Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས།


 
previousསྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས།no next

སྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས།


CMR009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས་བཞུགས་སོ༔


CMR009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྟ་གོན་ཕུར་པ་སོགས་གཞུང་ལྟར་བྱའོ༔ ལས་བྱང་ཏིང་འཛིན་རྣམ་གསུམ་བར་དུ་འདོན༔ ༈ རང་གི་སྙིང་གར་ཧཱུྃ་དམར་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་ཕྲ་བ་ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་ཁ་གདེངས་པ་དེའི་སྟེང་༔ ཨེའི་ཀློང་དུ་ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་པས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བ༔ ར་ཆད་པས་རཀྟའི་རྦ་ཀློང་འཁྲུགས་པ་ཁྲག་གི་ལྦུ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན་ཞིང་ཆེན་ཞིང་ཆུང་རི་


CMR009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གད་ཉིལ་བ་ལྟ་བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་ཤ་ཆེན་གྱི་ས་གཞི་རོ་རུལ་བ་མ་རུལ་བ་བམ་པ་ཐོད་སྐམ་ལས་མེ་འབར་བ༔ དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོས་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀེ་ཆད་པ་ལས་ཀེ་ལས་རུས་པའི་རི་རབ་གྲུ་བཞི་པ་བང་རིམ་བཞི་པ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་ཆད་པ་ལས་གཞལ་ཡས་ཁང་ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔


CMR009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བརྒྱད་ཀྱི་གདུང་༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ལྕམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ་ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེའི་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་དུ་མཚོན་ཆ་ལྔ་དང་༔ ཁྲོ་ཆུང་དང་སྡིག་པས་གཏམས་ཤིང་འཁྲུགས་པར་གྱུར༔ བདག་དང་ཕུར་པ་མི་དམིགས་པ༔ སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད་དུར་ཁྲོད་མེ་དཔུང་འབར་བའི་ཀློང་ཆེན་པོར་གྱུར་པ༔ སྡེ་བརྒྱད་དྲེགས་པ་བསྣོལ་བའི་སྟེང་དུ༔ ཧཱུྃ་དམར་ནག་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེའི་འོད་ཟེར་གྱིས་ཞིང་ཁམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད༔ མ་མོ་མཁའ་འགྲོ་ཐམས་ཅད་


CMR009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར༔ དེ་ལ་དམིགས་ཏེ༔ ཧཱུྃ་ཧཱུྃ་ཞེས་བརྗོད་པས་དེ་ཉིད་འོད་དུ་འབར་ཡོངས་སུ་གྱུར་པ་ལས༔ བདག་ཉིད་སྟོང་གསུམ་ཟིལ་གནོན་དྲག་པོ་རྩལ་སྐུ་ཆེ་ལ་ཡན་ལག་རགས་པ༔ ཞལ་གཅིག་ཕྱག་གཉིས་དམར་ནག་མེའི་མདོག་ཅན༔ དབུ་ཚངས་པའི་དབུས་སུ་སླེབ་པ༔ ཞབས་རྒྱ་མཚོ་ཀླུ་རིགས་ལྔ་མནན་པ༔ རི་རབ་ལ་རྒྱབ་གཏད་པ༔ ཉི་ཟླ་གཉིས་མཆན་ཁུང་ནས་འཆར་བ༔ སྟོང་གསུམ་ཟིལ་གྱིས་གནོན་པ༔ ཁམས་གསུམ་དབང་དུ་བསྡུས་པ༔ སྐུ་ལས་མེའི་འོད་ཟེར་དང་ཚྭ་ཚྭ་འཕྲོ་བ༔ མེ་དཔུང་གི་ཀློང་ན་ཁྲོ་ཆུང་དཔག་མེད་ཀྱིས་གང་བ་ཐམས་ཅད་འཚུབ་ཅིང་ཁྲོ་བ་འཁྲབ་པ་ཕྱག་གཡས་པ་གནམ་ལྕགས་རྡོ་རྗེ་ནམ་མཁའ་ལ་གདེངས་པ༔ གཡོན་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་ཁ་གདངས་པ་དང་ལྕགས་ཀྱུ་འཛིན་པ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས་པ༔ སྨིན་མ་དང་ཨག་ཙོམ་མེ་ལྟར་འབར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཉིས་གཙིགས་པ༔ རྐན་སྒྲ་རྡེབ་པ༔ ཧཱུཾ་སྒྲ་སྒྲོག་པ༔ ཤངས་ནས་རླུང་འཚུབ་པས་བར་


