་ལྷ་ཚོགས་ཀུན། །འདུས་པ་མཚོན་ཆ་འཁོར་ལོར་གསལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །པྲ་མོ་ཧ་གསུམ་སྡེ་བརྒྱད་རྣམས། །འདི་ཡི་འཁོར་དུ་གཏེར་གོས་་་་་་ཉང་གཏེར་ཡཀཱ་རྔམ་གློག་ལས། གསལ། །འདི་ཡི་ཐུགས་རྒྱུད་ངོ་བོ་ནི། །རྣལ་འབྱོར་རྒྱུད་ནས་འབྱུང་བ་ཡི། །རྡོ་རྗེ་གནོད་སྦྱིན་དངོས་ཉིད་ཡིན། །གཙོ་བོ་གུ་རུ་དྲག་པོ་ནི། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །བདེ་གཤེགས་རིགས་ཏེ་རྣམ་སྣང་མཛད། །རྡོ་རྗེ་དྲག་རྩལ་རྡོ་རྗེའི་རིགས། །རྣམ་ཤེས་གནས་དག་མི་བསྐྱོད་པ། །རཏྣ་དྲག་རྩལ་རིན་ཆེན་རིགས། །ཚོར་ཕུང་གནས་དག་རིན་ཆེན་འབྱུང་། །པདྨ་དྲག་རྩལ་པདྨའི་རིགས། །འདུ་ཤེས་གནས་དག་སྣང་མཐའ་ཡས། །ཀརྨ་དྲག་རྩལ་ལས་ཀྱི་རིགས། །འདུ་བྱེད་གནས་དག་དོན་ཡོད་གྲུབ། །སྦྱང་གཞི་རང་གི་ཕུང་པོ་ལྔ། །སྦྱོང་བྱེད་དྲག་པོ་རིགས་ལྔ་སྒོམས། །སྦྱང་


CMR009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རིགས་ལྔའི་སངས་རྒྱས་འགྲུབ། །ལྷ་ལྔ་ཞལ་ཕྱག་མི་མཐུན་པས། །ཞི་ཁྲོ་ལྟར་དུ་རིགས་ལྔ་ཡིས། །གཙོ་བོ་བརྗེ་ཞིང་རེས་མོས་སུ། །བསྒོམ་པ་འདིར་ནི་མི་རུང་ངོ་། །འོན་ཀྱང་བདག་བསྐྱེད་གཙོ་བོ་ནས། །སྒོ་སྲུང་ཡན་གྱིས་ལྷ་ཚོགས་ཀུན། །ཐམས་ཅད་བདག་ཉིད་ཡིན་པར་བསྒོམ། །དང་པོ་བདག་ཉིད་གཙོ་བོ་ཡིས། །ང་རྒྱལ་བརྟན་པོར་བཟུང་བྱས་ལ། །རིགས་བདག་ནས་བཟུང་གོ་ཆའི་ལྷ། །ཀུན་གྱི་སྔགས་ནི་ཅི་འགྲུབ་བཟླ། །དེ་ནས་གཙོ་བོ་བཞུགས་ཚུལ་ལ། །རང་ཉིད་ཤར་གྱི་དྲག་པོ་ཡི། །ང་རྒྱལ་བརྟན་པོར་བཟུང་བྱས་ལ། །ཐུགས་ཀར་ཉི་སྟེང་ཧཱུྃ་དཀར་མཐར། །ཨ་ཙིག་སྔགས་ཕྲེང་དཀར་པོ་འཁོར། །འོད་ཟེར་ཟླ་བའི་འོད་ལྟར་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་བར་ཆད་ཀུན། །མུན་པར་ཟླ་བ་ཤར་བཞིན་གསལ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀུན། །འོད་ནི་དཀར་པོར་བསྡུས་ཏེ་བསྟིམས། །འོད་དེས་རྡོ་རྗེའི་རིགས་ཀུན་མཆོད། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་དེ་ཡི་ཡུམ་ཡིན་ཕྱིར། །རང་ཉིད་རྡོ་རྗེ་མཁའ་འགྲོ་མ། །


CMR009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཡིན་བཞིན་ང་རྒྱལ་བཟུང་། །ཐུགས་ཀར་ཟླ་སྟེང་ཧ་དཀར་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་འཕྲོ་འདུ་གོང་དང་འདྲ། །ཧ་བཛྲ་ཌཱཀི་ནཱི་ཧཱུྃ་ཕཊ། །སྔགས་ཀྱི་ཤི་བུ་གོང་ལྟར་རོ། །རང་ཉིད་རཏྣ་དྲག་པོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་སེར་མཐར། །སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར། །འོད་ཟེར་ཉི་མ་ཤར་ལྟར་འཕྲོས། །བདག་དང་བསྲུང་བྱའི་ཚེ་བསོད་ནམས། །པདྨར་ཉི་མ་ཤར་ལྟར་རྒྱས། །འོད་དེས་རིན་ཆེན་རིགས་ཀུན་མཆོད། །འཁོར་འདས་ཀུན་གྱི་ཚེ་བསོད་ནམས། །འོད་ཟེར་སེར་པོར་བསྡུས་ཏེ་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །ཨཱ་ཡུ་པུཎྱེ་པུཏྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་དེ་ཡི་ཡུམ་ཡིན་ཕྱིར། །རང་ཉིད་རིན་ཆེན་མཁའ་འགྲོར་བསྒོམ། །ཐུགས་ཀར་ཟླ་སྟེང་རི་ཡིག་སེར། །སྔགས་ཕྲེང་གསེར་མདོག་གཡོན་དུ་འཁོར། །རི་རཏྣ་ཊཱཀི་ནི་ཧཱུཾ་ཕཊ། སྤྲོ་བསྡུ་སྔགས་ཤམ་ཡབ་དང་མཚུངས། །རང་ཉིད་པདྨ་དྲག་པོར་བསྒོམ་། །ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་དམར། །དེ་མཐར་སྔགས་ཕྲེང་བྱི་རུའི་མདོག །འོད་ཟེར་གློག་འོད་ལྟ་བུ་འཕྲོས། །འདོད་དགུའི་དངོས་གྲུབ་དབང་དུ་སྡུས། །སངས་རྒྱས་


