Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
གུ་རུ་དྲག་པོའི་ཚེ་དཔག་མེད་སྒྲུབ་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་ཚེ་དཔག་མེད་སྒྲུབ་པའི་འདོན་འགྲིགས།next

གུ་རུ་དྲག་པོའི་ཚེ་དཔག་མེད་སྒྲུབ་པའི་འདོན་འགྲིགས།


CMR010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ཚེ་དཔག་མེད་སྒྲུབ་པའི་འདོན་འགྲིགས་བཞུགས་སོ༔


CMR010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྟ་གོན་གཞུང་ལྟར་བྱས་ལ༔ བགེགས་གཏོར་ནི་ནམ་འདོན་བཏང་བར་བྱ༔ དེ་ནས་ལས་བྱང་ནི༔ ལྷ་བསྐྱེད་ཀྱི་མཇུག་ཏུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཞེས་པ་ཡན་ཆད་བདག་བསྐྱེད་ཡིན་པ་ལ༔ མདུན་བསྐྱེད་ནི༔ ༈ དམིགས་མེད་ངང་ལས་གཏོར་མ་ཚེ་དཔག་མེད༔ མཉམ་བཞག་ཚེ་བུམ་རིན་ཆེན་རྒྱན་གྱིས་སྤྲས་བུམ་པའི་ནང་དུ་ཧཱུྃཨཱཧཱུྃ་ཧཱུྃ་བཞི་བསྒོམ༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས༔ ཞེས་པ་ཡན་ཆད་ལས་བྱང་གཞུང་ལྟར་རོ༔ དེ་ནས་བསྙེན་པའི་སྐབས་སུ༔ མདུན་བསྐྱེད་བུམ་པའི་ནང་དུ་ཧཱུྃཨཱཧཱུྃ་ཧཱུྃ་བཞི༔ བཀྲག་མདངས་དང་


CMR010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཞི་འོད་དང་གཟི་བརྗིད་རྒྱས་པར་གྱུར༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་བཛྲ་ཨཱ་ཡུ་ཥ་ཧཱུཾ་ཧཱུཾ་ཚྭ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཐུན་མཚམས་སུ༔ ཧཱུྃ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ རྒྱལ་བའི་ཐུགས་ཀྱི་གསང་མཛོད་དམ་པ་ནས༔ འགྱུར་མེད་རྡོ་རྗེའི་ཚེ་མཆོག་དམ་པ་སྩོལ༔ སྐལ་ལྡན་བདག་ལ་འཆི་མེད་ཚེ་ཡི་གཏེར༔ སྐུ་གསུང་རྡོ་རྗེའི་དབྱིངས་སུ་བསྐུལ་ནས་ཀྱང་༔ འཆི་མེད་རྡོ་རྗེའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ འཆི་མེད་རྡོ་རྗེའི་བདུད་རྩིའི་ལུས་གང་སྤྱི་བོར་ལུད༔ དྭངས་མ་ཀུན་འདུས་ཡིག་འབྲུ་བཞི་ལ་ཐིམ༔ ཡིག་འབྲུ་བཞི་ཡང་ཉི་