CMR009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཐམས་ཅད་ཁྱབ་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ སྟོང་གསུམ་ན་འགྲན་ཟླ་མེད་པ༔ དེའི་སྤྱི་བོར་ཨོཾ་ཨཱཿཧཱུྃ་མཉྫཤི་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ སྐུའི་ལྷ་འཇམ་དཔལ་གཤིན་རྗེ་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ༔ དེའི་དབུ་གཙུག་ཏུ་ཨོཾ་ཨཧཱུྃ་བཛྲ་ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ལས་མེ་འབར་བ་མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྭི་ཀྲྀ་གི་སྒྲ་སྒྲོགས་པའོ༔ དེའི་དབུ་གཙུག་གི་ནོར་བུའི་སྟེང་དུ་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ཧཱུྃ༔ རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན༔ སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ མགྲིན་པར་ཨོཾ་ཨཱཧཱུཾ་པདྡྷན་ཏ་ཀྲི་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་དབྱུག་ཐོ་དང་གཡོན་པས་ཐོད་ཁྲག་འཛིན་པར་གྱུར༔ ཐུགས་ཀར་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པར༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ གསང་བདག་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་སྦྲུལ་རིགས་ལྔས་བརྒྱན་པའོ༔ ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་


CMR009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་ཧིམ་ཧ་རི་ནི་ས་ཧཱུྃ༔ སངས་རྒྱས་མཁའ་འགྲོ་མཐིང་ནག་གྲི་ཐོད་འཛིན་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གྲི་ཐོད་བསྣམས་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་ཐབས་སུ་བཞུགས་པ༔ ཁཊ་མཆན་ཁུང་དུ་བཅུག་པ་ཁོ་ནའོ༔ གསང་གནས་སུ་ཨོཾ་ཨཱཿཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྟ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀྵ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་ཞགས་པ་འཛིན་པར་གྱུར༔ མཐའ་བསྐོར་དུ་ཤར་སྟོད་དུ་ཧཱུྃ་ཀཱ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁཊྭཱྃ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་ཐོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེ་སྔོན་པོ་གཡས་བེ་ཅོན་དང་གཡོན་སཱུ་མོ་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་


CMR009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་ཁྲོ་བོའི་ཆས་བཅུ་དང་ལྡན་པ༔ གཡས་བསྐུམ་གཡོན་བརྐྱང་ཕྱོགས་སྐྱོང་གི་གདན་ལ་བཞུགས་པའོ༔ ཟིལ་གནོན་ཁྲོ་བོ་བཅུ་ཧཱུྃ་སྒྲ་དང་སྔགས་སྒྲ་དང་ཕཊ་སྒྲས་སྟོང་གསུམ་གཡོ་འགུལ་བྱེད་པ༔ ཁྲོ་རྒྱལ་དེའི་ཐུགས་མཆོང་གུར་སྨུག་པོའི་དབུས་སུ༔ ཉི་ཟླའི་དལ་གྱི་སྟེང་དུ་ཧཱུྃ་དམར་ནག་ལ་རྩ་བའི་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས༔ ལྷོ་ནུབ་ཀྱི་ནམ་མཁའ་ལ་རང་བཞིན་བསྐྱེད་པ་ལྟར་འཇིག་རྟེན་ཁེངས་ཤིང་གཟི་བརྗིད་འོད་དུ་འབར་བ་ཧཱུྃ་སྒྲ་ཏི་རི་རི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བདག་ལ་དབྱེར་མེད་དུ་ཐིམ༔ ཧཱུྃ༔ ནུབ་ཕྱོགས་དབང་དྲག་རོལ་པའི་གནས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ མོས་པའི་བུ་ལ་བརྩེར་དགོངས་ལ༔ གནས་མཆོག་འདི་རུ་བྱིན་གྱིས་རློབས༔ མཐུ་རྩལ་དྲག་པོའི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ལས་བྱང་གི་