CMR009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རིགས་ཀུན་མཆོད། །བྱིན་རླབས་འོད་དམར་བསྡུས་ནས་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །སརྦ་སིདྡྷི་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ། རང་ཉིད་པདྨ་མཁའ་འགྲོར་བསྒོམ།་།ཐུགས་ཀར་ཟླ་སྟེང་ནི་ཡིག་དམར། །དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར། །ནི་པདྨ་ཊཱཀི་ནཱི་ཧཱུྃ། སྤྲོ་བསྡུ་ཤམ་བུ་ཡབ་དང་འདྲ། །རང་ཉིད་ཀརྨ་དྲག་པོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཕྲེང་ལྗང་གུ་གཡས་སུ་འཁོར། །འོད་ཟེར་ལྗང་ནག་མཚོན་ཆའི་དབྱིབས། །ཚ་བའི་རེག་བྱ་ཅན་འཕྲོས་པས། །གནོད་ཅིང་འཚེ་བའི་དགྲ་བགེགས་ཀུན། །བྱ་སྤུ་མེ་ལ་བསྲེགས་བཞིན་གྱུར། །འོད་དེས་ལས་ཀྱི་རིགས་ཀུན་མཆོད། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཀུན། །འོད་ཟེར་ལྗང་གུར་བསྡུས་ནས་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་སྦྱར། །རང་ཉིད་ལས་ཀྱི་མཁའ་འགྲོར་བསྒོམ། །ཐུགས་ཀར་ཟླ་སྟེང་ས་ལྗང་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བར་བསྒོམ། །ས་ཀརྨ་ཊཱཀི་ནི་ཧཱུཾ་ཕཊ། སྤྲོ་བསྡུ་སྔགས་ཤམ་གོང་དང་མཚུངས། །རང་ཉིད་གཤིན་རྗེ་ཚེ་བདག་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་སེར་


CMR009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནག །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །གཤིན་རྗེ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་འི་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ རང་ཉིད་ཁྲོས་མ་ནག་མོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ནག་མཐར། །སྔགས་ཕྲེང་མཐིང་ནག་གཡོན་དུ་འཁོར། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡི། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཁྲོ་མོ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ༔ རང་ཉིད་རྡོ་རྗེ་གཞོན་ནུར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཕྲེང་ལྗང་གུ་གཡས་སུ་འཁོར། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཁྲོ་བོ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་ཐཾ་ཧཱུྃ་ཕཊ༔ རང་ཉིད་མཁའ་འགྲོ་སེང་གདོང་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར། །སྔགས་ཕྲེང་མཐིང་ནག་གཡོན་དུ་འཁོར། །འོད་འཕྲོས་རི་རབ་སོ་གཉིས་ཀྱི། །རྡུལ་གྱི་གྲངས་མཉམ་མཁའ་འགྲོ་


CMR009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཐུ་སྟོབས་བསྡུས་ནས་བདག་ཐིམ་བསམ། །བཟློག་ནག་ཡི་གེ་བཅུ་བཞི་བཟླས། །ཕྲིན་ལས་སྒྲུབ་པའི་ལྷ་བཞི་འདི། །འཆི་བདག་ནཱ་ག་རཀཱ་དང་། །སྲོག་བདགཱ་ཁ་ཐུན་ཆོས་རྒྱལ་དང་། །བེ་བྷ་པྲ་ཏ་འཆར་ཁ་དང་། །ཀིང་ཀང་དམར་ནག་དུག་རི་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །གཤིན་རྗེ་ཀུན་འདུས་ཚེ་བདག་ཡིན་། །དཔྲལ་བར་སྒོམ་པའི་གཤིན་རྗེའི་གཤེད། །འཇམ་དབྱངས་དངོས་ཡིན་ཡེ་ཤེས་པ། །གཙོ་ཡུམ་ཕག་མོ་མཐིང་ནག་ནི། །ཆོས་སྐུ་ཡུམ་ཆེན་སྒྲོལ་སྔོན་དང་་། །ཐུགས་རྗེ་ཕག་མོ་ནག་མོ་དང་། །པདྨ་གཟི་ལྡན་བདག་མེད་མ། །དེ་རྣམས་ངོ་བོ་གཅིག་པ་སྟེ། །དོན་ལ་ཡེ་ཤེས་མཚོ་རྒྱལ་ཡིན། ༈ །བོགས་འདོན་བསྐྱེད་རིམ་གོ་ལྡོག་ནི། །རང་ཉིད་གཙོ་མོའི་ཡུམ་དུ་བསྒོམ། །རང་གི་ཐུགས་ཀར་ཆོས་འབྱུང་དབུས། །ཨ་ཡིག་མཐིང་ཀ་འོད་ཟེར་འབར། །དེ་ཡང་པདྨའི་ལྟེ་བར་སྟེ། །འདབ་བཞི་ཧ་དཀར་རི་སེར་དང་། །ནི་དམར་ས་ལྗང་བཞི་པོ་བསྒོམ། །ཡིག་འབྲུ་ལྔ་པོ་ཅུང་ཞིག་བཟླ། །དེ་ལས་འོད་ཟེར་ཁ་དོག་ལྔ། །འཕྲོས་པ་རང་གི་ཞལ་ནས་ཐོན། །གཙོ་བོ་ཡབ་ཡུམ་སྐུ་ལུས་བརྒྱུད། །རྡོ་རྗེའི་


