Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས།
   
   
   


 
previousབླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས།next

བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས།


CMR009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས་བཞུགས་སོ༔


CMR009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་ཡེ༔ ཕྱི་སྒྲུབ་དང་ནང་སྒྲུབ་གཉིས་ཀའི་དཀྱིལ་འཁོར་འབྲི་ལུགས་མི་གསལ་བ་ནི༔ དབང་ཆོག་རྒྱས་པའི་འོག་ནས་འབྱུང་ལྟར་བྲིའོ༔ གཞན་སྟ་གོན་གཞུང་ལྟར་བྱའོ༔ དེ་ནས་ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ ༈ རང་གི་སྙིང་གར་ཧཱུྃ་དམར་པོ་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད་ནམ་མཁས་གར་ཁྱབ་ཨེ་ཡི་རང་བཞིན་ཟུར་གསུམ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་ཁ་གདེངས་བ༔ དེའི་སྟེང་དུ་ཨེའི་ཀློང་དུ་ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་


CMR009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བར་ཆད་པས་རཀྟའི་རྦ་ཀློང་འཁྲུགས་པ༔ ཁྲག་གི་སྦྱ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན༔ ཞིང་ཆེན་ཞིང་ཆུང་རི་གད་ཉིལ་བ་ལྟ་བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་ཤ་ཆེན་གྱི་ས་གཞི༔ རོ་རུལ་བ་མ་རུལ་བ༔ བམ་པ་ཐོད་སྐམ་ལ་མེ་འབར་བ༔ དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོ་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀེ་ཆད་པ་ལས་ཀ་ལས་རུས་པའི་རི་རབ་གྲུ་བཞི་པ་བང་རིམ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་


CMR009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ལས་གཞལ་ཡས་ཁང་ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔ གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ཕྱམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ༔ ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱིར་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱིར་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་ཤིང་འཁྲུགས་པར་གྱུར༔ ཕོ་བྲང་དེ་ཡི་དབུས་མཐིང་ནག་གྲུ་གསུམ་འབར་བ༔ ཟླ་གམ་དམར་པོའི་ཕྱི་གསེར་གྱི་འཁོར་ལོ་རྩིབས་བཞི་པ་བདུད་བཞི་དང་དམ་སྲི་ཕོ་མོ་བསྣོལ་སྟེང་དུ༔ ཉི་ཟླ་པདྨའི་གདན་ལ༔ ཧཱུཾ་ཆད་པ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར༔ ཧཱུཾ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་ཐམས་ཅད་


CMR009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད༔ དྲེགས་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཧཱུྃ་ལ་ཐིམ༔ འོད་དུ་འབར་སླར་རྡོ་རྗེ་རྩེ་དགུ་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས༔ ༈ སྐད་ཅིག་དྲན་རྫོགས་སུ་བདག་ཉིད་དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་མེའི་མདོག་ཅན་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་གཡོ་བ༔ མཆེ་བ་རབ་ཏུ་གཙིགས་པ༔ སྨིན་མ་གློག་ལྟར་དུ་འཁྱུག་པ༔ ཨག་ཚོམ་མེ་ལྟར་དུ་འབར་བ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ ཕྱག་གཡོན་པས་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་རྭ་བཅོ་བརྒྱད་པ་མིག་དགུ་པ་དང་ལྕགས་ཀྱུ་འཛིན་པ༔ ཁྲོ་བོའི་ཆས་བརྒྱད་སྐུ་ལ་རྫོགས་པ༔ རྡོ་རྗེའི་གོ་ཁྲབ༔ ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ གདོལ་པ་ནག་པོའི་སེ་རལ་ཁར་བརྒྱན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་ཀྱི་ཚུལ་དུ་བསྒྲད་པའོ༔ དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཁྱུད་ཅིང་སྟོབས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་ཐབས་


