Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་རྒྱུན་བསྙེན་བྱེད་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དོན་རྩ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་རྒྱུན་བསྙེན་བྱེད་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དོན་རྩ།next

གུ་རུ་དྲག་པོའི་རྒྱུན་བསྙེན་བྱེད་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དོན་རྩ།


CMR010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་རྒྱུན་བསྙེན་བྱེད་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དོན་རྩ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཀྲོ་དྷ་ཡེ། དལ་འབྱོར་མི་ལུས་ཐོབ་པར་དཀའ། །ཨེ་བདེན་འབུ་སྲིན་གྲངས་ལ་ལྟོས། །ནམ་འཆི་ཆ་མེད་ངེས་པར་འཆི། །ཨེ་བདེན་གཞོན་ཤི་ཚོ་ལ་ལྟོས། །རྒྱུ་འབྲས་བསླུ་མེད་ངེས་པར་སྨིན། །ཨེ་བདེན་འདྲ་ཡི་མི་ཀུན་ལ། །སྐྱིད་སྡུག་ཚེ་ཡི་རིང་ཐུང་ལྟོས་། །འཁོར་བའི་སྡུག་བསྔལ་བཟོད་བླག་མེད། །ཨེ་བདེན་བཤས་ལུག་ཚོ་ལ་ལྟོས། །རང་ཐོག་བྱུང་ན་ཅི་ཁམས་སམ། །དེ་ཚོ་མིག་གིས་མཐོང་ཚད་ཙམ། །ངན་སོང་སྡུག་བསྔལ་ཤི་ལོག་ལྟོས། །དེ་ལས་ཐར་ཐབས་དམ་པའི་ཆོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །སྙིང་པོ་གསང་


CMR010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཐེག་པ་ཡིན། །དེ་ལ་རྒྱ་ཆེ་གྲངས་མང་ཡང་། །དེང་སང་སྙིགས་མ་ལྔ་བརྒྱའི་དུས། །ཆོས་གཞན་བྱིན་རླབས་ཡལ་བའི་དུས། །ལྷ་གཞན་ཐུགས་རྗེ་རྡུགས་པའི་དུས། །པདྨ་འབྱུང་གནས་ཐུགས་རྗེ་མྱུར། །དེང་སང་སྣང་སྲིད་ལྷ་འདྲེའི་ཚོགས། །ཁ་འཕྱུར་ཞི་བས་མི་ཐུལ་དུས། །གུ་རུ་དྲག་པོར་བཞེངས་པ་ཟབ། །དབང་ལུང་ཟབ་མོའི་རྒྱུད་སྨིན་ཅིང་། །ཞི་བསྙེན་རབ་གཅིག་སོང་འདུག་པས། །ད་ནི་དྲག་པོའི་རྒྱུན་བསྙེན་མཛོད། །མདོ་སྔགས་གསར་རྙིང་ཐམས་ཅད་ཀུན། །གཅིག་ཏུ་དྲིལ་བའི་ཉམས་ལེན་གནད། །སྟན་ཐོག་གཅིག་ཏུ་ཉམས་ལེན་པ། །


CMR010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཡིན། །འདི་ཡི་ཁོག་ནས་ཉམས་ལེན་མཛོད། །དེ་ཡི་ཞལ་གདམས་གོ་བདེ་བ། །ལུང་འདྲེན་བཤད་པ་ན་ཡམ་བསྐྱུར། །ཉམས་ལེན་རྒན་མོའི་མཛུབ་ཚུགས་འདི། །ཉམས་སུ་ལོངས་དང་འདི་ཕྱིར་བདེ། །དང་པོ་ད་ནངས་བསམ་པ་ལ། །ཕ་མ་སེམས་ཅན་ཐམས་ཅད་ཀུན། །འཁོར་བའི་སྡུག་བསྔལ་ལས་གྲོལ་ནས། །རྫོགས་པའི་སངས་རྒྱས་འཐོབ་པའི་ཕྱིར། །བདག་གི་གུ་རུ་དྲག་པོ་ཡི། །བསྐྱེད་རྫོགས་སྒོམ་བཟླས་བྱའོ་ཞེས། །ཁ་ཞེ་མེད་པའི་སེམས་བསྐྱེད་བྱ། །སེམས་བསྐྱེད་འདི་དག་མི་ལྡན་ན། །བྱང་ཆུབ་ལམ་དུ་མི་འགྲོ་ཞིང་། །གསང་སྔགས་དོན་དང་མི་ལྡན་ནོ། །རང་ཉིད་ཕྱི་མ་བདེ་ཐབས་དང་། །ཚེ་འདིར་ནད་གདོན་ཞི་ཐབས་སུ། །བསྙེན་སྒྲུབ་དཔག་མེད་བྱས་ན་ཡང་། །གསང་སྔགས་འགྲུབ་པར་མི་འགྱུར་ཏེ། །སྔགས་ནག་ཅེས་བྱ་ཐ་མལ་པ། །ངག་ནུས་ཆེན་པོ་བྱུང་ན་ཡང་། །ཕྱི་མ་བདུད་དང་སྲིན་པོར་སྐྱེ། །སེམས་བསྐྱེད་བཟང་པོ་དེ་ཡོད་ན། །སངས་རྒྱས་ཐོབ་པའི་ལམ་ཟབ་མོ། །གལ་ཏེ་སེམས་བསྐྱེད་དེ་ལྡན་ན། །འདྲེ་བརྡུང་མཐུ་གཏད་ལ་སོགས་པ། །བྱས་ཀྱང་མི་གནོད་བྱང་ཆུབ་སེམས། །གང་འདུལ་ཕྲིན་ལས་རྣམ་


CMR010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི། །ངག་ནུས་ལ་སོགས་མ་བསམ་ཡང་། །རང་བཞིན་ཤུགས་ལས་འབྱུང་བ་ཡིན། །ལོ་ནི་གཏིང་ནས་ཡག་ཐུབ་ན། །སོག་ཕུབ་ཞོར་ལ་འབྱུང་དང་འདྲ། །བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐག་མ་བཅད་ན། །ཁྲོམ་ལྷ་མིའི་བདེ་སྐྱིད་མི་འབྱུང་བས། །ལར་སེམས་བསྐྱེད་འདི་ལ་ནན་ཏན་མཛོད། །དེ་ལྟར་གསུངས་ལྟར་ལྔ་ལྡན་དང་པོའོ།། ༈ །།མདོ་ལུགས་སངས་རྒྱས་གྲངས་མེད་གསུམ་ལས་འཐོབ། །གསང་སྔགས་བླ་མེད་ཚེ་འདིར་སངས་རྒྱས་པའི། །ལམ་གྱི་ཉེ་རིང་ཟབ་དང་མི་ཟབ་ཁྱད། །ལུས་ཀྱི་དེ་ཉིད་རྟོགས་དང་མ་རྟོགས་ཁྱད། །མདོ་ལུགས་ལུས་འདི་མི་གཙང་ཤ་ཁྲག་ལུས། །དེ་ལས་ལྷག་པའི་ལྷ་གཅིག་བཞུགས་པར་འདོད། །བླ་མེད་གསང་སྔགས་རང་ལུས་སངས་རྒྱས་དངོས། །ཡིན་པར་ངོ་སྤྲོད་ལྷ་ཡི་སྐུར་བསྒོམས་པས། །དངོས་སུ་གྱུར་ནས་མྱུར་དུ་སངས་རྒྱས་གསུངས། །དེ་ནི་གསང་སྔགས་གསར་རྙིང་དགོངས་པ་མཐུན། །གཟུགས་ཀྱི་ཕུང་པོ་བུདྡྷ་དྲག་པོ་རྩལ། །རྣམ་ཤེས་ཕུང་པོ་རྡོ་རྗེ་དྲག་པོ་རྩལ། །ཚོར་བའི་ཕུང་པོ་རཏྣ་དྲག་པོ་རྩལ། །འདུ་ཤེས་ཕུང་པོ་པདྨ་དྲག་པོ་རྩལ། །འདུ་བྱེད་ཕུང་པོ་ཀརྨ་དྲག་པོ་རྩལ། །