CMR009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྦུག་ནས་བྷ་གར་ཞུགས། །རང་གི་ཐུགས་ཀར་ཐིམ་པ་ཡིས། །གཙོ་མོའི་བྱིན་རླབས་དངོས་གྲུབ་ཀུན། །མ་ལུས་བདག་ལ་ཐིམ་གྱུར་ཏེ། །དཔེར་ན་པད་འབྱུང་བྱིན་རླབས་ཀུན། །མཚོ་རྒྱལ་ལ་ནི་ཞུགས་པར་བསམ། །བྱིན་རླབས་མི་འཇུག་ཀ་མེད་ཀྱི། །དམིགས་པ་ངོ་མཚར་ཟབ་གནད་ཡིན། །ལྷོ་ནུབ་ཁྲོས་མ་ནག་མོ་དང་། །གཙོ་མོ་ལ་ཆེན་རྒྱུད་གཅིག་ཀྱང་། །འདི་ནི་ཅུང་ཞིག་གཉན་ཞིང་རྩུབ། །དུར་ཁྲོད་ཁྲོས་མ་ནག་མོ་ཟེར། །ལས་ཚོགས་ཕྱུག་པའི་ལྷ་བཞི་འདི། །གུར་དྲག་འཁོར་དུ་ཡོད་པའི་ཕྱིར། །འདི་བཞིའི་ལས་ཚོགས་མཐའ་ཡས་པ། །གུར་དྲག་འདི་ལ་སྦྱར་བས་ཆོག །ལས་ཚོགས་ཅི་ལྟར་ཡོད་པའི་ཚུལ། །སྲུང་དང་ཟློག་དང་བསད་པ་དང་། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི། །སྲིའུ་གསོ་དང་ཆར་པ་འབེབས། །སེར་བ་འབེབས་སྲུང་ངག་མནན་བཀྲོལ། །དེ་སོགས་འཕྲལ་མཁོའི་ལས་ཚོགས་བརྒྱད། །གཞན་ཡང་ལས་ཚོགས་མཐའ་ཡས་པ། །ལྷ་བཞི་སོ་སོའི་པོད་གཞུང་གསལ། །འདི་རུ་བྲི་བར་ག་ལ་ལོངས། །དེ་དག་ལས་ཚོགས་གང་འགྲུབ་ཀྱང་། །སོ་སོའི་བསྙེན་སྒྲུབ་ཐེམ་མི་དགོས། །གུར་དྲག་བསྙེན་སྒྲུབ་ཐེམ་པས་ཆོག །སོ་སོའི་


CMR009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུང་མ་ཐོབ་ཀྱང་། །གུར་དྲག་དབང་ལུང་ཐོབ་པས་འཐུས། །སོ་སོའི་ལས་བྱང་འདོན་མི་དགོས། །གུར་དྲག་ལས་བྱང་འདོན་པས་ཆོག །སོ་སོའི་བདག་བསྐྱེད་བསྒོམ་མི་དགོས། །གོང་ལྟར་གུར་དྲག་བདག་བསྐྱེད་བསྒོམ། །གོང་ལྟར་སོ་སོའི་ང་རྒྱལ་བཟུང་། །ཚེ་བདག་བཟློག་པའི་སྔགས་རིང་དང་། །ཕུར་པའི་སྤུ་གྲི་ལ་སོགས་པ། །སྔགས་རིང་རྣམས་ཀྱང་འདོན་པས་ཆོག་།དེ་ནས་མཐའ་ཡི་ཁྲོ་བཅུ་ཡང་། །རང་ཉིད་ཡིན་པའི་ང་རྒྱལ་བཟུང་། །ཀུན་གྱི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་མཐིང་རང་རང་སྔགས་ཀྱིས་བསྐོར་།འོད་འཕྲོས་འཁོར་འདས་སྣང་སྲིད་ཀྱི། །མཐུ་སྟོབས་ཀུན་བསྡུས་བདག་ལ་བསྟིམས། །ཧཱུྃ་ཡིག་བཅུ་སྦྲེལ་བཟླས་པས་འཐུས། །སོ་སོར་བསྙེན་པ་བྱེད་འདོད་ན། །བདག་ཉིད་སོ་སོའི་ང་རྒྱལ་བཟུང་། །གོང་ལྟར་སོ་སོའི་སྔགས་རྣམས་བཟླ། །དེ་ཡིས་ཁྲོ་བཅུའི་སྒྲུབ་པ་ཚང་། །རང་ཉིད་རྟ་གདོང་དཀར་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་ཛཡིག་དཀར། །དེ་ལྟར་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་དང་ནི་སྡུག་བསྔལ་ཀུན། །བ་མོར་


