Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
འཇམ་དཔལ་སྐུ་ཡི་སྒྲུབ་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་སྐུ་ཡི་སྒྲུབ་པའི་འདོན་འགྲིགས། next

འཇམ་དཔལ་སྐུ་ཡི་སྒྲུབ་པའི་འདོན་འགྲིགས།


CMR010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྐུ་ཡི་སྒྲུབ་པའི་འདོན་འགྲིགས་བཞུགས་སོ།།


CMR010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གཞུང་ལྟར་ལས༔ ལས་བྱང་ཏིང་འཛིན་རྣམ་གསུམ་བར་དུ་འདོན་ཏེ༔ དེ་ཡང་༔ འཇམ་དཔལ་གཤིན་རྗེ་དྲག་ཤུལ་ཅན༔ གཤིན་རྗེའི་གཤེད་པོ་ཁྲོས་ནས་ནི༔ ཞེས་དང་༔ བདག་ནི་འབར་བ་གཤིན་རྗེའི་བདག་ཉིད་དེ༔ གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས༔ སོགས། ཡ་མཱནྟ་ཀ་སརྦ་ས་མ་ཡ་རུ་ལུ་རུ་ལུ་སོགས་ནས་ཏིང་འཛིན་རྣམ་གསུམ་ཚང་བར་བྱ༔ དེ་ནས་ལས་བྱང་གི་གཞལ་ཡས་ཁང་བསྐྱེད་འདོན་པར་བྱ༔ ༈ སྟོང་པའི་ངང་ལས་རིག་པའི་ངོ་བོ་ཉི་ཟླ་པདྨའི་སྟེང་དུ་ཨོ་སེར་གསེར་ལྡན་ཅིག་གྱུར༔ རྒྱལ་བ་མཆོད༔ སེམས་ཅན་གྱི་ལས་སྒྲིབ་


CMR010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འདུས༔ སྐད་ཅིག་ལ་བདག་ཉིད་འཇམ་དཔལ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་གུར་གུམ་ལྟ་བུ་ལ་དབུ་སྐྲ་ཐོར་ཚུགས་སུ་ཡོད་པ༔ རིན་ཆེན་འབྱུང་ལྡན་སྤྱི་བོར་བརྒྱན་པ༔ ཁྲོས་ཤིང་རྔམས་པའི་ཚུལ་ཅན་ནོ༔ རིན་པོ་ཆེ་དང་སྤྲུལ་དང་ཐོད་ཕྲེང་གིས་བརྒྱན་པ༔ ཞིང་དང་གླིང་ཆེན་གྱི་སྟོད་གཡོགས་པ༔ སྟག་ལྤགས་ཀྱི་ཤམ་ཐབས༔ རཀྟའི་ཐིག་ལེ༔ ཞག་གི་ཟོ་རིས༔ ཐལ་ཆེན་གྱི་ཚོམ་བུ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་བ༔ གཡོན་པས་


CMR010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ཞགས་དང་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ༔ ཞབས་གཉིས་ཆུ་གླང་དང་ཉི་ཟླ་པདྨའི་གདན་ལ་འདོར་ཐབས་སུ་བསྒྲད་པ༔ དེའི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་ལྟེ་བར་ཨོ་མཐིང་ནག་གི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བར་གྱུར༔ འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བདག་དང་དཀྱིལ་འཁོར་དང་ཕུར་པ་ལ་གཉིས་སུ་མེད་པར་ཐིམ༔ ༈ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྐུ་མཆོག་འཇམ་དཔལ་གཤེགས་སུ་གསོལ༔ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ སོགས་མན་ཆད་སྤྱན་འདྲེན་ཚང་བར་འདོན༔ གུ་རུ་ཡ་མཱནྟ་ཀ་དྷེ་ཝ་སོགས་ནས། གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཁྲོ་རྒྱལ་དྲེགས་འཇོམས་གཤིན་རྗེའི་ལྷ་ཚོགས་རྣམས༔ སོགས། འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས་ནས་མཆོད་པ་གཞུང་ལྟར་རོ༔ དེ་ནས་བསྟོད་པ་ནི༔ རྣམ་རྒྱལ་འབར་བའི་འཇམ་དཔལ་བསྟོད་པ་བྱའོ༔ བཤགས་པ་ནི༔ ཧཱུྃ༔ འཇམ་དཔལ་སྐུ་མཆོག་རིག་འཛིན་ལྷ་ཡི་ཚོགས༔ ཡ་མཱན་ཀ་བཛྲ་ས་ཏཱ་སོགས། གསོལ་འདེབས་ནི༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཡང་རྫོང་ཤེལ་གྱི་བྲག་ཕུག་ནས༔ འཇམ་དཔལ་སྐུ་