CMR010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཕུང་པོ་ལྔ་པོ་དེ་རྣམས་ནི། །ཡེ་ནས་དྲག་པོ་རིགས་ལྔའི་ངེས་ཤེས་བསྐྱེད། །རང་གི་ཁྲག་ནི་རྡོ་རྗེ་མཁའ་འགྲོ་མ། །རང་གི་ཤ་ནི་རིན་ཆེན་མཁའ་འགྲོ་མ། །རང་གི་དྲོད་ནི་པདྨ་མཁའ་འགྲོ་མ། །རང་གི་དབུགས་ནི་ཀརྨ་མཁའ་འགྲོ་མ། །ལུས་ནང་སྟོང་པའི་སྒྲུབ་ནི་གང་ཡོད་རྣམས། །སངས་རྒྱས་མཁའ་འགྲོའི་ངོ་བོར་ངེས་ཤེས་བསྐྱེད། །སྤྱི་བོའི་རྩ་མདུད་འཇམ་དཔལ་སྐུ་ཡི་ལྷ། །མགྲིན་པའི་རྩ་མདུད་རྟ་མགྲིན་གསུང་གི་ལྷ། །སྙིང་ཁའི་རྩ་མདུད་ཕྱག་རྡོར་ཐུགས་ཀྱི་ལྷ། །ལྟེ་བའི་རྩ་མདུད་ཌཱཀི་ཡོན་ཏན་ལྷ། །གསང་གནས་རྩ་མདུད་མེ་དབལ་ཕྲིན་ལས་ལྷ། །རང་ལུས་སྤྱིར་ནི་གུ་རུ་དྲག་པོ་སྟེ། །དབུ་མའི་རྩ་ནི་ཡུམ་མཆོག་ཁྲོས་མ་ཡིན། །རྐང་ལག་ལྷུ་བརྒྱད་སྤྱི་གཙུག་རྐང་མཐིལ་བཅུ། །ཡེ་ནས་ཁྲོ་བོ་བཅུ་ཡི་རང་བཞིན་ཉིད། །རང་ལུས་འདོམ་གང་གྲུ་བཞི་དཀྱིལ་འཁོར་དངོས། །ཁ་སྣ་གསང་བ་བཞི་ནི་སྒོ་བཞི་འོ། །དེ་དག་ཡིན་ལ་ཡིན་བཞིན་ངེས་ཤེས་བསྐྱེད། །དེ་མ་ཤེས་ན་ལྷ་གཟུགས་གསལ་ན་ཡང་། །གྱ་ནོམ་ལྷར་སྣང་ཞེས་བྱ་གོལ་ས་སྟེ། །གསང་སྔགས་བསྐྱེད་རིམ་གོ་ཆོད་འོང་བ་མིན། །དེ་ནས་རྒྱས་པར་དཀྱིལ་འཁོར་ཡོངས་རྫོགས་ལྟར། །ལས་བྱང་


CMR010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཞིང་སྤྱན་འདྲེན་བྱས་པ་སྟེ། །མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད། །སྤྱན་འདྲེན་ཚེ་ན་ལྷ་ཚོགས་དཔག་མེད་པ། །ཁ་བ་བུ་ཡུག་ལྟར་དུ་སྤྱན་དྲངས་ཏེ། །བདག་མདུན་སོ་སོར་ཐིམ་པར་བསྒོམ་པ་སྟེ། །བདག་གི་ཐུགས་ལས་མཆོད་པའི་ལྷ་མོ་ནི། །གྲངས་མེད་སྤྲུལ་ཏེ་བདག་བདུན་སོ་སོ་ལ། །མཆོད་བསྟོད་ལ་སོགས་སོ་སོར་བྱེད་པར་བསྒོམ། །གལ་ཏེ་གཏོར་མ་མེད་ན་ཡང་། །ལས་བྱང་འདོན་ཡང་མ་ལྕོགས་ན། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་གུ་དྲག་གཙོ་རྐྱང་ནི། །གོ་ཆའི་ལྷ་དང་བཅས་པ་གསལ་བར་བསྒོམ། །སྤྱན་འདྲེན་མཆོད་བསྟོད་ལ་སོགས་མི་དགོས་སོ། །རང་ལུས་ཡེ་ནས་ཡེ་ཤེས་སེམས་དཔའ་སྟེ། །ཡི་དམ་ལྷ་ཡི་ངོ་བོར་གྱུར་པ་ལ། །དེ་ཉིད་སེམས་ཀྱི་ལྷ་རུ་གསལ་འདེབས་པས། །དེ་ནི་ཡེ་ཤེས་སེམས་དཔའ་ཉིད་ཡིན་པས། །སྤྱན་འདྲེན་མི་དགོས་བླ་མེད་ཨ་ཏིའི་ལུགས། །དེ་ནས་གུར་དྲག་རྒྱན་དང་ཆ་ལུགས་དང་། །གོ་ཆའི་ལྷ་ཚོགས་མངོན་རྟོགས་ནང་ལྟར་དུ། །འདོན་ནི་མི་དགོས་ཡིད་ལ་གསལ་བར་བསྒོམ། །དོན་ལ་བསྒོམ་པ་གསལ་བ་རེས་འགའ་འཐུས། །དམིགས་པ་མ་ཟིན་མངོན་རྟོགས་བཏོན་