CMR009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟེར་ཕོག་ལྟར་བསྒོམ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ཡིས་སྙིང་རྗེ་ཚད་མེད་འགྲུབ། །རང་ཉིད་ཕག་གདོང་སེར་མོར་བསྒོམ། །ཡང་ན་ནག་མོར་བསྒོམ་ཡང་རུང་། །ཐུགས་ཀར་རང་མདོག་ཧཱུྃ་གི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །འོད་ཟེར་དེ་ཉིད་ཕོག་ཙམ་གྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །བདེ་སྐྱིད་ཕུན་སུམ་ཚོགས་པར་བསྒོམ། །ཨོཾ་བཛྲ་པཱ་ཤ་ཧཱུྃ། དེ་ཡིས་བྱམས་པ་ཚད་མེད་འགྲུབ། །རང་ཉིད་སྤྲེལ་གདོང་དམར་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་བཾ་ཡིག་མཐར། །སྔགས་ཕྲེང་གཡོན་འཁོར་འོད་དམར་འཕྲོས། །འོད་དེས་ཕོག་པས་འགྲོ་དྲུག་ཀུན། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཡང་འབྲལ་བ་མེད་པར་བསྒོམ། །ཨོཾ་བཛྲ་སྤོ་ཊ་བི། དེ་ཡིས་དགའ་བ་ཚད་མེད་འགྲུབ། །རང་ཉིད་སྤྱང་གདོང་ལྗང་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་ཧོལྗང་མཐར། །སྔགས་ཕྲེང་གཡོན་འཁོར་འོད་ལྗང་འཕྲོས། །འོད་དེས་ཕོག་པས་སེམས་ཅན་ཀུན། །ཆགས་དང་སྡང་བའི་རྟོག་པ་ཞི། །དགེ་བའི་སེམས་དང་ལྡན་པར་བསྒོམ། །ཨོཾ་བཛྲ་གྷནྡྷེ་ཧོ། དེ་ཡིས་བཏང་སྙོམས་ཚད་མེད་འགྲུབ། །དེ་


CMR009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་བསྐྱེད་ལྷ་ཚོགས་ཀུན། །ཐམས་ཅད་བདག་ཉིད་ཡིན་མོད་ཀྱིས། །ང་རྒྱལ་རིམ་པར་འཕོ་བ་སྟེ། །དེ་ནས་གཙོ་བོའི་ང་རྒྱལ་བཟུང་། །འདི་ནི་བློ་བཟོ་མ་ཡིན་ཏེ། །གསར་མའི་ཀུན་རིག་གསང་འདུས་དང་། །རྙིང་མའི་བཀའ་དགོངས་གཉིས་ནས་གསལ། །གདན་ཐོག་གཅིག་ཏུ་བསྒྲུབ་ན་ནི། །གཙོ་འབུམ་འཁོར་ཁྲི་གྲངས་ཡིན་ཏེ། །དུས་ཀྱི་དབང་གིས་བཞི་འགྱུར་ནི། །དགོས་པ་གསར་མའི་ལུགས་ཡིན་ལ། །གཏེར་ཆོས་རྣམས་ལ་དེ་མི་དགོས།་༈ །སྒྲུབ་པ་མ་ཡིན་རྒྱུན་ཁྱེར་དུས། །གཙོ་བོའི་སྔགས་ལ་བརྒྱ་བཟླས་ན། །གོ་ཆའི་ལྷ་དང་དྲག་པོ་བཞི། །བཅུ་ཆ་ཡིན་པས་བཅུ་རེ་ཙམ། །དེ་རྒྱབ་འཁོར་བརྒྱད་བདུན་རེ་ཙམ། །ཁྲོ་བཅུ་སྒོ་སྲུང་ལ་སོགས་པ། །གསུམ་རེ་ཙམ་གྱིས་ཆོག་པ་སྟེ། །མདོར་ན་སྔགས་གྲངས་ངེས་པ་མེད། །གོང་དུ་བཤད་ལྟར་སོ་སོ་ཡི། །དམིགས་པ་ཟིན་ཙམ་ཟིན་ཙམ་བྱ། །དོན་ལ་ངོ་བོ་གཅིག་ན་ཡང་། །གཙོ་ཡུམ་ཐུགས་ཀྱི་ཕག་མོ་མཐིང་། །ལྷོ་ནུབ་ཁྲོས་མ་ནག་མོ་དངོས། །ལྟེ་བའི་ཡེ་ཤེས་མཁའ་འགྲོ་ལྔ། །དེ་ནི་ཕག་མོ་ལྷ་ལྔ་ཡིན། །ལྔ་ཀ་དོན་ལ་ཕག་མོ་ཉིད། །ཡེ་ཤེས་ལྔ་མཚོན་ཁ་དོག་ལྔ། །


