Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
ཡཀྴ་མེ་དབལ་གྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡཀྴ་མེ་དབལ་གྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས།next

ཡཀྴ་མེ་དབལ་གྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས།


CMR010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྴ་མེ་དབལ་གྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས་བཞུགས་སོ༔


CMR010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་ནི་གཞུང་ལྟར་ལས༔ ལས་བྱང་གི་གཞལ་ཡས་ཁང་ཡན་ཆད་འདོན༔ ཕོ་བྲང་ཨེ་ཡི་དཀྱིལ་འཁོར་དུ༔ མེ་དཔུང་དམར་ནག་འབར་བའི་ཀློང་ནས་བདུད་བཞི་ཉི་ཟླའི་སྟེང་དུ༔ རིག་པའི་ངོ་བོ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར༔ འོད་ཟེར་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཁྲོ་རྒྱལ་ཡཀྵ་མེ་དབལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རབ་ཏུ་ཁྲོས་པའི་ཚུལ་ཅན་གཡས་པས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཁ་གདེངས་པ་ནམ་མཁར་ཕྱར་བ༔ གཡོན་པས་སྡིག་པ་དང་ཞགས་པ་མེའི་ཐོ་བ་འཛིན་པ༔ རབ་ཏུ་གཏུམ་ཞིང་འཇིགས་པའི་ཞལ་གདངས་


CMR010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལྗགས་ལས་གློག་འཁྱུགས་པ༔ ཨག་ཚོམ་སྨྲ་ར་ལས་མེའི་ཚྭ་ཚྭ་འཕྲོ་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ བ་སྤུའི་བུ་ག་ཐམས་ཅད་ནས་ལྕགས་ཀྱི་སྡིག་པས་གཏམས་པ༔ ཞབས་བརྐྱང་བསྐུམ་འདོར་ཐབས་སུ་བསྒྲད་པ༔ མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས་པ༔ མེའི་ཀློང་ནས་ཁྲོ་ཆུང་མང་པོ་རླུང་ལྟར་འཚུབ་པ༔ སེར་རྒོད་ལྟར་འབེབས་པར་གྱུར༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་མཐིང་ནག་གི་དབུས་སུ་ཧཱུྃ་ནག་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས་ཡེ་ཤེས་པ་སྤྱན་དྲངས༔ བདག་དང་ཕུར་པ་ལ་ཡང་


CMR010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟིམ༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དབང་བསྐུར༔ ཁྲོ་རྒྱལ་ཀུན་འདུས་ཀྱི་མཐུ་དང་ལྡན་པར་གྱུར༔ ༈ རྩུབ་འགྱུར་མེ་ཡི་འཁྲུག་ཀློང་ནས༔ ཡཀཱ་མེ་དབལ་གཤེགས་སུ་གསོལ༔ རང་བཞིན་གཞལ་ཡས་སོགས་སྤྱན་འདྲེན་ཚང་བར་བྱ༔ བཛྲ་ཡཀཱ་ཀྲོ་དྷ་དྷེ་ཝ་ཌཱཀྐི་ནི་སོགས། ཁྲོ་རྒྱལ་དྲེགས་འཇོམས་མེ་དབལ་ལྷ་ཚོགས་རྣམས༔ སོགས། ཧཱུྃ༔ དྲག་པོ་མེ་དབལ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས། མཆོད་པ་གཞུང་ལྟར་རོ༔ བསྟོད་པ་ནི་རྣམ་རྒྱལ་འབར་བའི་ཡཀཱ་མེ་དབལ་བསྟོད་པ་དེ་བྱ༔ བཤགས་པ་ནི༔ ཡཀཱ་མེ་དབལ་རིག་འཛིན་ལྷ་ཡི་ཚོགས༔ སོགས་རྗེས་རྣམས་གཞུང་ལྟར་རོ༔ ཞེས་པ་འདི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་༧ ཨ་རཱ་གས་བསྒྲིགས་པའོ༔ ༈ ཡཀཱ་མེ་དབལ་གྱི་དམིགས་རིམ་འཛབ་དགོངས་གསལ་བྱེད་བཞུགས་སོ༔ ༈ མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་ནས༔ འདོན་འགྲིགས་ལྟར་ཚར་རྗེས༔ བདག་མདུན་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་ཁྲོ་བོ་ཁྲོ་མོ་ཐམས་ཅད་མཆོད༔ འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་ཚར་


CMR010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཅད༔ དེ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་བསྡུས་ནས་བདག་མདུན་ལ་ཐིམ༔ དེ་ལྟར་བྷེ་ཞིང་བཟླ་བ་བསྙེན་པ༔ རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་དེ་ལས་སྔགས་ཕྲེང་འཕྲོས༔ ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀ་བརྒྱུད་ལྟེ་བ་ནས་ཚུར་བྱོན༔ རང་གི་ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་མིན་དབང་དྲག་རོལ་པའི་དཀྱིལ་འཁོར་ཡཀཱ་མེ་དབལ་དང་རི་རབ་ཀྱི་རྩེ་ཅོག་བཞི་ནས་གནོད་སྦྱིན་ཡཀཱ་མེ་དབལ་དཔག་ཏུ་མེད་པ་སྤྱན་དྲངས༔ བདག་དང་ཕུར་པ་ལ་ཡང་ཡང་བསྟིམས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་དབང་བསྐུར་ནས་ཁྲོ་རྒྱལ་ཀུན་འདུས་ཀྱི་མཐུ་ནུས་དང་ལྡན་པར་བསྒོམ་ཞིང་བཟླ་བ་ནི་སྒྲུབ་པ་ཡིན་ལ༔ རྩ་སྔགས་རང་ལ་སུམ་འབུམ་ཉི་ཁྲི་ཡང་ན་ཞག་དྲུག་བཟླ༔ དེ་བྱེད་ན་ཞག་གསུམ་བསྙེན་པ་ཞག་གསུམ་སྒྲུབ་པ༔ ༈་དེ་ནས་རང་གི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་མེ་འབར་བས་ལུས་ཀྱི་ནད་གདོན་ཐམས་ཅད་བསྲེག༔ བ་སྤུའི་བུ་ག་ནས་ཕྱིར་འབར་འཇིག་རྟེན་ཐམས་ཅད་མེས་ཁེངས་རང་ལ་གནོད་པའི་རྒྱལ་བསེན་དམ་སྲི་གདུག་པ་ཅན་ཐམས་ཅད་མྱལ་སྒྲ་ཙིར་ཙིར་


