Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
བླ་མ་དྲག་པོའི་ལས་མཐའ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དམིགས་པའི་འཛབ་དགོངས་གསལ་བྱེད་ཀྱི་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོའི་ལས་མཐའ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དམིགས་པའི་འཛབ་དགོངས་གསལ་བྱེད་ཀྱི་ཞལ་ཤེས།next

བླ་མ་དྲག་པོའི་ལས་མཐའ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དམིགས་པའི་འཛབ་དགོངས་གསལ་བྱེད་ཀྱི་ཞལ་ཤེས།


CMR010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ལས་མཐའ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དམིགས་པའི་འཛབ་དགོངས་གསལ་བྱེད་ཀྱི་ཞལ་ཤེས༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཞལ་ཤེས་ནི༔ འདི་ལ་སྤྲོས་མེད་དང་སྤྲོས་བཅས་གཉིས་ཏེ༔ དང་པོ་གུ་དྲག་གི་དབང་རྒྱས་འབྲིང་བསྡུས་གསུམ་གང་རུང་དང་༔ འདི་ཉིད་ཀྱི་ལུང་ཐོབ་ནས༔ སྒྲུབ་རྫས་ཅི་ཡང་མི་དགོས་པར༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཚམས་པ་སྔོན་དུ་སོང་ནས༔ བདག་ཉིད་ཁྲོ་དམར་པོ་ལས་འོད་ཟེར་འཕྲོས༔ ཀླུ་གཉན་ས་བདག་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས༔ ཁྲོ་ཡོངས་སུ་གྱུར་པ་ལས༔ བདག་ཉིད་བྱ་ཁྱུང་དམར་པོ༔ མེའི་མདོག་ཅན༔ གཤོག་པ་གཡུ༔ མཆུ་སྡེར་གནམ་ལྕགས་ལས་གྲུབ་པ༔ སྤྱི་བོར་ནོར་བུས་བརྒྱན་ཅིང་༔ སྦྲུལ་རིགས་ལྔའི་མགོ་ཁར་བཅུག་ནས་ཟ་བ༔ དེའི་ལུས་ལ་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཏོང་ཏོང་གི་སྒྲ་བཏོན་པས༔ ཀླུ་རིགས་གཉན་རིགས་ས་བདག་ཐམས་ཅད་སྙིང་འདར་བར་བསྒོམ༔ རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡི་གེ་ཁྲོ་དམར་པོའི་མཐར་སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟར་གཡས་སུ་ཀྱི་ལི་ལི་འཁོར་བ༔ དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་ཁྲོ་བོ་ཁྲོ་མོ་ཐམས་ཅད་


CMR010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད༔ དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྤྲུལ་པའི་ཁྱུང་དང་༔ རི་རབ་བྱེ་བ་ཕྲག་བརྒྱའི་སྟེང་དཔག་བསམ་གྱི་ཤིང་བྱེ་བ་ཕྲག་བརྒྱའི་རྩེ་ནས། འཇིག་རྟེན་ལས་ཀྱི་ཁྱུང་དཔག་ཏུ་མེད་པ་བྱ་ཁྱུ་འདྲོགས་པ་ལྟར་ཆི་ལི་ལི་བྱོན་རང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་བཟླས་པ་བསྙེན་པ༔ དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་མེ་འབར་རང་གི་ལུས་ཀྱི་ནད་གདོན་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེག༔ དེའི་ཐལ་བ་རྣམས་བ་སྤུའི་བུ་ག་ནས་ནག་ཉི་ལི་ལི་ཕྱིར་ཐོན༔ ལུས་ཐམས་ཅད་མེའི་རང་བཞིན་དུ་བསྒོམས་ལ་བཟླས༔ རང་སྲུང་ལ་དེས་ཆོག༔ གཞན་སྲུང་ན་རང་གི་ཐུགས་ཀར་ཁྲོ་གྱི་མིག་ཏུ་བསྲུང་བྱ་ཐམས་ཅད་ཚུད་པར་བསྒོམ༔ དེ་ནས་པུ་ཏ་སོགས་ཤམ་བུ་བཏགས་ལ་བཟླ༔ གཞན་གྱི་བགེགས་བསྲེག་པའམ༔ རང་ལ་གནོད་པ་སོགས་བྱུང་ན༔ རང་གི་ཐུགས་ཀ་ནས་མེའི་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས༔ མེ་འབར་བ་དང་བཅས་ཏེ་རང་དང་བསྲུང་བྱ་ལ་གནོད་པའི་གདོན་ཐམས་ཅད་རྒྱ་མཚོའི་ཕར་མཐར་བསད་པར་བསམས་ལ་སྔགས་བཟླ༔ མཐར་ཐམས་ཅད་རང་ལ་བསྡུས་རང་ཡང་མི་དམིགས་པར་བཞག༔ དེ་ལྟར་རྒྱུན་བསྙེན་ནམ་སྒྲུབ་པ་སོགས་གང་བྱེད་ཀྱང་རུང་༔ རང་གཞན་གྱི་ནད་གདོན་སེལ་བ་དེ་ཁོ་ནས་ཆོག་པ་མྱོང་བས་གྲུབ༔ དེ་དག་ནི་སྤྲོས་མེད་ལུགས་