CMR009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་མཁའ་འགྲོ་སྡེ་བཞི་ནི། །གཙོ་ཡུམ་ཁྲོས་མའི་འཁོར་བཞི་ཡིན། །ཤར་གྱི་བདེ་ཆེན་དཀར་མོ་དང་། །ལྷོ་ཡི་སེར་མོ་དོན་གྲུབ་དང་། །ནུབ་ཀྱི་དམར་མོ་སྒྲ་སྒྲོགས་དང་། །བྱང་གི་སྣ་ཚོགས་མཐར་ཕྱིན་ཏེ། །ཁྲོས་མ་ལྷ་ལྔ་ཚང་བ་ཡིན། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་བརྒྱད། །ཕྱི་རོལ་དུར་ཁྲོད་ནང་ན་ཚང་། །བདག་བསྐྱེད་ཅེས་པའི་དོན་རྩ་ནི། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ཚོགས་རྣམས། །ཐམས་ཅད་བདག་ཉིད་ཡིན་པར་བསྒོམས། །མདུན་བསྐྱེད་ཅེས་པའི་དོན་རྩ་ནི། །མདུན་བསྐྱེད་དཀྱིལ་འཁོར་དམིགས་རྟེན་ལ། །དཀྱིལ་འཁོར་ཡོངས་རྫོགས་སྒོམ་པ་སྟེ། །བསྐྱེད་རིམ་ཞེས་པའི་དོན་རྩ་ནི། །དང་པོ་ཏིང་འཛིན་རྣམ་གསུམ་དང་། །དེ་ནས་སྟོང་པ་ཉིད་བསྒོམ་སྟེ། །དེ་ནས་འབྱུང་བ་རིམ་བརྩེགས་དང་། །དེ་ནས་གཞལ་ཡས་ཁང་པ་དང་། །དེ་ནས་གཙོ་བོ་བསྒོམ་པ་དང་། །དེ་ནས་འཁོར་རྣམས་སྤྲོ་བ་སོགས། །རིམ་པར་བསྐྱེད་པས་བསྐྱེད་རིམ་ཟེར། །སྟོང་ཉིད་ལྟ་བའི་ངང་གནས་ཤིང་། །མཁའ་ལ་འཇའ་ཚོན་ཤར་བ་ལྟར། །བདག་མདུན་བུམ་ལྷ་གཏོར་མའི་ལྷ། །སོ་སོའི་གཞལ་ཡས་ཁང་པར་བབས། །དུས་གཅིག་ཐོལ་གྱིས་བསྐྱེད་པ་


CMR009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐོལ་བསྐྱེད་ཅེས་ནི་བྱ་བ་ཡིན། །སྟོང་ཉིད་བསྒོམ་རུང་མ་བསྒོམས་རུང་། །ངག་ནས་སྔགས་གཅིག་བརྗོད་ཙམ་གྱིས། །རང་ཉིད་ཡི་དམ་ལྷ་ཡི་སྐུ། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཀྲོང་གིས་བསྐྱེད་ལ་ཀྲོང་བསྐྱེད་ཟེར། །ལས་བྱང་བྱིན་འབེབས་བྱེད་དུས་སམ། །དབང་གི་བྱིན་འབེབས་བྱེད་སྐབས་སུ། །དཀྱིལ་འཁོར་ལྷ་ཚོགས་དཔག་མེད་པ། །ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །མཚོ་ལ་ཁ་བ་བབས་བཞིན་བསྟིམ། །ལས་བྱང་ནང་གི་སྤྱན་འདྲེན་སོགས། །སོ་སོའི་གནས་དང་སོ་སོའི་མཚན། །ངོས་བཟུང་ཡོད་པ་རྣམས་ལ་ནི། །སོ་སོར་ཚོ་ཚོ་སྤྱན་དྲངས་ལ། །སོ་སོའི་སྐུ་ལ་ཐིམ་པར་བསྒོམ། །འདི་རུ་མི་གསལ་བ་རྣམས་ནི། །ཐམས་ཅད་འབྲུ་འགྲེལ་ནང་དུ་གསལ། །སྡེ་བརྒྱད་འདུལ་བའི་སྔགས་དམིགས་ནི། །འབྲུ་འགྲེལ་ནང་དུ་གསལ་ལྟར་ཡིན། །སྡེ་བརྒྱད་ལས་ལ་འགྱེད་པ་ནི། །རང་ཉིད་དྲག་པོའི་ཐུགས་ཀ་ནས། །འོད་ཟེར་འཇིག་རྟེན་ཁྱབ་པར་འཕྲོས། །སྣང་སྲིད་ལྷ་འདྲེ་ཀུན་ལ་ཕོག །རང་རང་སྔོན་གྱི་དམ་ཚིག་དྲན། །སྐད་ཅིག་ཉིད་ལ་ཁྲོམ་བཞིན་འདུས། །དཀྱིལ་འཁོར་གཞལ་ཡས་ཁང་གི་ཕྱི། །དུར་ཁྲོད་ནང་གི་