CMR010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་། །འདོན་རྒྱུ་ཚང་ཡང་དོན་ལ་ཚང་བ་མིན། །དེ་ཡང་ཆ་ལུགས་གསལ་བོར་མ་ཟིན་ན། །ཐང་སྐུ་ལེགས་པར་ཡང་ཡང་ལྟ་ཞིང་བསྒོམ། །རྒྱན་དང་ཆ་ལུགས་མ་འཆུགས་གསལ་བ་ནི། །ཐང་སྐུ་ལེགས་པོ་ལྟར་དུ་གསལ་བ་ན། །དེ་ལ་བསྐྱེད་རིམ་རྣམ་པ་གསལ་བ་ཟེར། །རྒྱན་ཆ་གསལ་ན་ལོངས་སྤྱོད་ཆེ་བ་ཡིན།་།མེ་རི་གསལ་ན་བར་ཆད་ཉུང་བ་ཡིན། །ཞབས་དང་པད་གདན་གསལ་ན་སྡོད་ཚུགས་སོ། །སྤྱན་རྣམས་གསལ་ན་མིག་གསལ་མངོན་ཤེས་འཆར། །ཞལ་དང་མཆེ་བ་གསལ་ན་བཀའ་བསྒོ་ལ། །ལྷ་འདྲེའི་ཉན་པ་ལ་སོགས་ཡོན་ཏན་ཡོད། །མ་གསལ་བ་ལ་དེ་ཡི་སྐྱོན་འབྱུང་ངོ་། །དེ་ལྟར་གསལ་ཡང་གདོས་བཅས་འདག་སྐུ་ལྟར། །སྒོམ་ན་ཨ་འཐས་ཐེར་གཟུགས་གོལ་ས་སྟེ། །ནུས་པ་བྱུང་ཡང་ཕྱི་མ་ལྷ་འདྲེའི་རིགས། །ཁྲོ་བོས་སྐུ་གཟུགས་འདྲ་བར་སྐྱེ་བ་ཡིན། །དེ་ཕྱིར་རྣམ་དག་དྲན་པར་བྱ་བ་ལ། །སྣང་སྟོང་འཇའ་ཚོན་ལྟ་བུར་བསྒོམ་པ་དང་། །ཆ་ལུགས་དེ་ནི་དག་པ་ཞེས་བྱ་སྟེ། །ཆོས་ཉིད་དོན་དམ་སྟོང་ཉིད་ཆོས་ཀྱི་སྐུ། །དེ་ནི་གུ་རུ་དྲག་པོ་ལ་སོགས་པ། །སངས་རྒྱས་ཀུན་གྱི་ངོ་བོ་ཡིན་མོད་ཀྱི། །དེ་ལ་གཟུགས་དང་ཁ་དོག་ཆ་ལུགས་མེད། །


CMR010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སངས་རྒྱས་རྣམས། །རྒྱན་དང་ཆ་ལུགས་བརྡ་རིས་བསྟན་པ་ནི། །འཁོར་རྣམས་ཆོས་ཀྱི་དོན་རྣམས་ཁོང་དུ་ཆུད། །ཚིག་གི་སྒོ་ནས་ཆོས་ནི་གསུང་མི་དགོས་། །དེ་ཕྱིར་གུ་དྲག་ལོངས་སྤྱོད་རྫོགས་སྐུ་ཡིན། །རྒྱན་དང་ཆ་ལུགས་རྣམས་ནི་ཆོས་ཀྱི་བརྡ། །ཡིན་གྱི་མི་ཡི་ཤ་ཚུགས་ལྟ་བུ་མིན། །ཞལ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག་ཡིན་ཏེ། །གཤོག་པ་གཉིས་ནི་ཐབས་ཤེས་ཟུང་དུ་འཇུག །ཞབས་བཞི་ཚད་མེད་བཞི་ཡིས་འགྲོ་བ་འདུལ། །ཡབ་ཡུམ་སྦྱོར་བས་སྣང་སྟོང་ཟུང་དུ་འཇུག །ཡེ་ཤེས་མེ་རིས་གཟུང་འཛིན་སྒྲིབ་པ་བསྲེགས། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཐམས་ཅད་འདུས་རྟགས་གོ་ཆའི་ལྷ། །དེ་ལྟར་ཤེས་པར་བྱས་པས་གོལ་ས་ཆོད། །དེ་ལ་རྣམ་དག་དྲན་པའི་བསྐྱེད་རིམ་ཟེར། །བདག་ནི་ཐ་མལ་སེམས་ཅན་ཡིན་པ་ལ། །གུ་དྲག་དངོས་མིན་མོས་པ་ཙམ་ཡིན་ནོ། །ཉམས་ན་ནུས་པ་བྱིན་རླབས་རྟགས་མི་ཐོན། །མིན་པ་ཡིན་པར་བསྒོམས་པས་མི་འོང་སྟེ། །ཕལ་པའི་རྡོ་ལ་དངུལ་གྱི་ཞད་མེད་ཕྱིར། །བསྐལ་པར་བསྲེག་ཀྱང་དངུལ་ནི་འབྱུང་མི་འགྱུར། །


CMR010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་རྡོ་ལ་ནི་དངུལ་གྱི་རྒྱུ་ཡོད་ཕྱིར། །ལེགས་པར་བསྲེགས་ན་དངུལ་ནི་འབྱུང་བ་ལྟར། །རང་ལུས་ཡི་དམ་ལྷ་ཡི་ངོ་བོ་རུ། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས་པའི་ཕྱིར། །ཡིན་ལ་ཡིན་བཞིན་སྒོམ་པ་དངོས་སུ་གྲུབ། །གཞི་ཡི་གུ་དྲག་སེམས་ཅན་ཐམས་ཅད་ཡིན། །ཡིན་ལ་ཡིན་པར་མ་ཤེས་འཁོར་བར་འཁྱམས། །ལམ་གྱི་གུ་དྲག་དབང་གི་རྒྱུད་སྨིན་ཅིང་། །གུ་དྲག་བསྐྱེད་རྫོགས་ཉམས་ལེན་བྱེད་རྣམས་ཡིན། །ཡིན་རྟགས་ལྷ་འདྲེའི་བཀའ་ཉན་ཕྲིན་ལས་སྒྲུབས། །འབྲས་བུའི་གུ་དྲག་རྔ་ཡབ་གླིང་བཞུགས་པའི། །སྲིན་པོས་ཁ་གནོན་ཨོ་རྒྱན་ཉིད་ཡིན་པས། །ལམ་དུ་གུ་དྲག་བསྐྱེད་རྫོགས་ཉམས་བླངས་པས། །འབྲས་བུ་གུ་དྲག་རབ་ནི་ཚེ་འདི་དང་། །འབྲིང་ནི་བར་དོ་ཐ་མ་སྐྱེ་བ་ནི། །བདུན་གྱི་ས་ནས་དབྱེར་མེད་གཅིག་ཏུ་འགྲུབ། །དེ་དོན་གནད་ཤེས་རང་ཉིད་གུ་དྲག་ནི། །དངོས་མིན་སྙམ་པའི་ངེས་ཤེས་ཐེ་ཚོམ་སྤང་། །དེ་བྱས་ལྷ་འདྲེ་བགེགས་རིགས་རྨི་ལམ་དུ། །མི་རུ་མི་མཐོང་གུ་དྲག་དངོས་སུ་མཐོང་། །གནོད་པར་མི་ནུས་ཅི་བསྒོས་བཀའ་ལ་ཉན། །དེ་ལ་བསྐྱེད་རིམ་ང་རྒྱལ་བརྟན་པ་ཟེར། །རང་ལུས་ཡི་དམ་གྱི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་