CMR010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གའུ་གྱུར༔ དེ་ཡང་སྙིང་གི་དཀྱིལ་ཞུགས་སྙིང་གི་ཕྱི༔ མི་འགྱུར་རྡོ་རྗེས་རྒྱས་གདབ་རྒྱ་ཡིས་བསྡམས༔ ལོ་བརྒྱའི་བར་དུ་གཡོ་འཇིག་མེད་པར་གྱུར་དེ་ལྟར་ཐུན་བཞིར་ཉམས་སུ་བླངས་པའོ༔ ཞག་བདུན་ནམ་ཉེར་གཅིག༔ ཡང་ན་རྟགས་ཐོན་ནས་ཚེ་གཏོར་གྱི་དབང་བླངས་བ་སོགས་གཞུང་ལྟར་རོ༔ ༈ གུ་རུ་དྲག་པོ་ཚེ་དཔག་མེད་སྒྲུབ་པའི་དམིགས་གསལ་གཞུང་གི་ཚིག་དོན་གསལ་བར་བཀོད་པ༔ རང་ཉིད་གུ་རུ་དྲག་པོར་གསལ་བ་ཡི༔ ཐུགས་ཀར་མཆོད་རྟེན་བུམ་པར་གསང་བའི་བདག༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་གསེར་གྱི་རྡོ་རྗེ་འགྲེང་བ་ཡི་ལྟེ་བའི་ནང་དུ་ཉི་ཟླའི་གའུ་ནང་༔ ཧཱུྃ་མཐིང་ཁོག་པར་ཧྲཱིཿ དམར་དེ་ཡི་ནང་༔ ནི་ལྗང་མིག་ཏུ་ཨཱཝཡིག་དཀར་པོས་མཚན༔ མདུན་བསྐྱེད་ཚེ་གཏོར་ཚེ་དཔག་མེད་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཧྲིལ་སྔགས་གཡས་འཁོར༔ དེ་ཡི་ཕྱག་གི་བུམ་པའི་ནང་དུ་ནི༔ ཧཱུྃ་ཧཱུྃཨཱཧཱུྃ་བཞི་པོ་གོང་ལྟར་གསལ༔ བདག་གི་ཐུགས་ལས་འོད་འཕྲོས་མདུན་བསྐྱེད་ཐུགས་ལ་ཕོག༔ མདུན་བསྐྱེད་སྔགས་འཁོར་དྲག་འཁོར་དེ་ཡི་འོད༔ བུམ་པར་ཕོག་པས་ཡིག་འབྲུ་བཞི་པོ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་


CMR010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཕྲོས༔ སྣང་སྲིད་འཁོར་འདས་ཚེ་དཔལ་བཀྲག་བཅུད་བསྡུས༔ བདག་དང་བུམ་པ་ལ་ཐིམ་བདུད་རྩིས་གང་༔ ཡིག་འབྲུ་བཞི་པོ་བཀྲག་མདངས་འོད་དུ་འབར༔ དེ་ལས་འོད་འཕྲོས་འཇིག་རྟེན་འོད་ཀྱིས་ཁྱབ༔ ལྷ་ཡི་ཚེ་ཀུན་ཨཱཿཡིག་དཀར་པོ་དང་༔ མི་ཡི་ཚེ་ཀུན་ནཾ་ཡིག་ལྗང་གུ་དང་༔ ཀླུ་དང་ལྷ་འདྲེའི་ཚེ་ནི་ཧཱུཾ་མཐིང་གྱུར༔ སངས་རྒྱས་བྱང་སེམས་ཚེ་ཀུན་ཧྲིདམར་གྱུར༔ ཡིག་འབྲུ་བཞི་པོས་འཇིག་རྟེན་ཐམས་ཅད་གང་༔ སླར་ཡང་རང་གི་ཡིག་འབྲུ་བཞི་ལས་འོད་འཕྲོས་པས༔ ཐམས་ཅད་ཚུར་འདུས་བདག་དང་བུམ་པར་ཐིམ༔ བདག་དང་བུམ་པ་ཚེ་བཅུད་བདུད་རྩིས་གང་༔ ཡིག་འབྲུ་ཐམས་ཅད་སྙིང་དབུས་འབྲུ་བཞིར་ཐིམ༔ འབྲུ་བཞི་སྔགས་ལས་གཟི་མདངས་རབ་ཏུ་འབར༔ མདུན་བསྐྱེད་ཕྱག་གི་བུམ་པ་བདུད་རྩིས་གང་༔ དེ་ལྟར་བསྒོམ་ཞིང་བསྙེན་པ་རྩེ་གཅིག་འབད༔ ཐུན་མཐར་མཆོད་ཅིང་གསོལ་འདེབས་བྱས་པ་ཡིས༔ མདུན་བསྐྱེད་ཕྱག་གི་བུམ་པས་དབང་བསྐུར་བས༔ བུམ་པའི་བདུད་རྩི་ཚངས་བུག་ནས་ཞུགས་ཏེ༔ ལུས་གང་དྭངས་མའི་བཅུད་རྣམས་སྙིང་དབུས་ཀྱི༔ ཡིག་འབྲུ་བཞི་ལ་སིབ་སིབ་ཐིམ་པས་གཟི་བརྗིད་འབར༔ ཉི་ཟླའི་


