Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
རཱ་ག་ཨ་སྱས་བསྒྲིགས་པ་ཡི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་བྱང་དང་གཏོར་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརཱ་ག་ཨ་སྱས་བསྒྲིགས་པ་ཡི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་བྱང་དང་གཏོར་ཟློགnext

རཱ་ག་ཨ་སྱས་བསྒྲིགས་པ་ཡི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་བྱང་དང་གཏོར་ཟློག


CMR010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ག་ཨ་སྱས་བསྒྲིགས་པ་ཡི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་བྱང་དང་གཏོར་ཟློག་བཞུགས་སོ༔


CMR010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་ཁྲོ་དམར་པོ་ལས་འོད་ཟེར་འཕྲོས་ཀླུ་གཉན་ས་བདག་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས༔ ཁྲོ་ཡོངས་སུ་གྱུར་པ་ལས༔ བདག་མདུན་བྱ་ཁྱུང་དམར་པོ༔ མེའི་མདོག་ཅན༔ གཤོག་པ་གཡུ༔ མཆུ་སྡེར་གནམ་ལྕགས་ལས་གྲུབ་པ་སྤྱི་བོར་ནོར་བུའི་བརྒྱན་ཅིང་༔ སྦྲུལ་རིགས་ལྔ་ཡི་མགོ་ཁར་བཅུག་ཅིང་ཟ་བ༔ དེའི་ལུས་ལ་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་ནས༔ ཏོང་ཏོང་གི་སྒྲ་བཏོན་པས༔ ཀླུ་རིགས་གཉན་རིགས་ས་བདག་ཐམས་ཅད་སྙིང་འདར་བར་གྱུར༔ ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་


CMR010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ཤིང་གི་སྡོང་པོ་ནས༔ འཇིགས་བྱེད་སྲིད་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་གིས་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔལ་ཆེན་བཅོམ་ལྡན་འདས༔ གང་འདུལ་ཐབས་ཀྱིས་བྱ་ཁྱུང་སྐུ་རུ་སྤྲུལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་སྦྱོར༔ གནམ་ལྕགས་ངར་མའི་མཆུ་སྡེར་ཕྱར་བ་ཡིས༔ ས་བདག་ཀླུ་གཉན་འདར་ཞིང་འཇིགས་པར་བྱེད༔ ཁྲོ་ཆུའི་རལ་པ་བསྐལ་པའི་མེ་ཆེན་འབར༔ གཤོག་པ་གསེར་གྱི་རལ་གྲི་མེ་དཔུང་འབར༔ སྣང་སྲིད་མ་ལུས་ཟིལ་གྱིས་


CMR010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་བྱེད༔ མཇུག་མ་གཡུ་ཡི་མཚོན་ཆ་རལ་གྲི་ཁ༔ འཁོར་ལོ་རིན་ཆེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྔོན་གྱི་ཐུགས་དམ་ལས་མངག་པ་ཡི༔ སྤྱན་ནས་ཁྲག་གི་རྦ་རླབས་ཀྱི་ལི་ལི༔ ཁྱུང་སྐད་ཏོང་ཏོང་ཀླུ་རྣམས་སྲོག་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ཚོགས་པོར་འཕེན༔ གཤོག་པ་གཡོན་པས་ས་གཞི་གདར་ཤ་གཅོད༔ ལྕགས་སྡེར་བསྒྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབས་པས་གཟའ་ཀླུ་དབང་དུ་སྡུདཿ༔ སྤུ་གྲིའི་མཆེ་གཙིགས་གནམ་ལྕགས་ངར་མོའི་མཆུ༔ ཀླུ་ཆེན་བརྒྱད་པོ་འདར་ཞིང་ལས་ལ་ཁོལ༔ བྱང་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་བསྒྲུབ་བོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་རྩལ་མ་ཞེན༔ ཀླུ་གདོན་བཟློག་ཅིང་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཐུགས་དམ་མ་གཡེལ་གནས་འདིར་གཤེགས་སུ་གསོལ༔ ཨོ་ཁྲོ་གྷ་རུ་ཎ་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དུར་ཁྲོད་ཆེན་པོ་མེ་ཀློང་འབར་བའི་དབུས༔ ཁྱུང་ཆེན་རོལ་པའི་དཀྱིལ་འཁོར་ཆེན་