CMR009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱམས་སུ། །གཙོ་བོ་བརྒྱད་ལ་རང་རང་གི །འཁོར་ཚོགས་རྣམས་ཀྱིས་བསྐོར་བ་སྟེ། །ཤར་དུ་ཡར་ལྷ་ཤམ་པོ་དཀར། །བེར་དཀར་གསོལ་ཞིང་མདུང་དར་ཕྱར། །ལྷ་གཡག་དཀར་པོ་ཆིབས་པ་ལ། །དཀར་པོ་ལྷ་རིགས་ཀུན་གྱིས་བསྐོར། །ཐུགས་ཀར་ཟླ་སྟེང་ཨ་དཀར་པོ། །ཨ་ཡིག་དཀར་པོའི་ཕྲེང་བས་བསྐོར། །ལྷོ་ཕྱོགས་ཡ་མ་རཱ་ཙ་མཐིང་། །ཕྱག་ན་བེ་ཅོན་ཐོད་དབྱུག་འཛིན། །སྟག་ལྤགས་གྱོན་ཞིང་མ་ཧེ་ཞོན། །གཤེད་ཆེན་བདུན་བརྒྱ་ཉི་ཤུ་སོགས། །འཇིག་རྟེན་གཤིན་རྗེ་ཀུན་གྱིས་བསྐོར། །ཐུགས་ཀར་ཡ་ལས་ཡ་ཕྲེང་བསྐོར། །ནུབ་ཕྱོགས་སྲིད་པའི་རྒྱལ་མོ་དཀར། །དར་དཀར་གྱོན་ཞིང་གཡུ་འབྲུག་ཞོན། །ཕྱག་ན་མདའ་དར་མེ་ལོང་འཛིན། །ཐུགས་ཀར་མ་ལ་མ་ཕྲེང་བསྐོར། །འཇིག་རྟེན་མ་མོ་ཀུན་གྱིས་བསྐོར་། །བྱང་དུ་ཀོང་རྗེ་དྲང་དཀར་ནག །བེར་ནག་གྱོན་ཞིང་རྟ་ནག་ཞོན། །ལག་ན་ཁྲམ་ཤིང་དགྲ་སྟ་ཕྱིར། །ཐུགས་ཀར་དུ་ལ་དུ་ཕྲེང་བསྐོར། །ནག་ཕྱོགས་བདུད་རིགས་ཀུན་གྱིས་བསྐོར། །ཤར་ལྷོར་བཙན་རྗེ་ཡམ་ཤུད་དམར། །བེར་དམར་གྱོན་ཞིང་རྟ་དམར་ཞོན། །མདུང་དམར་མདའ་གཞུ་ལག་ན་འཛིན་། །དམར་པོ་བཙན་


CMR009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་གྱིས་བསྐོར་། །སྙིང་ཁར་རུ་ལ་རུ་ཕྲེང་བསྐོར། །ལྷོ་ནུབ་པེ་ཧར་དགེ་སློང་གཟུགས། །བསེ་ཐེབ་འཁར་གསིལ་ལྷུང་བཟེད་ཅན། །སེང་ཆིབས་རྒྱལ་འགོང་ཀུན་གྱིས་བསྐོར། །ཐུགས་ཀར་ཙ་ལ་ཙ་ཕྲེང་བསྐོར། །ནུབ་བྱང་ཀ་ལ་ཡཀྵ་ལྗང་། །ཕྱག་ན་རལ་གྲི་ནོར་བུ་འཛིན། །བེར་ལྗང་རིན་ཆེན་རྒྱན་གྱིས་བཀླུབས། །སྟག་མོ་ཆིབས་པའི་འཁོར་དུ་ནི། །འཇིག་རྟེན་ནོར་ལྷ་གཏེར་བདག་ཚོགས། །ཐུགས་ཀར་ཤ་ལ་ཤ་ཕྲེང་བསྐོར། །བྱང་ཤར་ཀླུ་བདུད་མགོ་དགུ་དང་། །མཐིང་ཀ་སྦྲུལ་མཇུག་ཆུ་སྲིན་ཆིབས། །ལག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས། །གཟའ་ཀླུ་ས་བདག་ཀུན་གྱིས་བསྐོར། །ཐུགས་ཀར་ན་ལ་ན་ཕྲེང་བསྐོར། །ཀུན་ཀྱང་རིང་གི་བཀའ་ཉན་ཅིང་། །གུས་ཤིང་འདུད་པའི་ཚུལ་དུ་བསྒོམ། །རང་ཉིད་དྲག་པོའི་ང་རྒྱལ་གྱིས། །ཨ་ཙིག་མེ་དབལ་སྡེ་བརྒྱད་སྔགས། །ཙ་ཤ་ན་བར་གཞུང་ལྟར་ཏེ། །བདག་ལས་འོད་ཟེར་དཀར་པོ་འཕྲོས། །སྡེ་བརྒྱད་རྣམས་ལ་ཕོག་པ་ཡིས། །རང་སྲོག་སྔགས་ཕྲེང་གཡས་སུ་འཁོར། །མ་མོ་ལ་ནི་གཡོན་དུ་འཁོར། །ལས་མི་སྒྲུབ་པའི་དབང་མེད་ཅིང་། །དེ་དག་ཀུན་ལས་འོད་དཀར་