CMR009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་གྱི་སྔགས་ནས་བཟུང་སྟེ་མཆོད་པ་མ་རྫོགས་བར་ལས་བྱང་ལྟར་རོ༔ དེ་ནས་རྣམ་རྒྱལ་འབར་བས་བསྟོད་དེ་ཐུགས་དམ་དབྱིངས་ནས་བསྐུལ་ཟེར་བ་དེ་ཕྱག་འཚལ་བསྟོད་དུ་བསྒྱུར༔ དེ་ནས་དམིགས་པ་ནི༔ དཔའ་བརྗིད་འོད་དུ་འབར་ཞེས་སོགས་གོང་གི་ཟིལ་གནོན་གྱི་དམིགས་པ་དང་༔ བར་དུ་བདག་མདུན་འཁོར་བའི་དམིགས་པ་གཉིས་ཀྱི་ཚེ་ཨ་ཙིག་ཁོ་ན་བསྙེན་ནོ༔ དེ་ལ་འབུམ་ཕྲག་བས་མི་ཉུང་བ་བྱའོ༔ དེ་ནས་མེ་དབལ་སྡེ་བརྒྱད་སྦྱོར་བ་དེ་ཡི་བཅུ་ཆ༔ དེ་ནས་སྔགས་རིང་ཁྲིའམ་རྟགས་དང་སྦྱོར༔ རྗེས་རྣམས་གཞུང་ལྟར་རོ༔ ཞེས་ཟུར་མང་ནང་སོས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ གུ་རུ་དྲག་པོའི་གསང་བ་སྲིད་གསུམ་ཟིལ་གནོན་གྱི་དམིགས་པའི་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་ཀྲོ་དྷ་ཡེ༔ གུ་རུ་དྲག་པོའི་གསང་བ་སྲིད་གསུམ་ཟིལ་གནོན་ནི༔ དང་པོ་བདག་དང་ཕུར་པ་མདུན་བསྐྱེད་ཕུར་པ་གཉིས་ཀ་ལྷར་བསྐྱེད་པ་དང་སྤྱན་འདྲེན་མཆོད་བསྟོད་འདོན་འགྲིགས་ལྟར་བྱ༔ དེ་ནས་བདག་མདུན་དཔའ་བརྗིད་འོད་དུ་འབར་ཏེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ན་འགྲན་ཟླ་མེད་དེ༔ དག་པའི་ཞིང་ཁམས་ཀྱི་ཁྲོ་