CMR009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྦྱོར་བ༔ སྤྱི་གཙུག་ན་ཕག་ཞལ་དང་༔ གཅེར་བུ་གཟིག་ཤམ་དང་རྒྱན་དྲུག་གིས་སྤྲས་པ༔ ཁྲོ་ཞིང་འཛུམ་པའི་ཚུལ་ཅན་ནོ༔ འཁོར་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ལྟར་སྐད་ཅིག་དྲན་རྫོགས་སུ་གསལ༔ བདག་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་དམར་ནག་མེའི་འོད་ཟེར་འཕྲོ་བར་གྱུར༔ དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས༔ ༈ ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ སྒྲུབ་ལ་དངོས་གྲུབ་སྩོལ་བ་དང་༔ བདུད་དང་བགེགས་རྣམས་གཞོམ་པ་དང་༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ་དམར་ནག་མེ་ཡི་ཕྲེང་བ་ཅན༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་བདག་ལ་དགོངས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ཡཀཱ་མེ་དབལ་སྐར་ལྟར་འཁྲུག༔ ཧཱུྃ་དང་


CMR009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཀྱི་སྒྲ་ཆེན་སྒྲོགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བསྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་བཛྲ་ཀྲོ་དྷ་བྷ་ག་ཝཱན༔ སརྦ་མ་ཧཱ་གུ་རུ་ས་མ་ཡ་ཛ་ཛ༔ ཛཧཱུྃ་བཾ་ཧོ༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས༔ དཀྱིལ་འཁོར་གཏོར་མ་བུམ་པ༔ བྷོ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོ་སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས་པའི་དབུས་སུ༔ ཉི་མ་དང་ཟླ་བ་པདྨའི་གདན་ལ༔ བདུད་བཞི་བསྣོལ་བའི་སྟེང་དུ་རྒྱུ་ཡི་ཡི་གེ་ཧཱུྃ་དམར་ནགཾ་གཅིག་རང་བཞིན་གྱི་གནས་ནས་ཁྲ་ཐབས་སུ་བབ་སྟེ་གསལ་བཏབ་ལ༔ སྣང་སྲིད་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་གྱུར་པས་འོད་ཟེར་གྱིས་ཁྱབ་སྟེ༔ སླར་དེ་དག་གི་བྱིན་རླབས་དང་མཐུ་ནུས་པ་ཐམས་ཅད་ཚུར་འདུས་ཧཱུྃ་དམར་ནག་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས༔ དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་མེའི་མདོག་ཅན་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་གཡོ་བ༔ མཆེ་བ་རབ་ཏུ་གཙིགས་པ༔ སྨིན་མ་གློག་ལྟར་དུ་འཁྱུག་པ༔ ཨག་ཚོམ་


CMR009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟར་དུ་འབར་བ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ ཕྱག་གཡོན་པས་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་རྭ་བཅོ་བརྒྱད་པ་མིག་དགུ་པ་དང་ལྕགས་ཀྱུ་འཛིན་པ༔ ཁྲོ་བོའི་ཆས་བརྒྱད་སྐུ་ལ་རྫོགས་པ༔ རྡོ་རྗེའི་གོ་ཁྲབ་དང་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ གདོལ་པ་ནག་པོའི་སེ་རལ་ཁར་བརྒྱན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་ཀྱི་ཚུལ་དུ་བསྒྲད་པའོ༔ དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་ཐོད་ཁྲག་འཁྱུད་ཅིང་སྟོབས་ལ༔ གཡས་བརྐྱང་གཡོན་བསྐུམ་གར་ཐབས་ཀྱིས་སྦྱོར་བ་སྤྱི་གཙུག་ན་ཕག་ཞལ་དང་༔ གཅེར་བུ་གཟིག་ཤམ་དང་རྒྱན་དྲུག་གིས་སྤྲས་པ༔ ཁྲོས་ཞིང་འཛུམ་པའི་ཚུལ་ཅན་ནོ༔ དེའི་ཤར་རྩིབས་སུ་རྡོ་རྗེ་དྲག་པོ་རྩལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གྲི་གུག་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ ལྷོར་རཏྣ་དྲག་པོ་རྩལ་སེར་ནག་བེ་ཅོན་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར། ནུབ་ཏུ་པདྨ་དྲག་པོ་རྩལ་དམར་པོ་པདྨ་ཐོད་ཁྲག་འཛིན་པ༔ ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ བྱང་དུ་ཀརྨ་དྲག་པོ་རྩལ་ལྗང་ནག་རྒྱ་གྲམ་དང་ཐོད་ཁྲག་འཛིན་པ༔ དེ་དག་ཐམས་