CMR010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདིར༔ ཁྲོ་རྒྱལ་དྲེགས་འཇོམས་ཁྱུང་གི་ལྷ་ཚོགས་རྣམས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ཁྲོ་ག་རུ་ཎ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དྲག་པོ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་རྣམས༔ ཧཱུྃ་སྒྲ་སྒྲོག་ཅིང་བགེགས་རྣམས་འདུལ་མཛད་ལྷ༔ འབར་བའི་ཁྲོ་རྒྱལ་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ལ༔ མེ་ཏོག་དང་ནི་བདུག་སྤོས་དང་༔ མར་མེ་དྲི་དང་ཞལ་ཟས་དང་༔ སིལ་སྙན་ཡིད་འོང་མཆོད་སྤྲིན་རྣམས༔ ཀུན་བཟང་བླ་མེད་མཆོད་པའི་སྤྲིན༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ ཨོ་བཛྲ་ཨགྷཾ་སོགས། ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཕུང་པོ་ལྔ་ཉིད་ཡེ་ཤེས་ལྔ༔ འདོད་ཡོན་གླུ་གར་མཆོད་ཡིད་ཚིམ༔ རྣམ་དག་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་པཉྩ་པཱ་ཙ་ཧོ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ གཉིས་མེད་སྦྱོར་བའི་འཕྲོ་འདུ་ལས༔ བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ༔ ཐབས་ཤེས་བདེ་བ་ཆེན་པོར་བཞེས༔ མ་ཧཱ་མུ་དྲ་ས་མ་ཡ༔ གུ་ཧྱ་པཱུ་ཙ་ཧོ༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་


CMR010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫ་ས༔ རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ངོ་མཚར་རྨད་བྱུང་ཡེ་ཤེས་མཆོག༔ ཁྱུང་ཆེན་འབར་བའི་ཚོགས་རྣམས་ལ༔ མཉམ་ཉིད་ཆེན་པོར་འབུལ་ལགས་ན༔ ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ༔ བཞེས་ནས་རྣལ་འབྱོར་བདག་ཅག་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧི༔ ཧཱུྃ༔ དམ་རྫས་གཏོར་ཆེན་འབར་བ་འདི༔ བརྗིད་ལྡན་རོ་མཆོག་བརྒྱད་དང་ལྡན༔ འདོད་ཡོན་ལྷ་མོའི་ཚོགས་ཀྱིས་སྤྲས༔ ཡེ་ཤེས་རྒྱ་མཚོའི་མཆོད་སྤྲིན་འདི༔ ཁྱུང་དམར་མེ་ཕྲེང་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མ་རིག་ལོག་རྟོག་འཁྲུལ་པ་ཡི༔ ཞིང་བཅུ་གདུག་པའི་རུ་དྲ་བསྒྲལ༔ ལྕང་ལོར་བཅས་པའི་བྷན་དྷ་རུ༔ ཁམས་གསུམ་བསྒྲལ་བའི་རཀྟ་བསྐྱིལ༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡང་དག་དོན་རྟོགས་ཤེས་རབ་