CMR010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །ཅེས་གསུངས་ལྔ་ལྡན་གཉིས་པའི་དོན།། ༈ །།རང་ཉིད་གུ་དྲག་གསལ་བའི་དབུ་སྐྲའི་གསེབ། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །དཀོན་མཆོག་ཀུན་འདུས་རྩ་གསུམ་གཅིག་འདུས་ལྷ། །པདྨ་འབྱུང་གནས་མཐིང་ནག་སྤྱན་གསུམ་པ། །ཁྲོ་འཛུམ་སྟག་ཤམ་རུས་པའི་རྒྱན་ཆ་ཅན། །ཕྱག་གཡས་ཁ་ཊཾ་གཡོན་པས་ཐོད་ཁྲག་འཛིན། །ཞབས་གཉིས་བཞེངས་ཐབས་སྤྱན་ནི་ནམ་མཁར་གཟིགས། །ཧཱུཾ་ཕཊ་བྷྱོ་དང་ཨཱ་ར་ལི་གསུངས་པས། །ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་དང་། །བཀའ་བརྒྱུད་བླ་མ་མཁའ་སྤྱོད་ནམ་མཁའི་མཚན། །གཡུ་ཐོག་མགོན་པོ་ཟུར་མཁར་ཆོས་རྗེ་སོགས། །རིག་འཛིན་གྲུབ་ཐོབ་ཐམས་ཅད་ཁ་བ་དང་། །བུ་ཡུག་ལྟར་བྱོན་པད་འབྱུང་སྐུ་ལ་ཐིམ། །སངས་རྒྱས་ཐམས་ཅད་འོད་དཔག་མེད་ལ་ཐིམ། །གུ་དྲག་ལ་སོགས་ཡི་དམ་ཐམས་ཅད་ནི། །ཆར་བཞིན་བབས་ནས་རང་ཉིད་སྐུ་ལ་ཐིམ། དེ་ལྟར་ཐིམ་པས་ཡེ་ཤེས་ཐིམ་པ་དང་། །ཕག་ཁྲོས་སེང་གསུམ་ལ་སོགས་མཁའ་


CMR010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚོགས། །ཆར་ལྟར་བྱོན་ནས་རང་ཡུམ་ཁྲོས་མར་ཐིམ། །དེ་ལྟར་ཐིམ་པས་ཡེ་ཤེས་ཐིམ་པ་དང་། །དབང་བསྐུར་བྱིན་རླབས་ཐམས་ཅད་དུས་གཅིག་ཐོབ། །སྤྱི་བོར་པད་འབྱུང་བླ་མ་ཀུན་འདུས་ལ། །དད་གུས་གདུང་ཤུགས་བསྐྱེད་ཅིང་གསོལ་འདེབས་ཀྱི། །ཚུལ་དུ་སྔགས་འདི་ཅི་ནུས་བཟླ་བར་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞི་བར་བསྙེན་ཅིང་དྲག་པོར་སྒྲུབ་པ་གཅེས། །གུ་རུ་དྲག་པོ་སྒྲུབ་པའི་གོང་གནོན་ཡིན། །སྔོན་དུས་ཞི་བའི་བསྙེན་པ་ཉུང་བ་དང་། །ཀུན་དྲིལ་ཡིད་བཞིན་བསྙེན་པ་མ་ཐོན་ན། །སྔགས་དང་དམིགས་པ་འདི་ཉིད་མང་ན་ལེགས། །རྒྱུན་དུ་བརྒྱའམ་སྟོང་སོགས་སྐབས་དང་སྦྱར། །ཨ་ཙིག་ཅི་ཙམ་འདོན་པའི་ཕྱེད་ཙམ་བྱ། །འདི་ནི་བླ་སྒྲུབ་ཐམས་ཅད་གཅིག་ཏུ་འདུས། །ལེའུ་བདུན་སོགས་གསོལ་འདེབས་གང་ཤེས་ཀྱང་། །དམིགས་པ་འདི་ཉིད་བསྒོམ་ཞིང་བཏོན་ན་ལེགས། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་ལྔ་ལྡན་གསུམ་པའི་དོན་ཡིན་ནོ།། ༈ །།དེ་ནས་རང་ཉིད་གུ་


CMR010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་གསལ་བ་ཡི། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པའི་ནང་། །ཕྱག་རྡོར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་། །ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ །བདེ་མཆོག་གསང་འདུས་ཀྱེ་རྡོར་མཱ་ཡཱ་དང་། །ཆེ་མཆོག་རྡོར་འཆང་རྡོ་རྗེ་སེམས་དཔའ་རྣམས། །ཐམས་ཅད་དོན་གཅིག་མིང་གི་རྣམ་གྲངས་ཡིན། །མཐིང་ནག་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་འཛིན། །ཞབས་གཉིས་རྡོར་སྐྱིལ་ལམ་ནི་ཕྱེད་སྐྱིལ་བཞུགས། །དེ་ཡི་ཐུགས་ཀར་གསེར་གྱི་རྡོ་རྗེ་ནི། །འགྲེང་ཐབས་གནས་པའི་རྡོ་རྗེའི་ལྟེ་བའི་ནང་། །ཟླ་བ་སྟེང་དང་ཉི་མ་འོག་གནས་པའི། །ཉི་ཟླ་གའུ་ནང་དབུས་ཧཱུྃ་དམར་པོ། །དེ་མཐར་ཨ་ཙིག་ཡིག་འབྲུ་ཉི་ཤུས་བསྐོར། །ཧཱུཾ་དེ་གཡོ་འགུལ་མེད་པ་མཆོད་རྟེན་བཞིན། །ཡིག་མགོ་ངོས་ནི་རང་གི་མདུན་དུ་སྟོན་།་།དེ་མཐར་ཡིག་འབྲུ་ཉི་ཤུ་ལངས་བ་སྟེ། །ཡི་གེ་མདུན་ངོས་ཕྱི་ལ་བསྟན་ཏེ་བསྐོར། །དང་པོ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླ། །དེ་ནི་བསྙེན་པ་ཞེས་བྱའི་བཟླས་པའོ། །དེ་ནས་ཡིག་འབྲུ་རྣམས་ལས་འོད་བྱུང་སྟེ། །ཕྲེང་བ་མི་འཁོར་ཕྲེང་ཐག་འཁོར་བ་ལྟར། །འོད་ཟེར་ཁ་དོག་ལྔ་ལྡན་གཡས་སུ་འཁོར། །དེ་ནི་ཉེ་བར་བསྙེན་པ་ཞེས་བྱའོ། །དེ་ནས་ཡིག་