CMR009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཁྲོ་བོའི་ཆས་རྣམས་རྫོགས་པ་ལ་གྱད་ཀྱི་དོར་སྟབས་སུ་བཞུགས་པར་གྱུར༔ དེའི་ཕྱི་རིམ་དུ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་གྲི་ཐོད་འཛིན་པ༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་མོ་གྲི་ཐོད་འཛིན་པ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་གྲི་ཐོད་འཛིན་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་མོ་གྲི་ཐོད་འཛིན་པ༔ ཀུན་ཀྱང་གཡས་བསྐུམ་གཡོན་བརྐྱང་༔ ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་ཞིང་གྲི་ཐོད་འཁྱུད་པས༔ པདྨ་དང་མི་རོའི་གདན་ལ་བཞུགས་པར་བསྐྱེད༔ ཀུན་ཀྱང་དབུ་སྐྲའི་ཐོར་ཅོག་ལ་རྡོ་རྗེ་ལ་སོགས་རང་རྟགས་ཀྱི་མཚན་པའོ༔ དེའི་ཤར་ལྷོར་གཤིན་རྗེ་ཚེ་བདག་མཐིང་ནག་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུ་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཁཊཾ་ག་མཆན་ཁུང་དུ་བཅུག་པ༔ མི་མགོའི་དོ་ཤལ་ཅན༔ གཡས་བསྐུམ་གཡོན་བརྐྱང་གི་མི་རོའི་གདན་ལ་བཞུགས་པའོ༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་མཐིང་ནག་ཕྱག་གཉིས་ཕུར་པ་ཐུགས་ཀར་འདྲིལ་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ བྱང་ཤར་དུ་མཁའ་འགྲོ་སེང་གདོང་ཅན་མཐིང་ནག་གྲི་ཐོད་འཛིན་པ༔ ཞིང་ལྤགས་དང་


CMR009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཤམ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ༔ རོའི་གདན་ལ་བཞུགས་པར་གྱུར༔ དེའི་ཕྱི་རིམ་རྩིབས་བཅུ་ལ༔ ཤར་སྟོད་དུ་ཧཱུྃ་ཀཱ་ར་དཀར་པོ་མདའ་གཞུ་འགེངས་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁྲམ་ཤིང་འཛིན་པ༔ ཤར་ལྷོར་དབྱུག་པ་སྔོན་པོ་གཡས་དབྱུག་ཐོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སྔོན་པོ་གཡས་བེ་ཅོན་དང་གཡོན་སྦྲུལ་ཞགས་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པའོ༔ ཀུན་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་ཀྱིས་ཕྱོགས་སྐྱོང་བཅུའི་གདན་ལ་རབ་ཏུ་ཁྲོས་པའི་ཚུལ་གྱིས་བཞུགས་པའོ༔ དེའི་ཤར་སྒོར་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་


CMR009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལྷོ་སྒོར་ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པའོ༔ ལྷ་ཚོགས་གཙོ་འཁོར་དེ་དག་རང་རང་གི་གནས་གསུམ་དུ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་གསུམ་གསལ་བ༔ བདག་ཉིད་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་སྐར་མདའ་འཕང་བ་ལྟར་འཕྲོས་པས༔ པདྨ་འོད་ཀྱི་གཞལ་ཡས་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ༔ དཀྱིལ་འཁོར་གྱི་ལྷ་རྣམས་དང་རང་ལྷ་ཆུ་ལ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་ཐིམ་སྟེ༔ ལྷ་རྣམས་གཟི་བརྗིད་འོད་དུ་འབར་ཏེ་རང་གི་རིགས་བདག་དང་དབང་རྟགས་ཀྱིས་བརྒྱན་པར་གྱུར༔ དེ་ནས༔ ༈ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཞེས་པ་ནས་བསྟོད་པ་ལ་མ་ཐུག་བར་འདོན༔ དེ་ནས་བསྟོད་པ་ནི་བསྟོད་བསྐུལ་རྣམ་རྒྱལ་འབར་བ་བྱ༔ ཐུགས་དམ་དབྱིངས་ནས་བསྐུལ་སྐྱར་ལ་ཕྱག་འཚལ་བསྟོད་ཅེས་བརྗོད༔ འཁོར་གྱི་བསྟོད་པ་ལས་བྱང་ལྟར་རོ༔ འཛབ་དགོངས་ཀྱི་དམིགས་པ་གོང་འོག་གཉིས་ཡོད༔ གོང་མ་ཞི་བསྙེན་ལ་སྦྱར་རོ༔ འོག་མ་དྲག་པོའི་བསྙེན་པ་ལ་སྦྱར་རོ༔ སྔགས་ནི་ཨ་ཙིག་ཉི་ཤུ་པ་རབ་