CMR010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ གཟུང་འཛིན་གདུག་པའི་དགྲ་བགེགས་བསྒྲལ༔ རྒྱལ་བའི་ཚོགས་རྣམས་དེ་ལ་དགྱེས༔ ཆོས་དབྱིངས་རོལ་པའི་མཆོད་པ་བཞེས༔ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་པྲ་ཝེ་ཤ་ཡ་ཁཱ་ཧི༔ ཧཱུྃ༔ ས་བོན་ཁྲོ་ལས་མེ་ཡི་བྱ་ཁྱུང་ནི༔ མཁའ་ལྡིང་འཇིགས་བྱེད་རྒྱལ་པོ་གྷ་རུ་ཎ༔ གནམ་ལྕགས་ཁྲོ་ཆུ་ཞུན་མའི་ལུས་པོ་ལ༔ རྡེབ་བྱེད་མེ་ཡི་གཤོག་པ་ལྷབས་སེ་ལྷབ༔ འཇིགས་བྱེད་རྡོ་རྗེའི་སྡེར་མོ་ལྗིབས་སེ་ལྗིབ༔ རྡུང་བྱེད་ཟངས་ཀྱི་རྭ་ནི་ཟངས་སེ་ཟང་༔ གསེར་གྱི་སྤྱན་མིག་འབར་བ་ཀྱི་ལི་ལི༔ གནམ་ལྕགས་རྡོ་རྗེའི་མཆུ་ནི་ཐམས་སེ་ཐམ༔ འཇིགས་བྱེད་གློག་དམར་ལྕེ་ནི་ལྗིབས་སེ་ལྗིབ༔ དུང་གི་སྤུ་གྲིའི་སོ་ནི་ཐམས་སེ་ཐམ༔ རིན་ཆེན་སྣ་ཚོགས་སྤུ་ནི་སྤྲུག་པ་ལས༔ གནམ་ལྕགས་རྡོ་རྗེའི་སེར་རྒོད་ཤ་ར་ར༔ ཀླུ་རིགས་སྦྲུལ་མགོ་ལྔ་ནི་ཁར་བཅུག་ནས༔ ལག་པས་བཟུང་ཞིང་རྒྱ་མཚོའི་སྟེང་ནས་འདྲེན༔ ཀྲང་ཀྲི་སྒྲ་སྒྲོག་འཇིག་རྟེན་རླབས་ཀྱིས་གཅོད༔ གཤོག་པ་གཡས་པས་རི་རབ་ཐལ་བར་བཤིགས༔ གཤོག་པ་གཡོན་པས་ཉི་ཟླ་ཐང་ལ་འཕེན༔ ནོར་བུ་རིན་ཆེན་འབར་བས་དབུ་ལ་བརྒྱན༔ ཁྲོ་རྒྱལ་དག་དང་དགོངས་པ་


CMR010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞུགས༔ མཁའ་ལྡིང་ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ གནོད་བྱེད་ས་བདག་ཀླུ་གཉན་བསྒྲལ་དུ་གསོལ༔ ཐུགས་དམ་དབང་གིས་བཅོལ་བའི་ཕྲིན་ལས་མཛོད༔ དེ་ནས་སྐབས་དེར་བསྙེན་པ་གཅིག་བྱ༔ ཨོ་ཁྲོ་གྷ་རུ་ཎ༔ ནཱ་ག་ལེ༔ དུ་པ་ལེ༔ པ་ཏཾ་ཏེ༔ ཀུ་རུ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་ཛ་ཛ་ཛ༔ ཕཊ་ཕཊ་ཕཊ༔ དེ་ནས་ལིངྒ་དང་གཏོར་མ་ལ་བཀུག་གཞུག་བྱས་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་༔ ཁྱུང་ཆེན་འབར་བའི་བདེན་པ་དང་༔ བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཀླུ་གཉན་ས་བདག་གང་ཡིན་པ་ཐམས་ཅད་ལིངྒ་དང་གཏོར་མ་འདི་ལ་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཛ་ཛ་ཛ༔ བཛྲ་པཱ་ཤ་ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ་ཐཾ་ཐཾ༔ བཛྲ་གནྡྷེ་ཧོ་ཧོ་ཧོ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨ་ཨ༔ རྒྱབ་རྟེན་ཐམས་ཅད་པྲ་ཝེ་ཤ་ཡ་ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་སྤྲུལ་པའི་ཁྱུང་༔ སྲས་དང་སྤྲུལ་པ་དཔག་མེད་ཀྱི༔ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་རྭ༔ དམ་ཅན་ཕྱག་མཚན་མཚོན་ཆ་ཡིས༔ གནོད་བྱེད་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ རྩ་སྔགས་ལ༔ ཨོཾ་ན་མོ་བྷངྒཱ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨ་ཡ་