CMR009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཕོག །ནད་དང་གདོན་དང་བར་ཆད་ཀུན།། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །ནད་གདོན་བར་ཆད་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་ཤམ་བཏགས་ཅི་འགྲུབ་བཟླ། །རང་དང་གཞན་གྱི་བསྲུང་བ་དང་། །རིམ་གྲོའི་མཆོག་ཏུ་འདི་འགྱུར་རོ། །རང་གི་ཐུགས་ལས་འོད་སེར་འཕྲོས། །ཁོང་རྣམས་ལ་ཕོག་ཁོང་རྣམས་ལས། །གསེར་མདོག་འོད་ཟེར་འཕྲོས་པ་ཡི། །བདག་དང་བསྲུང་བྱ་རྣམས་ལ་ཐིམ། །ཚེ་བསྲིང་བསོད་ནམས་བསྐྱེད་པར་བསྒོམ། །ཨཱ་ཡུ་པུཎྱེ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། སྡེ་བརྒྱད་ཐམས་ཅད་སྐུ་ཤ་རྒྱས། །ཀུན་ཀྱང་དེར་དང་རིན་ཆེན་བརྒྱན། །འོད་ཟེར་སྤྲོ་བསྡུ་གོང་ལྟར་ལས། །གང་འདོད་དངོས་གྲུབ་ཆར་འབེབས་བསྒོམ། །བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་ནོར་སྒྲུབ་མཆོག་ཡིན་ནོ། །བདག་ལས་འོད་ཟེར་དམར་པོ་འཕྲོས། །ཁོང་རྣམས་ལ་ཕོག་ཁོང་རྣམས་ལས། །གློག་ཞགས་ལྟ་བུའི་འོད་འཕྲོས་པས། །ཇི་ལྟར་འདོད་པའི་དངོས་གྲུབ་ཀུན། །རང་དབང་མེད་པར་དབང་བསྡུས་བསྒོམ། །སརྦ་སིདྡྷི་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་ཞི་བའི་ལས་རྣམས་ལས། །ཤ་ཁྲག་མི་རུང་དཀར་གཏོར་ཕུལ། །སྡེ་བརྒྱད་


CMR009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འབྲུ་བརྒྱད་ཀྱི་མཐར། །བྷ་ལིང་ཁཱ་ཧི་བཏགས་ལ་ཕུལ། །ལས་འདི་སྒྲུབ་པའི་བཀའ་བསྒོ་བྱ། །ཆད་མདོ་བརྟན་སྐྱོང་བཏོན་ལ་འབུལ། །དེ་བཞིན་ཆར་འབོད་དུས་སུ་ཡང་། །ཆར་པ་ཕོབ་ཅེས་བཀའ་བསྒོ་ཞིང་། །སྡེ་བརྒྱད་འཁོར་བཅས་ཁ་སྣ་དང་། །བུ་ག་དགུ་ནས་ཆར་ཞོད་འཕྱུར། །ཡུལ་ཕྱོགས་ལྟེམས་སེ་ཆུས་བཀང་བསམ། །ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་ཕོབ་ཕོབ། ཅེས་བཏགས་བཟླས་པས་ཆོག་པ་ཡིན། །དེ་བཞིན་སེར་བ་བསྲུང་ན་ཡང་། །ས་ཆ་འདི་དང་འདི་རྣམས་སུ། །སེར་བ་མ་བཏང་བསྲུང་བར་བསྒོམ། །ཡུལ་ཕྱོགས་འདི་དང་འདི་རྣམས་སུ། །སྲུངས་ཤིག་རཀྵ་རཀྵ་བཟླས། །སྡེ་བརྒྱད་རྣམས་ལ་བསྲུང་བཅོལ་བ། །ཟབ་ཅིང་རང་ལ་ཉེས་སྐྱོན་མེད། །གོད་འདྲེ་ཆུང་སྲི་ཤི་གཤེད་སོགས། །དམར་གཏོར་ལ་བཀུག་ཁཱ་ཧིས་འབུལ། །གང་གནོད་དེ་ཡི་མིང་གི་མཇུག །མཱ་ར་ཡ་ཧཱུྃ་ཕཊ༔ཅེས་བཏགས་ལ་བཟླ། །གོད་གཅོད་ཆུང་རྡུང་གཤེད་འདུལ་སོགས། །ཟབ་ཅིང་སྟབས་བདེ་ཕན་ཐོགས་སོ། །བྱད་ཁ་རྐྱེན་ཁ་ཆེ་བ་ལ། །གང་ཡིན་དམར་གཏོར་ལ་བཀུག་འབུལ། །ཨ་ཙིག་སྔགས་རིང་ཙ་ཤ་ན། །ཨེ་ཀ་དུ་ན་ཟློག །མ་