CMR010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དལ་བུས་གཡས་སུ་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །ཟླ་སྐར་ཕྲེང་བ་ལྟ་བུའི་བཟླས་པའོ། །དེ་ནས་དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཚོགས། །འོད་ཟེར་དེ་ཕོག་ཟག་མེད་མཆོད་པར་གྱུར། །སྐུ་གསུང་ཐུགས་མཉེས་བྱིན་རླབས་དངོས་གྲུབ་ཀུན། །འོད་ཟེར་ཚུལ་དུ་འདུས་ནས་རིང་ལ་ཐིམ་། །སླར་ཡང་འོད་འཕྲོས་འགྲོ་དྲུག་སེམས་ཅན་ལ། །ཕོག་པས་སོ་སོའི་སྡིག་སྒྲིབ་སྡུག་བསྔལ་དག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་ལ་ཕོག །སྔོན་གྱི་དམ་ཚིག་དྲན་ནས་བཀའ་ལ་ཉན། །གནོད་བྱེད་གདོན་བགེགས་བར་ཆད་བྱེད་ལ་ཕོག །གནོད་སེམས་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། །དེ་ཀུན་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས། །འོད་ཟེར་ཚུལ་དུ་རང་ལ་ཐིམ་པ་ཡིས། །ཚེ་དང་བསོད་ནམས་ཡེ་ཤེས་ནུས་པ་འཕེལ། །དེ་ལྟར་བསྒོམ་ཞིང་རྩ་སྔགས་ཉི་ཤུ་པ། །རྒྱུན་དུ་ཆུ་བོའི་གཞུང་ལྟར་བཟླ་བར་བྱ། །ཨོ་ཨཱཧཱུྃ་ཨ་ཅིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨཱཧཱུཾ་ཧཱུཾ་ཕཊ། བརྒྱ་ཙམ་བཟླས་པས་ལས་ངན་སྡིག་སྒྲིབ་འདག །སྟོང་ཙམ་བཟླས་པས་ཕྱི་ནང་བར་ཆད་ཞི། །ཁྲི་ཙམ་བཟླས་པས་


CMR010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་བྲན་དུ་ཁོལ། །འབུམ་ཙམ་བཟླས་པས་མཆོག་གི་དངོས་གྲུབ་ཐོབ། །འབུམ་ཕྲག་ཉི་ཤུ་ཐམ་པ་བཟླས་པ་ནི། །ལྷ་འདྲེ་རྣམས་ལ་བཀའ་ཤོག་བསྐུར་ནས་ཀྱང་། །དེ་ལ་ཉན་ཅིང་གང་བཅོལ་ཕྲིན་ལས་སྒྲུབས། །བར་དོའི་སྐབས་སུ་ཨོ་རྒྱན་ཡབ་ཡུམ་གྱིས། །ལམ་སྣ་ང་འདོད་ཞིང་ཁམས་བགྲོད། །འཇའ་འོད་རིང་བསྲེལ་སྐུ་གདུང་འབྱོན་པར་གསུངས། །དེ་ནི་སྒྲུབ་པ་ཞེས་བྱའི་བཟླས་པ་ཡིན། །དེ་ནས་བདག་མདུན་སོ་སོར་བསྒོམ་ཡོད་ན། །རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བ་བཞིན། །ཐུགས་སྲོག་ཧཱུྃ་དམར་རྩེ་ནས་སྔགས་ཕྲེང་འཕྲོས། །རང་གི་ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཀྱི།་།ཞལ་དུ་མཆོད་པའི་ཚུལ་དུ་ཞུགས་གྱུར་ནས། །ཐུགས་སྲོག་ཧཱུྃ་དམར་རྩེར་ཐིམ་ཐུགས་རྒྱུད་བསྐུལ། །ཐུགས་རྗེས་བརྩེ་བ་ཆེན་པོའི་བདག་ལ་དགོངས། །དེ་ཡི་ཐུགས་སྲོག་ཧཱུྃ་གི་ཞབས་ཀྱུ་ནས། །སྔགས་ཕྲེང་ཕྱུང་སྟེ་མདུན་བསྐྱེད་གསང་གནས་ནས། །ཡབ་ཡུམ་སྦྱོར་མཚམས་ནས་བྱུང་རང་ཉིད་ཀྱི། །གསང་གནས་ནས་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ། །དེ་ལྟར་མགལ་མེ་འཁོར་བ་ཇི་བཞིན་དུ། །རྒྱུན་ཆད་མེད་པར་འཁོར་བར་གྱུར་པ་ཡིན། །ཕར་


CMR010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །བདག་མདུན་བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །འོད་ཟེར་མེ་ཡི་ཚྭ་ཚྭ་ལྟ་བུ་ཡིས། །གནོད་བྱེད་གདོན་བགེགས་བསྲེག་ཅིང་ཚར་བཅད་བསྒོམ། །གལ་ཏེ་བདག་བསྐྱེད་ཁོ་ན་ཡིན་ན་ནི། །བདག་ཉིད་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ། །ཡུམ་གྱི་བྷ་ག་ནས་ནི་རང་ཉིད་ཀྱི། །རྡོ་རྗེའི་ལམ་ནས་རང་གི་ཐུགས་ཀར་ཐིམ། །དྲག་པོའི་ཡུམ་ནི་ཁྲོས་མ་ནག་མོ་སྟེ། །ཐུགས་ཀའི་ལྟེ་བར་ཐུགས་སྲོག་ཨ་འམ་ཧྲི། །མཐིང་ནག་མཐའ་མར་སྔགས་འདི་གཡོན་བསྐོར་བསམ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཧཱུྃ་ཕཊ། དེ་ནི་བསྒོམས་པས་ཆོག་གི་འདོན་མི་དགོས། །དེ་ནི་སྒྲུབ་པ་ཆེན་པོའི་བཟླས་པ་ཡིན། །དེ་ལྟར་རྒྱུན་ཁྱེར་ཉམས་ལེན་བྱས་པ་ཡིས། །གུ་དྲག་སངས་རྒྱས་ཀུན་གྱི་ཡེ་ཤེས་ལ། །གདུག་རྩུབ་ཕྲག་དོག་སློང་སོགས་མ་མཆིས་ཏེ། །དྲག་པོ་བསྒྲུབས་པའི་གཟི་བརྗིད་ལྷ་འདྲེ་ལ། །རྒྱལ་འགོང་དམ་སྲིའི་ཚོགས་ཀྱིས་མ་བཟོད་ནས། །རྨི་ལམ་ངན་ཅིང་རྟགས་མཚན་རྩུབ་མོ་སྟོན། །བནྡེ་བུད་མེད་གཅན་གཟན་ཁྱི་སོགས་ཀྱིས། །འཛིངས་འཐབ་མུན་རུབ་ཉི་ཟླ་ཐང་ལ་ལྷུང་། །ཁ་ཆར་སེར་བ་ཆབ་ཀྱིས་དེད་སོགས་རྨི། །དེ་རྣམས་རྣམ་རྟོག་