CMR010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་དུ་རུ་ཙ་ཤ་ན༔ ནཱ་ག་དུན་ཙན་ཙནྡྷེ་མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ མཱ་ར་ཡ་ཛྭ་ལ་རཾ༔ མཱ་ར་ཡ་ཕཊ༔ ཅེས་བསྒྲལ༔ ཧཱུྃ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ ཀླུ་གཉན་ས་བདག་ནད་འདྲེ་གཅོང་སྲི་སོགས༔ དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཞལ་དུ་བསྟབས༔ ཐུགས་རྗེའི་དབང་གིས་བཞེས་ནས་བར་ཆད་སོལ༔ ཨོ་ཁྲོ་གྷ་རུ་ཊ་གནོད་བྱེད་ཀླུ་གཉན་ས་བདག་གི་ཚྭ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བཱ་སུ་ཏ་ལ་ཁཱ་ཧི༔ ཀེ་ནི་རི་ཏི་ལ་ཁཱ་ཧི༔ ཧཱུྃ༔ ཁྱུང་དམར་མེ་ཕྲེང་སྤྲུལ་པའི་བྱ་ཁྱུང་འགྱེད༔ ཡང་སྤྲུལ་ཁྱུང་གིས་སྟོང་གསུམ་འཇིག་རྟེན་གང་༔ ག་རུ་ཊ་ཡི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཁྱུང་ཆེན་འབར་བ་མེ་ཕྲེང་ཐོད་རྒོད་ཀྱི༔ ཁྱུང་གི་རལ་ནག་སྤུག་པ་ཡིས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུག༔ གཞན་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་གང་༔ གཡས་ཀྱི་གཤོག་ཟུར་ལྔ་པོ་ལས༔


CMR010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གི་ཁྲོ་བོ་བཅུ་དང་ནི༔ གསང་བའི་ཁྲོ་མོ་བཅུ་རུ་འབར༔ སྤྱི་དཔལ་ཁྲོ་བོ་བཅུ་དང་ནི༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ ཏ་ཀྲིཏ་ཁྲོ་བོ་བཅུ་དྲུག་ཤར༔ ལྟས་ངན་མི་རུང་སྣ་དགུ་ཡང་༔ བཟློག་གོ་ཁྱུང་ཆེན་འབར་བས་ཟློག༔ བསྒྱུར་རོ་ཆག་ཆེན་དགྲ་ལ་སྒྱུར༔ གཡོན་གྱི་གཤོག་ཟུར་ལྔ་པོ་ལ༔ སྲོག་རྩ་མ་མོ་སྤུན་བདུན་ཤར༔ ཨེ་ཀ་དྲག་མོ་སྤུན་དྲུག་སྤྲུལ༔ སྲིན་མོ་འབར་བ་སྤུན་བདུན་ཤར༔ གདོང་མོ་བཞི་དང་རྒྱལ་མོ་ལྔ༔ དབང་མོ་ཉེར་བརྒྱད་སྤྲུལ་པའི་ཁྱུང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ གློ་བུར་དགུ་ཅུ་རྩ་གཅིག་ཟློག༔ བཟློག་གོ་སྡང་བའི་དགྲ་ལ་ཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་སྒྱུར༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ། རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པའི་མ་མོ་བརྒྱད་དུ་ཤར༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ བཟློག་གོ་ཁྱུང་ཆེན་འབར་བས་ཟློག༔ བསྒྱུར་རོ་ཆག་ཆེན་དགྲ་ལ་སྒྱུར༔ དགྲ་བགེགས་གཤེད་ཅན་བྱ་ཁྱུང་རྒྱལ་པོ་ཡིས༔ ལྟས་ངན་མ་ལུས་བཟློག་ཅིང་བསྒྱུར་བ་དང་༔ ལྟས་ངན་མི་ལུས་ཟློག་པའི་དུས་ལ་བབ༔ བཟློག་གོ་ལྟས་ངན་ཐམས་