CMR009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཅིག་གིས་འགྲུབ༔ ཐ་མས་ཀྱང་འབུམ་ཕྲག་ཉི་ཤུ་བཟླས་ན་ནུས་པ་པདྨ་ཧེ་རུ་ཀ་དང་མཉམ་གསུངས་པས༔ གྲངས་མི་གཙོ་རྟགས་གཙོ༔ སྡེ་བརྒྱད་ལ་སོགས་ཤམ་བུ་སྦྱར་བ་ཁྲི་ཙམ༔ གོ་ཆ་སྤྱི་འདུས་ལ་ཁྲི་ཙམ༔ དྲག་སྔགས་སོ་ལྔ་པ་ལ་ཁྲིའམ་ལྔ་སྟོང་ཙམ༔ དབང་བླངས་བ་ནི་གཞུང་ལྟར་རོ༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༈ དྲག་པོའི་ནང་སྒྲུབ་རྡོ་རྗེ་ཕྲེང་བའི་དམིགས་པའི་གསལ་བྱེད་བཞུགས་སོ༔ བླ་མ་དྲག་པོའི་ནང་སྒྲུབ་ཀྱི༔ དམིགས་རིམ་གསལ་བྱེད་འདི་ལྟར་ཏེ༔ དཀྱིལ་འཁོར་བུམ་པ་གཏོར་མ་གསུམ༔ དབྱེར་མེད་མདུན་བསྐྱེད་ལྷ་ཚོགས་བྷེ་བདག་མདུན་གཙོ་བོའི་ཐུགས་ཀ་རུ༔ ཧཱུྃ་ཡིག་དམར་ནག་འོད་འཕྲོས་པ༔ ཐ་མར་ཨ་ཙིག་གཡས་སུ་འཁོར༔ དེ་ལས་འོད་ཟེར་སྣ་ཚོགས་འཕྲོས༔ མདུན་བསྐྱེད་རྣམས་ཀྱི་ཐུགས་ཀར་ཕོག༔ སྔགས་ཕྲེང་འཁོར་བས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་ཞིང་ཁམས་ཀུན་བཞུགས་པའི༔ བླ་མ་ཡི་དམ་སངས་རྒྱས་དང་༔ བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཀུན་གྱི་སྐུ་གསུང་ཐུགས་ཡོན་


CMR009_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཏན༔ ཕྲིན་ལས་ནུས་མཐུ་བྱིན་རླབས་ཀུན༔ འོད་ཟེར་ཁ་དོག་རྣམ་ལྔ་ཡི༔ རྣམ་པར་བདག་མདུན་ལྷ་ལ་ཐིམ༔ བདག་མདུན་གཙོ་བོའི་གནས་ལྔ་རུ༔ གོ་ཆ་ལྷ་ལྔ་གསལ་བར་བྷེ༔ སྤྱི་གཙུག་ཐོད་ཕྲེང་རྩལ་མཐིང་ཁ༔ དེ་སྟེང་ཁྱུང་དང་རིགས་ཀྱི་བདག༔ ཐུགས་ཀར་གསེར་གྱི་མཆོད་རྟེན་ནང་༔ ཕྱག་རྡོར་ཐུགས་ཀར་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་རྡོ་རྗེའི་ལྟེར༔ ཉི་ཟླ་ག་འུར་ཧཱུྃ་དམར་མཐར༔ ཨ་ཙིག་སྔགས་ཕྲེང་གཡས་སུ་འཁོར༔ སྤྱི་གཙུག་པད་འབྱུང་མཐིང་ནག་གི༔ ཐུགས་ཀར་ཟླ་སྟེང་ཧཱུཾ་མཐིང་མཐར༔ ཐོད་ཕྲེང་རྩལ་གྱི་སྔགས་གཡས་འཁོར༔ ཕྱག་གཡས་ཁཊཾ་ནམ་མཁར་གཡུགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་གྲུ་མོར་ཐོད་པའི་རྔ༔ བཀལ་བ་རང་སྒྲའི་ཧཱུཾ་སྒྲ་ནི༔ འབྲུག་སྟོང་བཞིན་ཏུ་ལྡི་རི་རི༔ དེའི་སྒྲས་སྟོང་གསུམ་འཇིག་རྟེན་གང་༔ སངས་རྒྱས་ཞིང་ཀུན་རབ་གཡོས་ཏེ༔ པད་འབྱུང་བྱེ་བ་ཕྲག་བརྒྱ་སོགས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀུན༔ དྲག་པོའི་ལྷ་ཚོགས་སྐུར་གྱུར་ནས༔ ཆར་དྲག་བབས་པ་བཞིན་དུ་བྱོན༔ བདག་མདུན་རྣམས་ལ་ཐིམ་པར་