CMR010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གའུ་ཁ་ཡང་དམ་དུ་འགྲིགས༔ གའུ་འོག་གི་རྡོ་རྗེ་རྒྱ་གྲམ་གྱི༔ རྭ་བཞི་ཡར་ལངས་བསྣོལ་མར་རྒྱས་གདབ་བསྒོམ༔ ཐུན་བཞི་དྲག་པོའི་ལས་བྱང་ཚར་བཞི་དང་༔ གསོལ་འདེབས་ལ་སོགས་གཞུང་བཞིན་བྱ་བ་སྟེ༔ གྲོལ་ཁ་གཏོར་མ་སྤྱི་བོར་བཞག་པ་ཙམ༔ དེ་མིན་ཐུན་མཚམས་གྲོལ་ཁ་ཁྱད་པར་མེད༔ མཐར་ནི་མདུན་བསྐྱེད་རང་ལ་བསྟིམ༔ གྲོལ་ཁ་དྲག་པོའི་ཚོགས་ཆད་མདོ༔ བསྡུ་ཆོག་བཀྲ་ཤིས་ཐུགས་སྒྲུབ་ལྟར༔ རཱ་ག་ཨ་སྱས་གསལ་བརྗོད་དེས༔ ཚེ་འདིར་རིག་འཛིན་ཐོབ་པར་ཤོག༔ མངྒ་ལཾ༔ ༈ གུ་རུ་དྲག་པོ་དང་རིགས་བདག་སྣང་བ་མཐའ་ཡས་སྦག་སྒྲུབ་བདེ་བ་ཅན་དུ་སྐྱེ་ཐབས་ཟིན་བྲིས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ༔ ཨོ་རྒྱན་ཆེན་པོའི་ལུང་བྱང་ལས༔ རཏྣའི་ཆོས་སྐོར་ཁམས་དང་གཙང་ཕྱོགས་སུ༔ མ་འོངས་བསྟན་པ་དར་རྒྱས་ལུང་བསྟན་ལྟར༔ དེང་སང་མདོ་ཁམས་ཤར་གྱི་ཕྱོགས་འདི་ན༔ སྔགས་ལ་མོས་པའི་སྐྱ་སེར་ཕལ་ཆེར་གྱིས༔ རཏྣའི་གུར་དྲག་ཡི་དམ་བྱེད་པ་མང་༔ གུར་དྲག་ལས་ལྷག་ཡི་དམ་གཞན་མེད་ཀྱང་༔ མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པ་དང་༔ བདེ་བར་དག་པའི་ཞིང་ཁམས་ཐོབ་པ་ཡི༔ དང་པོ་སེམས་