CMR010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་བར་ཆད་འབྱུང་། །ཡ་ཀི་ཀུན་བཟང་ཆེ་མཆོག་མན་ཆོད་ནས། །མ་ཀི་འདྲེ་མོ་ཐེའུ་རང་ཡན་ཆོད་ནི། །ཐམས་ཅད་རང་གི་སེམས་ལས་གཞན་དུ་མེད། །སེམས་ནི་ཡེ་ནས་ཆོས་སྐུ་སྟོང་པ་ཉིད། །ཡིན་པར་ཤེས་པས་རང་སེམས་ངོ་བོར་ལྟོས། །དུས་གསུམ་རྒྱལ་བའི་དགོངས་པ་ཡེ་ནས་གནས། །ལྷ་ཡིན་བསམས་ནས་ཕན་འོང་བསམ་པ་དང་། །འདྲེ་ཡིན་བསམས་ནས་གནོད་འོང་བསམ་པ་གཉིས། །ངོ་བོ་སེམས་ལ་བལྟས་པས་ཁྱད་མི་འདུག །གཉིས་ཀ་དངོས་པོ་མེད་པ་སྟོང་པ་ཉིད། །།ཡིན་པར་ཤེས་པས་རང་སེམས་ངོ་བོར་བལྟ། །དེ་ལ་ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །བདུད་རིགས་བྱེ་བ་དུང་ཕྱུར་ཟིལ་གྱིས་གནོན། །དེ་ཕྱིར་དང་པོ་ཐུན་མཚམས་སེམས་ངོ་སྐྱོང་། །བསྐྱེད་རིམ་བསྒོམ་པ་དོན་ལ་ཞི་གནས་ཡིན། །སེམས་ངོ་ལྟ་བ་ལྷག་མཐོང་བསྒོམ་པ་ཡིན། །བསྒོམས་ནས་སེམས་ངོ་ལྟ་བའི་ངང་ཉིད་ལས། །ནམ་མཁའ་སྟོང་པའི་ངང་ལས་འཇའ་ཤར་ལྟར། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་ཀློང་གིས་བྷེ། །བསྐྱེད་རིམ་བསྒོམ་མཁན་དེ་ནི་འགྱུ་བ་སྟེ། །འགྱུ་བ་ཁོ་རང་ཡེ་ནས་སྟོང་པ་ཉིད། །གནས་པའི་དུས་དང་བཟང་ངན་ཁྱད་པར་མེད། །དེ་སྟེང་


CMR010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་སེམས་ངོ་ཟུང་དུ་འཇུག །དེ་ནི་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡིན། །དང་པོ་ལྷ་བསྒོམ་དེ་ནས་སེམས་ངོ་ལྟ། །དེས་ཀྱང་བསྐྱེད་རིམ་མི་བཤོལ་ཟུང་འཇུག་སྟེ། །དཔེར་ན་ནམ་མཁའ་སྟོང་པ་ཉིད་ལ་ཡང་། །འཇའ་ཡིས་མི་གནོད་གཉིས་ཀ་ཟུང་འཇུག་འདྲ། །དེ་ལྟར་རྟོགས་ནས་གོམས་པར་གྱུར་ན་ཡང་། །ས་རྡོ་རི་བྲག་ཕྱི་ནང་སྣོད་བཅུད་ཀུན། །སོ་སོར་གསལ་ཡང་ངོ་བོ་སྟོང་པར་མཐོང་། །དཔེར་ན་ཆུ་ནང་ཤར་བའི་ཟླ་བ་བཞིན། །དེ་ལ་ཕྱག་ཆེན་ཉམས་ཀྱི་རོ་གཅིག་ཟེར། །རང་སེམས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རིགས་བདག་སྣང་བ་མཐའ་ཡས་དེ་ག་རང་། །སེམས་ཀྱི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །ཡི་དམ་གུ་རུ་དྲག་པོ་དེ་ཉིད་དངོས། །སེམས་ཉིད་འཕྲོ་འདུ་འགགས་མེད་སྤྲུལ་པའི་སྐུ། །འཁོར་ཚོགས་དཔའ་བོ་མཁའ་འགྲོ་དེ་ཉིད་རང་། །ཡིན་པར་ངོ་བོ་གོ་བ་ཙམ་ཞིག་དང་། །ཕྱིས་ནས་དངོས་སུ་རྟོགས་པའི་གདེང་ཐོབ་ནས། །རྩ་བ་གསུམ་དང་ནམ་ཡང་འབྲལ་བ་མེད། །དེ་ལ་བརྟན་པ་ཐོབ་ཅིང་རྩལ་རྫོགས་ནས། །ཚེ་གཅིག་སངས་རྒྱས་དེ་ལ་བསག་པ་ཙམ། །སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་


CMR010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །ལམ་ཕྱག་ཆེན་འདི་ལ་ཉམས་ལེན་མཛོད། །ཅེས་གསུངས་ལྔ་ལྡན་དོན་རྩ་བཞི་པ་ཡིན།། ༈ །།དེ་ལྟར་འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ། །བསྐྱེད་རྫོགས་ཉམས་ལེན་འབྲལ་མེད་ཅི་ལྕོགས་བྱ། །ཕོར་སྡེར་ཡེ་ཤེས་ཀ་པཱ་ལ་ཡི་ནང་། །བཟའ་བཏུང་གང་ཡིན་ཡེ་ཤེས་བདུད་རྩིར་བསམ། །ཨོཾ་ཨཱཿཧཱུྃ་ཞེས་ངག་ཏུ་བརྗོད་པ་ཡིས། །སྐུ་གསུང་ཐུགས་ཀྱི་བདུད་རྩིར་བྱིན་གྱིས་བརླབས། །ལག་པ་སྒང་གཟར་ཁ་ནི་སྦྱིན་སྲེག་ཐབ། །ལྟོ་བའི་མེ་དྲོད་རང་བྱུང་ཡེ་ཤེས་མེ། །ལྕེ་ནི་མེ་ལྕེ་བཟའ་བཏུང་སྦྱིན་སྲེག་སྟེ། །རང་ལུས་གོ་ཆའི་ལྷ་ལ་མཆོད་པ་བྱེད། །དེ་ཡིས་ནང་གི་སྦྱིན་སྲེག་ཚོགས་རྫོགས་ཤིང་། །ནོར་ལྷ་ཀུན་གྱི་མཆོག་ཏུ་གྱུར་པར་གསུངས། །གནས་ཁང་དཀྱིལ་འཁོར་དྲག་པོའི་དཀྱིལ་འཁོར་ལྷ། །གདན་ནི་པད་ཟླ་ཡིན་པའི་མོས་པ་བྱེད། །དམ་ཚིག་རྩ་བ་སྡིག་ལ་འཛེམ་པ་དང་། །དགེ་རྩ་གང་འགྲུབ་མི་སྤང་འབད་པ་དང་། །བླ་མའི་དམ་ཚིག་བླ་མ་རིགས་ཀྱི་བདག །སྣང་བ་མཐའ་ཡས་དབྱེར་མེད་མོས་པ་བྱ། །ཡི་དམ་དམ་ཚིག་བསྐྱེད་རིམ་བསྙེན་སྒྲུབ་འབད། །མཁའ་འགྲོའི་དམ་ཚིག་