CMR009_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ ཐོད་ཕྲེང་རྩལ་གྱི་སྔགས་དེ་བསྙེན༔ མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི༔ དཔྲལ་བའི་ཨོཾ་ལས་ཨོཾ་དཀར་པོ༔ མགྲིན་པའི་ཨཱལས་ཨཱ༔དམར་པོ༔ ཐུགས་ཀའི་ཧཱུཾ་ལས་ཧཱུྃ་མཐིང་ནག༔ རྒྱུན་ཆད་མེད་པ་བྱུང་ནས་ཀྱང་༔ བདག་གི་དཔྲལ་མགྲིན་སྙིང་གར་ཐིམ༔ རྒྱལ་བ་ཀུན་དང་དྲག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ རང་གི་དཔྲལ་མགྲིན་སྙིང་ག་ཡི༔ འཇམ་དཔལ་རྟ་མགྲིན་ཕྱག་རྡོར་གྱི༔ ཐུགས་ཀར་ཨོཾ་དཀར་ཨཱདམར་དང་༔ ཧཱུྃ་མཐིང་གསུམ་གྱི་རྐང་པ་ནས༔ རང་མདོག་འོད་ཟེར་གསུམ་འཕྲོས་པས༔ མདུན་བསྐྱེད་གནས་གསུམ་ཡིག་འབྲུ་ཡི༔ རྐང་པ་གསུམ་ནས་ཡར་ཐིམ་པས༔ སྐུ་གསུང་ཐུགས་མཉེས་མཆོད་པར་གྱུར༔ མདུན་བསྐྱེད་ཨོཾ་དང་ཨཱཧཱུྃ་གི༔ རྩེ་ནས་འོད་ཟེར་རང་མདོག་ཚུར་བྱུང་ནས་༔ རང་གི་གནས་གསུམ་ཡིག་འབྲུའི་རྩེ་ནས་མར༔ ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ༔ ཕར་གསུམ་ཚུར་གསུམ་འོད་ཟེར་དྲུག་པོ་དེ༔ མགལ་མེའི་འཁོར་ལོ་བཞིན་ཏུ་ཀྱི་ལི་ལི༔ དཔེར་ན་ཚོན་སྐུད་སྣ་གསུམ་ཐག་བྲན་བཞིན༔ རྒྱུན་ཆད་མེད་པར་འཁོར་བར་བསྒོམ་བྱ་ཞིང་།


