Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
སྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས།next

སྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས།


CMR010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ༔ ན་མོ་གུ་རུ་ཀྲོ་དྷ་ཡེ༔ སྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས་ནི༔ གཞུང་གི་ཕུགས་གཏོར་སྤྱི་ལྟར་བཤམས༔ སྤུ་གྲི་དང་སྨྱོ་ཁའི་གཏོར་མ་གལ་ཆེ༔ དེ་ནས་དྲག་པོའི་ལས་བྱང་ཚར་གཅིག་འདོན༔ བསྙེན་པ་ཅུང་ཟད་བྱ༔ དེ་ནས་གཞི་བདག་ལ་དཀར་གཏོར་ཕུལ༔ ངས་གནམ་ལྕགས་ཀྱི་སྡིག་པ་སྒྲུབ་པ་ལ་མ་འཇིགས་མ་བསྔངས་མ་སྐག་བར་སྡོང་གྲོགས་གྱིས་ཤིག༔ ཅེས་བརྗོད་དོ༔ དེ་ནས་གཏེར་སྲུང་སྤུ་གྲི་དང་སྨྱོ་ཁ་གཉིས་ལ་གཏོར་མ་ཕུལ་ལ༔ བདག་གི་ཕྲིན་ལས་སྒྲུབས་ཤིག༔ ཅེས་ཕྲིན་ལས་བཅོལ་ལོ༔ དེ་ནས་རང་གུ་དྲག་སྟོང་པར་བསྡུས༔ དེ་ནས་གཞུང་ལྟར་བདག་བསྐྱེད་དང་༔ མདུན་བསྐྱེད་གཉིས་སོ་སོར་སྡིག་པར་བསྐྱེད༔ ཡེ་ཤེས་པ་སྤྱན་འདྲེན་མི་དགོས་ཏེ༔ གོང་དུ་ཧཱུྃ་གི་སྤྲོ་བསྡུ་བྱས་པས་འཐུས༔ དེ་ནས་གཞུང་གི་དམིགས་པ་བྱེད་ཅིང་སྔགས་ཁོ་ན་བཟླ༔ ཐུན་མཚམས་སུ་ལིང་ཆུང་གཏོར་ཆུང་ལ་བཀུག་གཞུག་བྱས་ལ་དེ་ནས་གཞུང་གི་བསྟོད་བསྐུལ་དེ་འདོན༔ དེ་ནས་རྩ་སྔགས་ལ༔ གནོད་བྱེད་གདོན་བགེགས་ཤ་ཁྲག་ལ་ཁཱ་ཧི༔ བཏགས་ལ་སྒྲུབ་རྟེན་དམར་གཏོར་ལ་འབུལ༔ དེས་ཐུན་གཅིག་དེ་འདྲ་བ་ཐུན་དྲུག་གམ་བཞིའམ་གསུམ་བྱ༔ དེ་ལྟར་ཞག་གསུམ་མམ་ལྔའམ་བདུན༔ དེ་བས་མང་བ་དགོས་མི་སྲིད༔ ཐུབ་རྟགས་འོང་ཐུབ་རྟགས་ལན་གསུམ་


CMR010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་དེ་བས་མང་མི་རུང་༔ དེ་ནས་ནད་པ་ལྟ་བུ་ཡིན་ན་གཏོར་རྒྱབ་སྤྱི་དང་མཐུན་པར་སྒྲུབ་རྟེན་གཏོར་མས་གཏོར་རྒྱབ་བྱ༔ གཏོར་མ་དེ་གཏོར་བདུག་རུང་༔ སྔོན་བསྙེན་པ་ཚེ་ནས་ནས་ནག་དང་སྔགས་མར་སྲུང་སྐུད་སོགས་བྱ༔ སྔགས་ཆུ་བླུད་ན་ཤིན་ཏུ་ཕན་ཆེ༔ མཇུག་ཏུ་སྤྲུལ་པའི་སྡིག་རྒོད་རྣམས་རང་ལ་བསྡུ༔ རང་ཉིད་ཧཱུཾ་ལ་བསྡུ༔ ཧཱུྃ་གྱེན་རྫོགས་སུ་ཡལ་ནས་ངོ་བོ་སེམས་ངོའི་སྟེང་དུ་ཡུན་རིང་དུ་བཞག༔ གདོན་ལ་སྙིང་རྗེ་དྲག་པོ་བྷེ༔ བསྔོ་བ་སྨོན་ལམ་བྱ༔ ཞེས་རཱ་ག་ཨ་སྱས་བྲིས་པ་འགྲོ་ལ་རྒྱལ་འགོང་དམ་སྲིའི་གནོད་འཚེ་དང་བྲལ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྡིག་པའི་སྒོས་སྒྲུབ་ཀྱི་ཟིན་བྲིས།next