CMR009_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཞན་རྣམས་ཀྱང་འཇིགས་ཤུམ་ཤུམ་དུ་གྱུར༔ འཇིག་རྟེན་འདི་ཡི་རྒྱལ་བསེན་ལྷ་སྲིན་སྡེ་བརྒྱད་གཟའ་ཀླུ་འགོང་པོ་དམ་སྲི་ཐམས་ཅད་བརྒྱལ་འདརཿ བསྔང་མྱ་སྒྲ་ཙིར་སྒྲས་གང་ཞིང་སྲོག་སྙིང་འབུལ་བཀའ་ཉན་གསུང་སྡོད་དུ་གྱུར་པར་བསྒོམ༔ རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན་ཕུར་པ་ལྷར་གསལ་བའི་ཞལ་དུ་ཞུགས༔ སྐུ་ལུས་བརྒྱུད་ལྟེ་བ་ནས་ཚུར་བྱུང་རང་གི་ཐུགས་ཀར་ཞུགས༔ དེ་ལྟར་བདག་མདུན་གཉིས་ཀྱི་བར་དུ་མགལ་མེའི་འཁོར་ལོ་ལྟར་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་ཁྱབ་སྟེ༔ འོད་ཟེར་ལས་གྲུབ་པའི་ཁྲོ་ཚོགས་དཔག་ཏུ་མེད་པར་གྱུར༔ དེ་དག་ཐམས་ཅད་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ༔ སྐུ་ལས་མེའི་ཚྭ་ཚྭ་དང་མཚོན་ཆ་འཕྲོ་བ༔ གྲངས་མེད་མུ་མེད་པས་འཇིག་རྟེན་ཁམས་ཐམས་ཅད་ཁེངས་ཏེ༔ ཁྲོ་ཆེན་རྣམས་ཐོག་ལྟར་འབེབས་ཁྲོ་ཆུང་རྣམས་རླུང་ལྟར་འཚུབ༔ སེར་རྒོད་ལྟར་འབེབས༔ ཧཱུཾ་དང་ཕཊ་སྒྲས་འཇིག་རྟེན་གཡོ་ཞིང་འགུལ༔ བགེགས་དང་འབྱུང་པོ་རང་ལ་གང་འཚེ་བ་ཐམས་ཅད་མྱ་སྒྲ་ངུ་སྒྲ་ཙིར་ཙིར་ཕྱིའི་ལྕགས་རི་ནག་པོའི་ཕ་མཐར་བསྐྲད་པར་བསྒོམ་ཞིང་ཨ་ཙིག་འབུམ་ལས་མི་ཉུང་བ་བཟླ༔


CMR009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ངན་པ་རྩུབ་མོ་ཅི་བྱུང་ཡང་རྣམ་རྟོག་དང་སྐྲག་འཇིགས་མི་བྱ་བར༔ རང་ཉིད་དྲག་པོ་དངོས་ཡིན་སྙམ་པའི་ང་རྒྱལ་དང་ལྷ་འདྲེ་ཐམས་ཅད་རང་གི་སེམས་ལས་གཞན་ན་མ་གྲུབ་པ་ལྟ་བའི་གདེང་བསྐྱེད༔ གོང་གི་སྔགས་རིང་ལ་འོག་གི་སྔགས་རིང་བཏགས་ལ་ཁྲི་ཚོ་ཙམ་ཅི་འགྲུབ་བཟླ༔ དེ་ཚེ་དམིགས་པ་ཡང་གོང་ལྟར་རོ༔ གཞུང་ལྟར་ཐུལ་རྟགས་བྱུང་ནས་གདོན་ཐམས་ཅད་ཀྱིས་རང་ལ་ཕྱག་འཚལ་ནས་དམ་ལས་འདའ་རེ་གནོད་པ་བྱ་རེ་ན་ར་ཀན་ཞེས་ལན་དགུ་ཟེར་བར་བསྒོམ༔ དེ་ནས་ལས་བྱང་ཚར་གཅིག་ཚོགས་བསྐང་བ་རྒྱས་པ༔ དྲེགས་པ་སྡེ་བརྒྱད་སོགས་སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས༔ བདག་གིས་དྲེགས་པ་ཐུལ་ཞིང་སྲིད་གསུམ་ཟིལ་གྱིས་གནོན་པར་གྱུར་ཅིག༔ ལན་བདུན་བརྗོད༔ དམར་གཏོར་གཅིག་ལ་རྣམ་རྒྱལ་འབར་མ་འདོན༔ ཚད་མདོ་བརྟན་སྐྱོང་ཡང་འབུལ༔ མདུན་བསྐྱེད་ཕུར་བུ་ལ་བསྟིམ༔ དྲག་པོ་དངོས་ཡིན་སྙམ་པའི་གདེང་དང་ལྡན་པས༔ བདག་བསྐྱེད་ཡེ་ཤེས་པ་གཤེགས་པར་གསུངས་ཀྱང་མི་གཤེགས་པར་རང་ལ་


CMR009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་ནས་དམིགས་མེད་དུ་བཞག་པ་ཟབ༔ གཞིན་བྱ་ཚུལ་རྣམས་ནི་གཞུང་ལྟར་རོ༔ ཨ་རཱ་གས་སོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས།no next