CMR009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷོ་བྷོ༔ ཟློག་ཟློག །ཅེས་བརྗོད་ཕྱོགས་ཀྱི་གཙང་སའམ། །ཡང་ན་གནོད་པའི་ཕྱོགས་སུ་ཕུལ། །སྡེ་བརྒྱད་འཁོར་བཅས་དེ་ཕྱོགས་སུ། །དམག་ཆེན་བཞིན་དུ་གཤར་སོང་བས། །གནོད་བྱེད་དགྲ་བགེགས་ཐམས་ཅད་ནི། །སྤྲིན་ནག་རླུང་གིས་གཏོར་ལྟར་བསྒོམ། །གུར་དྲག་ཁྲོ་བཅུ་སྟོབས་ཆེ་ཞིང་། །སྙིགས་དུས་སྡེ་བརྒྱད་ཁ་དར་ཞིང་། །རྣོ་མྱུར་ཤིན་ཏུ་ཆེ་བའི་ཕྱིར། །ལས་ཚོགས་འདི་དག་རྣམས་ལས་ཟབ། །གཞན་དུ་ཡོད་སྙམ་འཁྲུལ་པའི་བློ། །མཆོག་གྲུབ་མཐུ་ཡོད་འདི་འདྲ་དཀོན། །གསུངས་པའི་དོན་ཡང་དེ་ལྟར་རོ། །དགྲ་དང་བགེགས་ཀྱང་ཁྱད་མེད་དེ། །དགྲ་ཡི་དམིགས་རིམ་མི་བཤད་པས། །སྡིག་པའི་རྩ་བར་འགྱུར་དོགས་ཡིན། །ངེད་ཀྱི་ཕ་མྱེས་སྔགས་པ་ཞིག །གཞན་ནས་གདམས་ངག་ཅི་མེད་པར། །ཨ་ཙིག་བསྒྱུར་ཁའི་སྔགས་བཟླས་པས། །དགྲ་ཡི་ཁྱིམ་དུ་ལྷོག་ཚང་བཅས། །མལ་བུག་རྗེས་མེད་སོང་བ་ཡི། །གྱང་རལ་བདག་གི་མིག་གིས་མཐོང་། །དེ་ཕྱིར་འདི་རུ་བཤད་མ་ཕོད། །རྫོགས་རིམ་ལ་སོགས་གོང་


CMR009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ། །འདི་དག་གཞན་ནས་ཁ་སབ་མིན། །དོན་ལ་པོད་གཞུང་ནང་ནས་གསལ། །འོན་ཀྱང་གསར་བུས་རྟོགས་དཀའ་ཕྱིར། །པོད་གཞུང་ཉིད་ནས་ལུང་བསྟན་པའི། །དྲག་པོ་འགྲུབ་པའི་རིག་འཛིན་མཆོག༔ ༢ །ཀརྨ་འདུལ་བ་རང་ཉིད་ཀྱི། །ཐུགས་ལ་ཐེ་ཚོམ་མ་མཆིས་ཀྱང་། །མ་འོངས་འགྲོ་ལ་ཕན་དོན་དུ། །སྐུ་རྟེན་རང་བྱུང་ཟླ་ཞལ་མ།་།གསུང་རྟེན་རྡོར་ཕྲེང་གླེགས་བམ་དང་། །ཐུགས་རྟེན་ཙནྡན་བེང་ཆེན་དང་། །ཆོས་ཀྱི་ཆེ་བ་བསྐྱེད་པའི་ཕྱིར། །དུས་གསུམ་བསགས་པའི་དགེ་ཚོགས་བཅས། །འདི་བརྩམས་བཀའ་རྒྱ་བཀྲོལ་ཕྱིར་ཕུལ། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་དང་། །བཀའ་སྲུང་སྤུ་གྲི་མཆེད་གསུམ་དང་། །ཆོས་བདག་མཁའ་འགྲོ་སྡེ་ལྔ་རྣམས། །བཀའ་གཉན་ཀོ་ལོང་དམ་ན་ཡང་། །མཎྜལ་བཟང་ཕྱིར་བཀའ་རྒྱ་གྲོལ། ༧ །སྔགས་རྒན་རཱ་ག་ཨ་སྱ་བདག །འཕྲལ་དུ་དཔེ་ཆར་མ་བལྟས་ཏེ། །སྔར་ནས་ཡིད་ལ་གསལ་བ་རྣམས། །མ་གསང་མ་སྦས་ལྷུག་པར་བཤད། །ལུང་འདྲེན་ཅི་ཡང་མ་བྲིས་ཏེ། །རྒྱུད་གཞུང་རྣམས་དང་མི་འགལ་སེམས། །སྦ་འོས་གསལ་བཀོད་ཉེས་མཆིས་ན། །ཆོས་བདག་སྲུང་མའི་ཚོགས་ལ་


CMR009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །བྱུང་རྒྱལ་ཉམས་མགུར་ཚུལ་དུ་སྨྲས། །དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས། །དགེ་བས་ཇི་སྲིད་དུས་མཐའི་བར། །འདི་ཉིད་མི་ནུབ་འཕེལ་ཞིང་རྒྱས། །འདི་ཉིད་ཉམས་སུ་སུས་བླངས་རྣམས། །ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །རྟག་ཏུ་མཆོད་པས་མཉེས་བྱེད་ཤོག༔ མངྒ་ལཾ།། བཀྲ་ཤིས།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ།next