CMR010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དགྲ་ལ་ཟློག༔ བསྒྱུར་རོ་ཆག་ཆེན་ཉམ་ང་བགེགས་ལ་སྒྱུར༔ ཁྲོ་རྒྱལ་མ་ལུས་འཁོར་དང་བཅས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་སྒྲོག༔ ཟངས་ཁྲབ་གསོལ་ནས་མདུང་མར་ཐོགས༔ བ་དན་རྩེ་གསུམ་གཡབ་པའི་ཚེ༔ ལྷ་སྲིན་དབང་སྡུད་དགྲ་བགེགས་གསོད༔ བདུད་དཔུང་འཇོམས་ཤིང་སྲོག་དབུགས་དབང་༔ མདུང་དམར་དབལ་གྱིས་ལོག་འདྲེན་སྒྲོལ༔ དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བཟློག་བཟློག་གནོད་པའི་བགེགས་ལ་ཟློག༔ ས་བདག་ཀླུ་གཉན་གྱི་ནད་ཐམས་ཅད་ཁྱུང་གི་སྡེར་མོས་བྲད༔ གཤོག་པས་བརྡབས༔ མཆུ་ཡིས་ཟོས༔ རྡུལ་དུ་བརླག་པར་བསྒོམ༔ ཧཱུྃ༔ གདུག་པའི་ཀླུ་གདོན་ས་བདག་ཁྱོད༔ དང་པོ་ཞེ་སྡང་ཕ་ཡི་རྒྱུད༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མ་དྲི་ཟ་ལྟོ་བར་འཁོར༔ དེ་ནས་གཟུགས་ཕུང་ཡན་ལག་རྒྱས༔ ལྔ་ཕུང་རྩད་ནས་གཅོད་པའི་ཕྱིར༔ ཞེ་སྡང་སྙིང་ལ་གཏོར་ཟོར་ཡ༔ གཏི་མུག་ཤ་ལ་གཏོར་ཟོར་ཡ༔ འདོད་ཆགས་ཁྲག་ལ་གཏོར་ཟོར་ཡ༔ ང་རྒྱལ་རུས་ལ་གཏོར་ཟོར་ཡ༔ ཕྲག་དོག་


CMR010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ལ་གཏོར་ཟོར་ཡ༔ གནོད་བྱེད་ནད་འདྲེ་གཅོང་སྲི་ལ༔ དྲག་པོ་གཏོར་མའི་ཟོར་རྒྱོབས་ལ༔ ལྔ་ཕུང་ཡན་ལག་རྡུལ་དུ་རློགས༔ ཁྱུང་དམར་རྔམས་པའི་ཞལ་དུ་བསྟབ༔ སྤྲུལ་པའི་ཁྱུང་གིས་མཆོད་པར་བཞེས༔ ཡང་སྤྲུལ་ཁྱུང་གིས་རྔམས་ཟས་མཛོད༔ སེམས་ནི་རྒྱལ་བའི་སྲས་སུ་སྤོར༔ བཅོལ་བའི་ལས་རྣམས་མཐར་ཕྱུངས་ཤིག༔ རྩ་སྔགས་ལ༔ ནཱ་ག་རཱ་ཙ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ སུ་མ་རཱ་ཛ༔ སུ་ནི་རཱ་ཛ༔ མ་ཙ་ར་ཙ༔ ཟ་ཟ་ཏྲག་ཤ་ཏྲིག་ཧྲིང་ཧྲིང་༔ དུ་དུ་མ་མ་རཀ་མོ་སརྦ་བིག་ནན༔ ཨུ་ཙ་ཏ་ཡ་ཕཊ༔ འདི་བྲི་བསམ་མེད་ཀྱང་ཀླུའི་གནོད་པས་ལག་པ་ལ་གྲུམ་བུའི་ནད་བྱུང་༔ ཡི་གེ་བྲིས་པ་ལ་བར་ཆད་བྱས་པས་མི་བྲི་ཀ་མེད་བྱུང་༔ ཆོས་བདག་བཀའ་སྲུང་རྣམས་ཀྱིས་ཀོ་ལོང་ཡོད་ན་གདོན་དེ་ལ་ཆད་པ་ཆོད་ཅིག༔ ཅེས་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརཱ་ག་ཨ་སྱས་བསྒྲིགས་པ་ཡི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་བྱང་དང་གཏོར་ཟློགnext