CMR010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་འདུན་པ་མེད་པ་ཡི༔ སྲུང་ཟློག་ངག་ནུས་ལྷ་འདྲེ་འདུལ་བའི་ཕྱིར༔ བཏོན་པས་ཙན་དན་སོལ་བ་བྱས་པ་ལྟར༔ ཕྱི་མའི་ས་ལམ་ཕན་པ་ཆུང་བར་སོམ༔ རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་ལ་དམིགས་ན༔ ལྷ་འདྲེ་འདུལ་དང་རིག་ནུས་ཞོར་ལ་འབྱུང་༔ དེ་ཕྱིར་ཐོག་མར་སེམས་བསྐྱེད་གཟབ་པ་གཅེས༔ བྱང་ཆུབ་དམིགས་ཀྱང་བྱང་ཆུབ་ཧ་ཐག་རིང་༔ ཤཱཀ་ཐུབ་ཀྱིས་ཀྱང་གྲངས་མེད་གསུམ་འགོར་སྐད༔ རང་རེ་དེ་བས་བརྩོན་འགྲུས་མི་ཆེ་འམ༔ ངན་སོང་སྡུག་བསྔལ་འདི་ཡང་ཡ་རེ་ང་༔ མཐོ་རིས་སྐྱེ་བ་ཁོ་ན་བརྒྱུད་དགོས་ན༔ སྐྱེ་འཆི་གྲངས་མེད་མྱོང་དགོས་དཀའ་བ་ལགས༔ འགའ་ཞིག་ཨོ་རྒྱན་ལ་མོས་རྒྱུ་མཚན་གྱིས༔ ཟངས་མདོག་དཔལ་རིར་སྨོན་ལམ་འདེབས་མོད་ཀྱང་༔ འཇའ་ལུས་རིག་འཛིན་གྲལ་ན་ཚུད་པར་དཀའ༔ དེང་སང་ཁྲོ་བོའི་བསྐྱེད་རིམ་ང་རྒྱལ་དང་༔ ལྷ་འདྲེ་ཐུབ་པ་བྱས་དང་ངན་སོང་སོགས༔ ལས་ཀྱི་རྒྱུ་མཐུན་སྲིན་པོའི་ལུས་སུ་གྱུར༔ ཨོ་རྒྱན་ཞལ་མཐོང་དམ་ཆོས་ཐོབ་མོད་ཀྱང་༔ སྐྱེ་རྒ་ན་འཆི་སྡུག་བསྔལ་འདི་དང་འདྲ༔ དེ་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ༔ སྨོན་ལམ་བཏབ་ན་རྟག་པའི་བདེ་བའོ༔ སྨོན་ལམ་ཁ་


CMR010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་སྔགས་ལ་དམིགས་པའི་གནད༔ བསྒྱུར་ཁ་ཤེས་ན་གུ་རུ་དྲག་པོ་ལས༔ བདེ་བ་ཅན་དུ་སྐྱེ་ཐབས་ཟབ་པ་མེད། ཅི་ཕྱིར་ཞེ་ན་གུ་རུ་དྲག་པོ་འདི༔ འོད་དཔག་མེད་ཀྱི་སྤྲུལ་པའི་ཁྲོ་བོ་ལུགས༔ ཚེ་དཔག་མེད་དང་འོད་དཔག་མེད་པ་དང་༔ སྣང་བ་མཐའ་ཡས་དོན་གཅིག་མཚན་གྱི་གྲངས༔ གུ་དྲག་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རིགས་བདག་སྣང་བ་མཐའ་ཡས་ཁྲོས་པའི་ཧེ་རུ་ཀཿ ཞེས་དང་༔ གུར་དྲག་བདེ་གཤེགས་འདུས་པའི་གཞུང་ཆེན་ལས༔ ཆོས་སྐུ་ཀུན་བཟང་ཐུགས་ལས་མ་གཡོས་ཀྱང་༔ ལོངས་སྤྱོད་རྫོགས་སྐུ་འོད་དཔག་མེད་དུ་ཤར༔ སྤྲུལ་སྐུ་ཨོ་རྒྱན་འགྲོ་བའི་དཔལ་དུ་བྱོན༔ སྐུ་གསུམ་ཡེ་ཤེས་ངང་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཁམས་གསུམ་གནས་ནས་སྟོབས་ལྡན་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀ༔ མཐུ་ཆེན་པདྨ་དབང་ཕྱུག་གཟི་མདངས་ལྡན༔ དྲག་པོ་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ གསུངས་པའི་དོན་ལ་གོ་བ་ངེས་ཤེས་སྐྱེ༔ ༈ དེ་ནས་རྒྱས་པར་གུ་དྲག་ལས་བྱང་འདོན༔ མ་ལྕོགས་དྲག་པོ་གཙོ་རྐྱང་དྲན་རྫོགས༔