CMR010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ ༈་སྤྲོས་བཅས་ཀྱི་བྱ་ཚུལ་འདོན་ཆ་རྣམས་ཁོ་བོས་ལོགས་སུ་བགྱིས་པ་ལྟར་ཡིན་ཅིང་དེའི་འཛབ་དགོངས་ནི༔ བདག་མདུན་གྱི་ཐུགས་ཀར་ཁྲོ་ཡིག་གི་མཐར་སྔགས་ཕྲེང་འཁོར་བཞིན་པ་ལས༔ འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་འཕྲོས༔ ཞལ་ནས་ཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་རྒྱུད་བསྐུལ་ལྟེ་བ་ནས་ཚུར་བྱོན་རང་གི་ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ༔ དེ་ལྟར་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། ཁྲོ་བོ་ཁྲོ་མོ་ཐམས་ཅད་མཆོད༔ དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཁྱུང་དང་༔ རི་རབ་ཀྱི་རྩེ་ནས་འཇིག་རྟེན་ལས་ཀྱི་ཁྱུང་དཔག་ཏུ་མེད་པ་ཆར་བཞིན་བབས་ནས་བདག་མདུན་ལ་ཐིམ་པར་བསྒོམ་ཞིང་བཟླ་བ་བསྙེན་པ༔ ནམ་མཁའ་བར་སྣང་ཐམས་ཅད་སྤྲུལ་བའི་ཁྱུང་གིས་གང་དེ་དག་གི་སྤུ་གསེབས་ནས་བྱེ་ཚན་གྱི་ཆར་འབེབས་ཤིང་༔ རང་ལ་གནོད་ཅིང་འཚེ་བའི་ཀླུ་གཉན་ས་བདག་ཐམས་ཅད༔ སྦལ་སྦྲུལ་གྱི་རྣམ་པ་ས་འོག་ནས་ཇུར་ཇུར་བཏོན་ནས་གཏུབས་པ་དང་ཟ་བར་བྱས༔ གཤོག་པ་བརྡབས་པས་སྣང་སྲིད་ཐམས་ཅད་མེ་འབར་ནས༔ གནོད་བྱེད་ཐམས་ཅད་བསྲེགས་ནས་མིང་ཡང་མེད་པར་བསྒོམ༔


CMR010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐམས་ཅད་རང་ལ་བསྡུའོ༔ དེ་ནས་སྒྲུབ་པ་ཡིན་ན༔ མཐར་གཏོར་མ་ཁྱུང་དམར་མེ་འབར་བ་དང་བཅས་པ་དམིགས་ལ༔ མཐར་ནད་པའི་གདོན་གྱི་སྟེང་ལ་རྡེག་པ་ལས་སྦྱོར་རོ༔ གཞན་ལས་ཚོགས་རྣམས་ནི་གཞུང་ལྟར་རོ༔ ཞེས་པདྨ་ནམ་མཁས་བསྐུལ་ནས༔ ༧ རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་བསྐུལ་བ་པོ་དེས་ཡི་གེར་བཀོད་པ་ལས་འགལ་འཁྲུལ་གང་མཆིས་བཤགས་ཤིང་དགེ་བས་འགྲོ་བ་ཐམས་ཅད་ཀླུ་ས་བདག་གི་ནད་ཐམས་ཅད་ལས་གྲོལ་བར་གྱུར་ཅིག༔ མངྒ་ལཾ།། ༈ ཨོ་ཁྲོ་གྷ་རུ་ཎ༔ ནཱ་ག་ལེ༔ དུ་པ་ལེ༔ པ་ཏཾ་ཏེ༔ ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ ཛ་ཛ་ཛ༔ ཕཊ་ཕཊ་ཕཊ༔ བཟླས་སྔགས་གཞན་བསྲུངས་ན་ཤི་བུ་འདི་བཏགས་ལ་བཟླའོ༔ སྤུ་ཏ་སྤུ་ཏ༔ ཙ་ལེ་ཙ་ལེ༔ རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཏགས་ལ་བཟླའོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དྲག་པོའི་ལས་མཐའ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དམིགས་པའི་འཛབ་དགོངས་གསལ་བྱེད་ཀྱི་ཞལ་ཤེས།next