CMR010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དངོས་གྲུབ་བརྙེས༔ སངས་རྒྱས་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ འཇམ་དཔལ་ལྷ་ཚོགས་བྱིན་ཕོབ་ཅིག༔ མན་ཆད་བྱིན་འབེབས་ཚང་བར་བྱ༔ གཞན་རྣམས་གཞུང་ལྟར་རོ༔ ༈ འཇམ་དཔལ་སྐུ་ཡི་སྒྲུབ་པའི་འཛབ་དགོངས་གསལ་བྱེད་བཞུགས་སོ༔ དང་པོ་ནས་བདག་མདུན་དུས་གཅིག་ལ་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་བྱ༔ བཤགས་པ་གསོལ་འདེབས་འདོན་འགྲིགས་ལྟར་ཚར་ནས༔ ༈ བདག་མདུན་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གདན་ལ་པད་ཉི་སྟེང་དུ༔ ཨོཾ་མཐིང་ནག་གི་མཐའ་མར་སྔགས་ཕྲེང་རྣམས་ལངས་ཏེ་གནས་པ༔ དེ་ཡང་བྲི་ཡན་གྱི་སྔགས་རྣམས་སེར་པོ༔ ཡ་མཱནྟ་ཀ་མན་ཆད་མཐིང་ག༔ ཨོ་མི་འགུལ་སྔགས་ཕྲེང་རྣམས་གཡས་སུ་ཀྱི་ལི་ལི་འཁོར་བ༔ དེ་ལས་འོད་ཟེར་སེར་པོ་ཅུང་ཟད་ནག་པའི་མདངས་ཅན་འཕྲོས༔ སངས་རྒྱས་ཐམས་ཅད་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་བསྟིམ༔ ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ ཐམས་ཅད་འཇམ་དཔལ་


CMR010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོ་འཕང་ལ་བཀོད༔ དེ་དག་གི་སྟོབས་དང་བསོད་ནམས་བསྡུས་ནས་རང་ལ་བསྟིམ༔ དེ་ལྟར་བསྒོམ་ཞིང་ཞག་གསུམ་ཙམ་བཟླས་པ་བསྙེན་པ༔ དེ་ནས༔ རང་གི་ཐུགས་ཀའི་འོད་ཟེར་དེ་བདག་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར༔ ཐུགས་རྒྱུད་དྲག་ཏུ་བསྐུལ༔ འོད་ཟེར་ལྟེ་བ་ནས་ཚུར་བྱོན༔ རང་གི་ལྟེ་བ་ནས་ཐུགས་ཀར་ཐིམ༔ ཕར་མཆོད་པའི་ཚུལ༔ ཚུར་དངོས་གྲུབ་ཀྱི་ཚུལ་དུ་བྷེ༔ དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་དུ་བྷེ༔ བདག་མདུན་བར་དུ་ཀྱི་ལི་ལི་འཁོར་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཇིག་རྟེན་ཁྱབ་པར་འཕྲོས་༔ སངས་རྒྱས་བྱང་ཆུབ་སེམས་དཔོའ་ཐམས་ཅད་མཆོད༔ དེ་དག་འཇམ་དཔལ་གྱི་སྐུར་གྱུར་ནས༔ ཆར་ལྟར་བབ་སྟེ་བདག་དང་མདུན་བསྐྱེད་ལ་ཐིམ༔ སེམས་ཅན་ཐམས་ཅད་འཇམ་དཔལ་གྱི་སྐུར་གྱུར་ནས་སྔགས་བཟླ་རོགས་བྱེད་པར་བསྒོམ་ཞིང་༔ ཞག་བཞི་ཙམ་བཟླ༔ དེ་ནས་ཚོགས་དང་དྲག་པོའི་བསྐང་བ་རྒྱས་པ་བྱ༔ ཆད་མདོ་བརྟན་སྐྱོང་ཕུལ༔ ཕུར་པ་དེ་འཇམ་དཔལ་དངོས་སུ་བསམས་ལ༔ ༈ ཧཱུྃ༔ ཤེས་རབ་མཁྱེན་ལྡན་ལྷ་ཡི་མཆོག༔ འཇམ་དཔལ་ཡེ་ཤེས་


CMR010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྐུ༔ ཤེས་རབ་ཡེ་ཤེས་ཀུན་མཁྱེན་དབང་༔ སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་མཇུག་ཏུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་བཞིར་གཏུགས་ལ་འཇམ་དཔལ་སྐུ་ཡི་དངོས་གྲུབ་ཐོབ་པར་བསྒོམ༔ མདུན་བསྐྱེད་ཀྱི་ལྷ་ཕུར་པ་ལ་བསྟིམ༔ བདག་བསྐྱེད་མཐའ་ནས་དབུས་སུ་ཡལ་ཏེ་ཐུགས་ཀའི་ཨོ་ལ་བསྟིམ༔ ཨོཾ་སྟོང་པར་ཡལ་ནས་ཉམས་ལེན་སྐྱོང་༔ ཕུར་པ་དར་གྱིས་དཀྲིས་ལ་ཡུད་ཙམ་སྙིང་གར་བཅངས༔ དེ་ནས་དད་རྟེན་བྱ་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་སྐུ་ཡི་སྒྲུབ་པའི་འདོན་འགྲིགས། next