CMR010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཏུ་གཏོར་བསྔོས་དང་། །ཚེས་བཅུ་དགུ་གཏོར་མ་ཆག་རབ་ཡིན་ནོ། །ཐ་མ་ལོ་རེ་བཞིན་དུ་དུས་བཟང་དུ། །ཚོགས་འཁོར་རེ་རེ་ཙམ་ཡང་ཅི་འབྱོར་བྱ། །དེ་ནས་ཐུན་མཚམས་སམ་ནི་ནམ་དགའ་རུང་། །གོ་ཆའི་ལྷ་ལ་བསྙེན་པ་ཅུང་ཟད་བྱ། །སྤྱི་བོར་བྱ་ཁྱུང་རྭ་བར་ནོར་བུའི་སྟེང་། །པདྨ་འདབ་མ་སྟོང་ལ་སངས་རྒྱས་སྟོང་། །ལྟེ་བར་མགོན་པོ་ཚེ་དཔག་མེད་པ་ཡིན། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་ཡིས། །རྒྱལ་བ་ཀུན་གྱི་བྱིན་རླབས་ཚེ་ཡི་བཅུད། །ས་ཆུ་མེ་རླུང་ནམ་མཁའ་འབྱུང་བའི་བཅུད། །ལྷ་ཀླུ་མི་ཡི་ཚེ་དང་བསོད་ནམས་ཀུན། །འོད་ཟེར་རྣམ་པར་ཕྱག་གི་བུམ་པར་བསྡུས། །བུམ་པ་ཁོལ་ཞིང་ལུད་པའི་བདུད་རྩི་ཡིས། །ཚངས་བུག་ནས་ཞུགས་ལུས་ཀུན་བདུད་རྩིས་གང་། །ནད་གདོན་ཚེ་ཡི་བར་ཆད་སྡིག་སྒྲིབ་ཀུན། །སོལ་ཁུ་ལྟ་བུར་རྐང་མཐིལ་འོག་སྒོར་བུད། །རང་ལུས་ཚེ་ཡི་བདུད་རྩིས་གང་བར་བསམ། །ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུཾ་ཧྲཱིཿ འདི་ནི་ཐོ་རངས་སྔ་དྲོ་བྱས་ན་ལེགས། །སྤྱི་བོར་བྱ་ཁྱུང་ཐུགས་ཀར་ཉི་ཟླའི་སྟེང་། །ཁྲོ་ཡིག་སྔགས་ཀྱིས་བསྐོར་བར་དམིགས་ཤིང་བཟླ། །བྱ་ཁྱུང་སྤྲུལ་པས་ནམ་མཁའ་བར་སྣང་གང་། །གནོད་བྱེད་ཀླུ་གཉན་ས་བདག་


CMR010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམས། །སྦལ་སྦྲུལ་རྣམ་པར་ཞལ་དུ་གསོལ་བ་དང་། །གཤོག་པའི་གསེབ་ནས་བྱེ་ཚན་ཆར་བབས་པས། །གནོད་ཅིང་འཚེ་བའི་ཀླུ་རིགས་ཤ་རུས་ཕྱེས། །གཏད་སོགས་མནན་པ་སྡེར་མོས་བྲུས་ཤིང་བཏོན། །གཤོག་པ་བརྡབས་པས་བསྐལ་པའི་རླུང་འཚུབ་ཅིང་། །ལྟས་ངན་རྐྱེན་ཁ་མི་ཁ་བྲ་མཆུ་ཀུན། །ཐམས་ཅད་རྒྱ་མཚོ་ཆེན་པོའི་ཕར་འགྲམ་གཏོར། །དེ་ལྟར་བསྒོམ་ཞིང་ཁྱུང་སྔགས་ཅི་ནུས་བཟླ། །ཨོ་ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། མཐར་ནི་ཁྱུང་རྣམས་སྤྱི་བོའི་ཁྱུང་ལ་ཐིམ། །དེ་ནས་དཔྲལ་བའི་འཇམ་དཔལ་མགྲིན་པ་ཡི། །རྟ་མགྲིན་ཐུགས་ཀའི་ཕྱག་རྡོར་ལྟ་བ་ནི། །མཁའ་འགྲོ་སྡེ་ལྔ་གསང་གནས་མེ་དབལ་རྣམས། །སོ་སོའི་ཐུགས་ཀའི་ས་བོན་སྔགས་འཁོར་དམིགས། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཡི། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། །སོ་སོའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱིས། །རྣམ་པར་བསྡུས་ནས་སོ་སོའི་ལྷར་ཐིམ་བྷེ། །ལས་བྱང་ནང་ལྟར་སོ་སོའི་སྔགས་རྣམས་བསྙེན། །དེ་ལྟར་བསྙེན་སྒྲུབ་རྒྱུན་ཁྱེར་


CMR010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡི། །བནྡེ་བུད་མེད་སྐྱེས་ཤར་མི་དཔོན་སོགས། །ཕྱག་འཚལ་བཀའ་ཉན་འབུལ་བ་གུས་འདུད་བྱེད། །ཉི་ཟླ་ཤར་དང་གོ་གྱོན་མཚོན་ཆ་ཐོགས། །རྫོང་བརྩེགས་དར་ཕྱར་དུང་འབུད་ནམ་མཁར་འགྲོ། །བག་དྲོ་བྱིན་ཆགས་བསྐྱེད་རིམ་ཏིང་འཛིན་གསལ། །བཟང་རྟགས་བྱུང་ཡང་ཧ་ཅང་དགའ་བྲོད་སྤང་། །དམ་ཚིག་མི་གཅིག་པ་ལ་བཤད་མི་བྱ། །ལས་སྦྱོར་སྡེ་བརྒྱུད་སྔགས་ཤམ་དམིགས་པ་སོགས། །ད་རུང་བསྙེན་པ་དྲོད་རྟགས་མ་ཐོན་པར། །སྦྱར་དུ་མི་རུང་ཕྱིར་ན་འདིར་མ་བྲིས། །དུས་བབ་བྱུང་ན་རྗེས་སོར་བྲི་བར་བྱ།། ༧ དེ་ལྟར་རྒྱུན་ཁྱེར་ཉམས་སུ་ལེན་པའི་ཚེ། །ནུབ་མོ་ཉལ་ཁ་དེ་རིང་བསྙེན་སྒྲུབ་སོགས། །དགེ་སྦྱོར་གང་བྱུང་འཕྲལ་དུ་བསྔོ་བ་ཡིན། །རྒྱས་འདེབས་བྱས་ན་དགེ་བ་ཆུད་མི་བྱ། འཕེལ་རྒྱས་སངས་རྒྱས་ཐོབ་པའི་ཐབས་ཟབ་པ། །བདག་གིས་བསྐྱེད་རྫོགས་ཉམས་ལེན་བྱས་པ་སོགས། །དུས་གསུམ་དགེ་བའི་རྩ་བ་གང་བསགས་དེས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་ཚེ་འཕོས་བདེ་ཆེན་ཞིང་སྐྱེས་ནས། །འགྲོ་བའི་དོན་དུ་སངས་རྒྱས་འགྲུབ་པར་ཤོག །ཅེས་སོགས་བསྔོ་བ་གང་ཤེས་བྱེད་ཚེ་ཡང་། །སེམས་ངོ་