CMR009_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཙིག་སྔགས་འབྲུ་ཉི་ཤུ་པ་དེ་བསྙེན༔ ༈ དེ་ནས་མདུན་བསྐྱེད་གོ་ཆའི་ལྷ་རྣམས་ལས༔ རང་རང་མདོག་མཚུངས་འོད་ཟེར་འཕྲོས་ནས་ཀྱང་༔ རང་གི་གོ་ཆའི་ལྷ་ལ་ཐིམ་པ་ཡི༔ གོ་ཆའི་ལྷ་རྣམས་ཀུན་གྱི་བྱིན་རླབས་དང་༔ ནུས་མཐུ་ཐམས་ཅད་བདག་གིས་ཐོབ་བསྒོམ་ཞིང་༔ ཨ་ཙིག་སྔགས་འབྲུ་ཉི་ཤུ་པ་ཡི་མཇུག༔ གོ་ཆའི་སྔགས་དེ་བཏགས་ལ་བཟླ་བར་བྱ༔ ༈ དེ་ནས་མདུན་བསྐྱེད་གཙོ་བོ་འཁོར་ལྷ་དང་༔ ཁྱད་པར་ཁྲོ་མོ་བཅུ་པོ་ཐམས་ཅད་ཀྱི༔ སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ རང་ལ་ཐིམ་པས་ཁྲོ་བོ་ཐམས་ཅད་ཀྱི༔ བྱིན་རླབས་ནུས་མཐུ་བདག་གིས་ཐོབ་བསམས་ཤིང་༔ དྲག་སྔགས་སོ་ལྔ་པ་དེ་བཟླ་བར་བྱ༔ བདག་མདུན་ཐུགས་ལས་ཧཱུྃ་དམར་གྲངས་མེད་འཕྲོས༔ ཐམས་ཅད་ཡཀྵ་མེ་དབལ་ཁོ་ནར་གྱུར༔ བདག་དང་བླ་མའི་སྐུ་ལ་གནོད་པ་ཡི༔ གནོད་བྱེད་ཀུན་ལ་ཕྱག་གཡས་རྡོ་རྗེས་བརྒྱབ༔ བསད་ཅིང་གཡོན་པའི་ཐོ་བས་ཀླད་པ་བཅོམ༔ གདོན་བགེགས་ཐམས་ཅད་མྱོ་སྒྲ་ཙི་རི་རི༔ འཇིགས་པའི་གད་རྒྱངས་དང་བཅས་ཁྲོ་བོའི་དམག༔ སེར་རྒོད་བབ་ལྟར་འཇིག་རྟེན་གང་བསྒོམ་ཞིང་༔ ཨ་ཙིག་བཛྲ་ཧཱུྃ་ནས་ཙ་ཤ་ན༔ གནོད་


CMR009_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འབྱུང་པོ་ཧུར་ཐུམ་མཱ་ར་ཡ་ཕཊ༔ ཅེས་པ་མང་ཉུང་རྟགས་ལ་བསྟུན་ལ་བཟླས༔ མཐར་ནི་སྤྲུལ་པའི་ཁྲོ་བོ་རང་ལ་བསྡུ༔ དངོས་གྲུབ་ལེན་ཆོག་གཞུང་དུ་གསལ་ལྟར་ལས༔ ཚོགས་དང་བཀའ་སྲུང་བརྟན་སྐྱོང་བྱས་རྗེས་སུ༔ བསྡུ་ཆོག་བཀྲ་ཤིས་ཐུགས་སྒྲུབ་པ་ལྟར་དུའོ༔ འདི་ཉིད་སྒྲུབ་ཚེ་བཀའ་སྲུང་གཉིས་པོ་ནི༔ དགོང་མོ་ཚར་རེ་བཏོན་པས་བར་ཆད་སེལ༔ ཚོགས་དང་ཆད་མདོ་རྒྱུན་དུ་མི་དགོས་སོ༔ དབུ་འཛུགས་དུས་དང་ཚེས་བཅུ་བྱུང་དུས་སུ༔ གྲོལ་ཁ་ཚོགས་དང་བསྐང་བ་ཆད་མདོ་བྱ༔ འདི་ཡི་དམིགས་རིམ་རྒྱུད་ཚིག་གོ་དཀའ་བས༔ དབོན་པོ་པདྨ་ནམ་མཁས་སྒྲུབ་པའི་དུས༔ རཱ་ག་ཨ་སྱས་གསལ་བར་བཀོད་པ་ལ༔ ཉེས་འགལ་མཆིས་ན་བཀའ་སྲུང་རྣམས་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་པ་ཕྱོགས་བཅུར་རྒྱས༔ ཨོ་རྒྱན་ཆེན་པོའི་ཐུགས་དགོངས་རྫོགས་པར་ཤོག༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས།next