CMR010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་པར་བསྒོམ་པ་དང་༔ ཡང་སྔགས་ཀྱི་འོད་ཟེར་ལས་འཇིག་རྟེན་ཁམས་ཐམས་ཅད་མེ་འབར་བ་ལས༔ མེའི་ཀློང་ནས་ཧཱུྃ་གིས་གང་ཧཱུཾ་ཐམས་ཅད་ཡཀྵ་མེ་དབལ་དུ་གྱུར༔ དེ་ཐམས་ཅད་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་སྐུ་ལས་མེ་འབར་བས་མེའི་འཁོར་ལོ་ལྟར་འཁྲུགས་པས་གནོད་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བསད་བཅད་ཟོས་གདོན་ཐམས་ཅད་ཐལ་བར་བརླག་སྟེ༔ འཇིག་རྟེན་མྱལ་སྒྲ་དང་ངུ་སྒྲས་གང་༔ ལྕགས་ཀྱི་སྡིག་པ་མང་པོས་ཀྱང་ངར་ཞིང་འབྲད༔ མྱལ་མྱལ་ཟོས་སྣང་སྲིད་ཐམས་ཅད་ཡཀྵ་མེ་དབལ་ལྕགས་སྡིག་གི་རང་བཞིན་ལ་གནོད་བྱེད་ཐམས་ཅད་མིང་ཡང་མི་གྲགས་པར་བསྒོམ་ཞིང་༔ རྩ་སྔགས་མཇུག་ཏུ་གནོད་བྱེད་གདོན་བགེགས་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ༔ ཞེས་བཏགས་པ་བཟླ་བ་ལས་སྦྱོར་ཏེ་ཞག་བདུན་བྱེད་ན་འདི་ཞག་གཅིག་ཡིན༔ གོང་དུ་སུམ་འབུམ་ཉི་ཁྲི་བཟླས་འདི་ལ་སུམ་ཁྲི་ཉིས་སྟོང་ཙམ་བཟླས་འོན་ཀྱང་རྟགས་གཙོ་ཆེ་བས་ཐུལ་རྟགས་བྱུང་ན་སྔགས་དང་དམིགས་པ་ཀློད་གདོན་རྣམས་ཐལ་མོ་སྦྱར་ནས་ཆོས་ཉན་པར་བསྒོམས་ལ༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ སོགས་བརྗོད་པས༔ ཁོ་ཞེ་སྡང་ཞི་ནས་བདག་ལ་གུས་པར་བསམ༔ ཕྱིན་ཆད་


CMR010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མ་བྱེད་དང་བདག་གིས་གསོ་བར་བྱའོ་ཞེས་བཀའ་བསྒོས་ནས་སྔོན་འགྲོ་དཀར་བགེགས་གཉིས་ཕུལ༔ གུ་དྲག་གི་བཀའ་བསྒོ་མཚམས་གཅོད་གཉིས་བྱ༔ སླར་ཚོགས་དང་བསྐང་བ་རྣམ་རྒྱལ་འབར་བ་ཆད་མདོ་བརྟན་སྐྱོང་རྣམས་བྱ༔ མདུན་བསྐྱེད་ཕུར་པ་ལ་བསྟིམ༔ བདག་བསྐྱེད་སྟོང་པར་བསྡུས་གོང་དུ་བསྙེན་སྒྲུབ་ཚེ་ཡུངས་ཀར་མང་ཞིག་སྔགས་ལ་དེའི་ཐུམ་པོ་ཕུར་པའི་མགུལ་དུ་བཏགས༔ ཤ་རྩིས་སམ་ཕྱིང་ཁུག་ཏུ་བཅུག་རང་གི་དྲུང་དུ་འཆང་༔ དགོས་དུས་རང་ཉིད་དྲག་པོའི་ང་རྒྱལ་གྱིས༔ ཕུར་པ་མེ་དབལ་དུ་བསྐྱེད་དོ༔ གདེངས་བས་དེ་ལས་མེའི་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས༔ གདོན་དང་འབྱུང་པོ་ཐམས་ཅད་ནམ་མཁའི་ཕར་མཐར་བྲོས་བར་བྷེ༔ ནཱ་ག་རཱ་ཙ་ཞེས་སོགས་སྔགས་རིང་བཏགས་ལ་བཟླ༔ དེ་སོགས་ལས་ཚོགས་རྣམས་གཞུང་དུ་གསལ་ལོ༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡཀྴ་མེ་དབལ་གྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས།next