CMR010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་འཁོར་གསུམ་ཡོངས་དག་ཡིན། །སེམས་ངོ་ཡེངས་ན་བསྔོ་བ་དུག་བཅས་ཏེ། །བྱང་ཆུབ་ཐོབ་པའི་ལམ་དུ་མི་འགྲོ་བས། །བསྔོ་བ་དུས་སུ་སེམས་ངོ་མ་ཡེངས་བྱ། །སྔོན་བསོད་ནམས་མ་བསགས་པ་ཞིག་མ་ལགས་ཏེ། །ཡུན་རིང་པོ་ཞིག་ནས་འཁོར་བར་འཁྱམས། །གནད་བསྔོ་བ་མ་ཤེས་གཅིག་པུས་ལེན། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་ལྔ་ལྡན་དོན་རྩ་དེ་ཡིས་ཚང་། །ཕྱག་རྒྱ་ཆེན་པོ་སེང་གེ་ལ། །ལྔ་ལྡན་མེད་ན་མིག་མེད་ཡིན། །ཞེས་གསུངས་ལྟར་དུ་མན་ངག་དོན་འདུས་སོ། །དྲག་ལུས་ཤོག་བུ་མང་ཞིག་གཏད་བྱུང་བས། །དྲག་ལུས་དྲག་པོ་བསྙེན་པའི་ཟིན་བྲིས་འདི། །དྲག་པོའི་རྣལ་འབྱོར་༧རཱ་ག་ཨ་སྱས་བྲིས། །དྲག་པོ་བསྙེན་འདོད་འགའ་ལ་ཕན་པར་ཤོག །ཤུ་བྷཾ། དགེའོ།། །། ༔ བླ་མ་དྲག་པོའི་སྒོ་ནས་འཕོ་བ་སྦྱངས་ཐབས་ཡོད་ཀུན་ལ་སྤེལ་ཅིག །ན་མོ་མ་ཧཱ་མུ་དྲ་ཡེ། །དགེ་སློང་ཀརྨ་ལེགས་བྱས་ཁྱེད། །ཆུང་ནས་རབ་བྱུང་ཚུལ་ཁྲིམས་ལྡན། །བླ་མ་སངས་རྒྱས་མང་དུ་བསྟེན། །བསྐྱེད་རྫོགས་རྩེ་གཅིག་ཉམས་བླངས་པས། །ཆོས་བཤད་བྱེད་དགོས་མི་འདུག་ཀྱང་། །ད་ནི་འཆི་བ་ཆོས་ཀྱི་སྐུ། །


CMR010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བ་ཡིས་གདམས་ངག་གི །གསོལ་འདེབས་ཚིག་གསུམ་སྙན་དུ་གསོལ། །རང་ཉིད་གུ་རུ་དྲག་པོའི་སྐུ། །གཞུང་ལྟར་བསྐྱེད་རིམ་གསལ་བར་བསྒོམ། །རྩ་གསུམ་འཁོར་ལོ་ལྔར་གསལ་བའི། །རྩ་མདུད་ལྔ་རུ་གོ་ཆའི་ལྷ། །སྤྱི་གཙུག་རིགས་བདག་འོད་དཔག་མེད། །རྩ་བའི་བླ་མ་དབྱེར་མེད་བསྒོམ། །མ་དག་འཁོར་བའི་སྒོ་བརྒྱད་དེ། །ཡི་གེ་ཧཱུཾ་དམར་རེ་རེས་དགག །ལྟེ་འོག་རང་སེམས་ཐིག་ལེ་ནི། །དཀར་དམར་སྲན་མ་ཆེ་ཤོས་ཙམ། །གོ་ཆའི་ལྷ་ལ་བསྐོར་བ་སྟེ། །བྱས་ནས་འོད་དཔག་མེད་ལ་ཐིམ། །སླར་ཡང་མར་བྱུང་ལྟེ་བར་གནས། །དེ་འདྲའི་དམིགས་པ་འགའ་རེ་བྷེ། །དེ་ནས་འཆི་བར་ངེས་པའི་ཚེ། །ལུས་དང་ལོངས་སྤྱོད་གཉེན་འདུན་བཅས། །མཎྜལ་གཅིག་ཏུ་བསྡུས་བྱས་ནས། །སྤྱི་བོར་འོད་དཔག་མེད་ལ་འབུལ། །ཆགས་ཞེན་འཁྲི་བ་རྩད་ནས་སྤང་། །འོད་གསལ་ཟིན་པར་གསོལ་བ་འདེབས། །བདག་ནི་སེམས་ཅན་ཀུན་དོན་དུ། །འཆི་བ་ཆོས་སྐུར་སངས་རྒྱས་ནས། །བར་དོ་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྐྱེ་བ་སྤྲུལ་པའི་སྐུ་དེ་ནི། །བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨའི་སྦུབ་ལ་བརྫུས་སྐྱེས་ནས། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་


CMR010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །འགྲོ་བ་སེམས་ཅན་མ་ལུས་པ། །སངས་རྒྱས་ས་ལ་བཀོད་པར་བྱ། །བསམ་པའི་སེམས་བསྐྱེད་འདུན་པ་བྱ། །དེ་ནས་ལྟེ་བའི་ཐིག་ལེ་དེ། །ཡར་འཕྲོས་སྣང་བ་མཐའ་ཡས་ལ། །ཐིམ་པའི་དམིགས་པ་ལན་བདུན་བྱ། །དེ་ནས་གུ་རུ་དྲག་པོ་ཡི། །ཐུགས་སྲོག་ཧཱུྃ་ལ་རིག་པ་གཏད། །དེ་ནས་ཅི་ཡང་མི་བསྒོམ་པར། །ཉམས་ལེན་ཕྱག་ཆེན་ངང་ལ་བཞག །ཐིམ་རིམ་དཀར་ལམ་དམར་ལམ་སོགས། །འཁྲུལ་པའི་སྣང་བ་ཅི་ཤར་ཡང་། །སེམས་ཉིད་ཁོ་རང་མ་ཡིན་པའི། །གཞན་ནས་འཆར་རྒྱུ་ཅི་ཡང་མེད། །གང་ཤར་དེ་ཡི་ངོ་བོར་ལྟ། །ཞག་གྲངས་དུ་ཙམ་འདུག་པ་ནི། །འཆི་བའི་ཕན་ལ་དམ་བཅའ་བྱ། །ཕྱི་དབུགས་ཆད་པའི་དུས་དེ་རུ། །འོད་གསལ་སྟོང་རྗེན་ལྷང་ངེ་འཆར། །དེ་ཡི་ངང་ལ་གནས་པར་བྱ། །ལུས་སེམས་བྲལ་ནས་བག་ཆགས་ཀྱིས། །གུ་དྲག་བསྐྱེད་རིམ་ཟིན་མ་ཐག །ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྟེ། །ཡིད་ཡུལ་དྲག་པོ་དངོས་སུ་འགྱུར་། །བར་དོ་ཡིན་པར་ངོས་ཟིན་ནས། །བདེ་བ་ཅན་དུ་འཕུར་ཏེ་བྱོན། །དེ་མ་ཐག་ཏུ་སྐྱེ་བར་ངེས། །ཨོ་རྒྱན་རྗེ་དང་དྭགས་པོ་ཡི། །གདམས་ངག་གཅིག་དྲིལ་གོ་བདེ་


CMR010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཐུགས་དམ་བརྟན་ཅིང་འགྲོགས་ན་ཡང་། །ཉེས་སྐྱོན་མེད་ཅིང་ཚིག་དོན་ཡིད་ལ་འཆང་། །ཞེས་པ་༧རཱ་ག་ཨ་སྱས་སྦྱར་བའོ།། དགེའོ། ། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་རྒྱུན་བསྙེན་བྱེད་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དོན་རྩ།next