CMR010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཻཾ༔ དབུ་གཙུག་བྱ་ཁྱུང་རྭ་བར་ནོར་བུའི་བར༔ ཕལ་ཆེར་ཚེ་དཔག་མེད་པ་བསྒོམ་བཤད་ཀྱང་༔ གསང་སྒྲུབ་གཞུང་ནས་སྣང་མཐའ་མཉམ་བཞག་མཛད༔ སྤྲུལ་སྐུའི་ཆ་ལུགས་བསྒོམ་པར་གསུངས་པའི་ཕྱིར༔ ༈ བྱ་ཁྱུང་རྭ་བར་ནོར་བུའི་རྩེ་མོ་ནས༔ སྐྱེས་པའི་མེ་ཏོག་པདྨ་དམར་པོ་ནི༔ འདབ་མ་སྟོང་ལྡན་ཆེ་ཞིང་ཡངས་པར་བསྒོམ༔ དེ་སྟེང་ཟེའུ་འབྲུ་སངས་རྒྱས་འོད་དཔག་མེད༔ པདྨ་རཱ་གའི་མདོག་ཅན་འོད་ཟེར་འཕྲོ༔ དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས༔ མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ སྐུ་ལ་ཆོས་གོས་ངུར་སྨིག་རྣམ་གསུམ་གསོལ༔ ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་དུ་ནི༔ བཻཌཱུརྱ་ཡི་ལྷུང་བཟེད་བདུད་རྩིས་བཀང་༔ ཐུགས་རྗེས་སྤྱན་གྱིས་བདག་ལ་གཟིགས་པར་བྷེ༔ འདབ་མ་སྟོང་གི་སྟེང་དུ་སངས་རྒྱས་སྟོང་༔ ཆ་ལུགས་ཤཱཀྱ་ཐུབ་པ་འདྲ་བར་བྷེ་དེ་དག་མངོན་རྟོགས་དུས་ནས་གསལ་བར་བསྒོམ༔ སྤྱན་འདྲེན་དུས་སུ་སྤྱན་དྲངས་མཉམ་དུ་བསྟིམ༔ འོན་ཀྱང་དམིགས་པ་དེ་དག་མ་གསལ་རཿ༔ དྲན་རྫོགས་ཉིད་དུ་སླར་ཡང་གསལ་བཏབ་སྟེ༔ སྣང་བ་


CMR010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཐུགས་ཀར་ཟླ་བའི་སྟེང་༔ དྷཱི༔ཡིག་དམར་པོའི་མཐའ་སྐོར་སྔགས་གཡས་འཁོར༔ དེ་ལས་འོད་ཟེར་ནུབ་ཀྱི་ཕྱོགས་འཕྲོས་པས༔ བདེ་བ་ཅན་ནས་རིགས་བདག་སྣང་མཐའ་ཡས༔ སངས་རྒྱས་སྟོང་བཅས་ཡང་ཡང་སྤྱན་དྲངས་བསྟིམ༔ ངེས་པར་སྤྱི་བོར་བཞུགས་པའི་ངེས་ཤེས་བྱ༔ དེ་ནས་བསྙེན་པ་བྱེད་ཚེ་དམིགས་པ་ནི༔ སྣང་བ་མཐའ་ཡས་དཔྲལ་མགྲིན་ཐུགས་ཀ་དང་༔ ལྟེ་བ་གསང་གནས་ལྔ་ནས་འོད་ཟེར་ནི༔ དཀར་དམར་མཐིང་སེར་ལྗང་གུ་ལྔ་འཕྲོས་ཏེ༔ རང་གི་དཔྲལ་མགྲིན་སྙིང་ག་ལྟེ་བ་ནས༔ གསང་གནས་ལྔ་རུ་ཡང་ཡང་ཐིམ་པ་ཡིས༔ དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་པོ་ཡི༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ་བསྒོམ་ཞིང་༔ བསྙེན་པ་འདི་ལ་ཅི་ནུས་བཟླ་བར་བྱ༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཧཱུྃ༔ དེ་ནས་སྒྲུབ་པ་ཚེ་སྒྲུབ་གཉིས་ཀ་ནི༔ འོད་དཔག་མེད་པའི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་དང་༔ ལྷ་ཀླུ་མི་གསུམ་ཀུན་གྱི་ཚེ་བསོད་ནམས༔ འབྱུང་བའི་བཅུད་དང་དྭངས་མ་ཐམས་ཅད་བསྡུས༔ ལྷུང་བཟེད་ནང་


CMR010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་འཆི་མེད་བདུད་རྩིར་གྱུར༔ ཁོལ་ཞིང་ལུད་པས་རང་གི་སྤྱི་བོ་ནས༔ ཚངས་བུག་ཏུ་ཞུགས་ལུས་ཀུན་བདུད་རྩིས་གང་༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་བསྒོམ་ཞིང་༔ ཨོཾ་ཨ་མི་དྷེ་ཝ་སརྦ་སིདྡྷི་ཧཱུཾ༔ ཞེས་པ་ཅི་ཙམ་ནུས་པའི་བར་དུ་བྷེ༔ འདི་ལྟར་སྒོམ་བཟླས་བྱས་པའི་དགེ་བ་འདིས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ཅིང་༔ ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ༔ མེ་ཏོག་པདྨའི་སྦུབས་ལ་བརྫུས་སྐྱེས་ནས༔ སྣང་བ་མཐའ་ཡས་མཆོད་པས་མཉེས་བྱེད་ཤོག༔ ཅེས་བརྗོད་དེ་ལྟར་རྒྱུན་དུ་ཉམས་བླངས་ན༔ ། བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད༔ དེ་ཡང་ཐུན་མགོར་བསྐྱེད་རིམ་གསལ་གདབ་ཕྱིར༔ དང་པོ་རང་ལུས་གུར་དྲག་གསལ་གདབ་ལ༔ ཨ་ཙིག་བདུན་ནམ་ཉེར་གཅིག་བརྒྱ་ལ་སོགས༔ རང་གི་ཅི་ཙམ་འདོད་པ་བཟླས་པའི་རྗེས༔ སྣང་བ་མཐའ་ཡས་ཁོ་ནའི་བསྙེན་པ་བྱ༔ བསྙེན་པ་དང་ནི་སྒྲུབ་པའི་དམིགས་པ་གཉིས༔ མང་ཉུང་ཕྱེད་ཕྱེད་ཙམ་རེ་བྱ་བ་ཡི༔ འདི་ནི་གུར་དྲག་རིགས་བདག་སྦྲག་སྒྲུབ་སྟེ༔ གུར་དྲག་བསྒོམ་ཞིང་ཅུང་ཟད་བཟླས་པ་དེས༔ སྙིགས་དུས་སྡེ་བརྒྱད་གནོད་པ་སྲུང་བའི་མཆོག༔ བསྒྲུབ་པའི་སྔགས་དང་དམིགས་པ་དེ་གཉིས་


CMR010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ ཚེ་སྒྲུབ་མཆོག་ཡིན་ཚེ་ཡི་བར་ཆད་སེལ༔ བསྙེན་པའི་སྔགས་དང་དམིགས་པ་དེ་གཉིས་ནི༔ བདེ་བ་ཅན་དུ་སྐྱེ་བའི་ས་བོན་ཏེ༔ ཕྱི་མ་གར་སྐྱེ་ལས་འབྲས་དབང་ཆེ་བས༔ དེ་ཡིས་བདེ་ཆེན་སྐྱེ་བའི་ལས་འཕྲོ་བཞག༔ འདི་ནི་བླ་མེད་རྫོགས་ཆེན་ལུགས་ཡིན་པས༔ བསྐྱེད་རིམ་བསྡུ་བའི་དམིགས་པ་མི་དགོས་ཏེ༔ སྒོམ་མཁན་སེམས་ཀྱི་ངོ་བོ་བལྟས་པས་འཐུས༔ རང་གི་ཇི་ལྟར་ཉམས་སུ་བླངས་པ་ལྟར༔ ༧ རཱ་ག་ཨ་སྱས་གཞན་ཕན་བསམ་པས་སྨྲས་པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བྲིས༔ ཉེས་འགལ་མཆིས་ན་ཆོས་བདག་སྲུང་མར་བཤགས༔ དགེ་བས་སྔགས་འཆང་འགའ་ལ་ཕན་པར་ཤོག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་ཚེ་དཔག་མེད་སྒྲུབ་པའི་འདོན་འགྲིགས།next