Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་རྒྱུན་བསྙེན་གྱི་དམིགས་རིམ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་རྒྱུན་བསྙེན་གྱི་དམིགས་རིམ་ཟབ་མོ།next

གུ་རུ་དྲག་པོའི་རྒྱུན་བསྙེན་གྱི་དམིགས་རིམ་ཟབ་མོ།


CMR010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་རྒྱུན་བསྙེན་གྱི་དམིགས་རིམ་ཟབ་མོ་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་མེ་ཕྲེང་ཅན་ལ་ཕྱག་འཚལ་ལོ། །གང་དག་གུ་དྲག་ཡི་དམ་དུ་བྱེད་པར་འདོད་ཀྱང་། མཚམས་དང་སྒྲུབ་པ་མི་ཁོམས་ལ༔ ལས་བྱང་ཆག་མེད་ཀྱི་མཆོད་གཏོར་ཡང་འཛོམས་དཀའ་བའི་གང་ཟག་གི་རྒྱུན་བསྙེན་འདོད་ནི། སྐྱབས་སེམས་སྤྱི་ལྟར་གང་རུང་སྔོན་དུ་སོང་བས། ཏིང་འཛིན་རྣམ་གསུམ་ཡིད་ཀྱིས་བསྒོམ་སྟེ། སྟོང་ཉིད་ལྟ་བ་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དུང་ངེ་བསྒོམས་ནས། ཁྲོ་རྒྱལ་སྟོབས་འདུས་མངོན་རྟོགས་ངག་འདོན་དུ་བྱས་ཏེ། གོ་ཆའི་སྔགས་རྣམས་བརྗོད་པ་ཙམ་གྱིས་གོ་ཆའི་ལྷ་རྣམས་གནས་སོ་སོར་ལམ་ལམ་སྐད་ཅིག་


CMR010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐྱེད་དེ། གདོད་ནས་དབྱེར་མེད་དུ་བསྒོམ་པའི་སྤྱན་འདྲེན་མི་དགོས་མོད་ཀྱི། འཛབ་དགོངས་དམིགས་པའི་འཕྲོ་འདུ་ཉིད། །ཡེ་ཤེས་བཞུགས་པ་དང་དབང་བསྐུར་བ་ཡང་ཡིན་ནོ། །དེ་ཡང་ཞི་བསྙེན་གོང་དུ་མ་སོང་བའི་གསར་བུ་ཡིན་ན་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པའི་བཀྲ་ཤིས་འཁུ་ལྡོག་ཉུང་བའི་ཕྱིར། རང་དྲག་པོའི་སྤྱི་བོའི་ཐོད་ཕྲེང་རྩལ་དེ་བླ་མ་དང་དབྱེར་མེད་འཁོར་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱིས་བསྐོར་བར་བསམས་ལ་ཞལ་ནས་ཧཱུྃ་སྒྲ་དང་ཕཊ་ཨཱ་ར་ལི་ཡི་སྒྲ་སྒྲོག་པ་དང་། ཕྱག་གི་ཐོད་པའི་རྔ་ལས་ཧཱུྃ་སྒྲ་སྒྲོག་པ་ཙམ་ཏི་རི་རི་བྱུང་བས། སངས་


CMR010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པ་ལ་བསྟེན་ནས་ཞིང་རབ་འབྱམས་ན་བཞུགས་པའི་རིག་འཛིན་གྲུབ་ཐོབ་རྩ་བརྒྱུད་ཀྱི་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་མེད་པར་ཁ་བ་བུ་ཡུག་ལྟར་བྱོན་ནས་ཐོད་ཕྲེང་རྩལ་ལ་ཐིམ། དེ་ཡི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་ནས། རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་ཐོབ་པར་བསྒོམས་ལ། ཐོད་ཕྲེང་རྩལ་གྱི་བསྙེན་པ་བྱེ་བའམ། བདུན་འབུམ་སུམ་འབུམ་ལས་མི་ཉུང་བ་གལ་ཆེ། གོང་དུ་ཞི་བསྙེན་མང་དུ་སོང་བ་རྣམས་ཀྱིས་འདི་མི་དགོས་ཤིང་ཐུན་མགོར་བརྒྱ་རེ་ཙམ་བྱས་ན་བླ་མའི་རྣལ་འབྱོར་དང་བདག་འཇུག་ཀྱང་ཡིན་པས་བྱིན་རླབས་ཆེའོ། །རང་དྲག་པོའི་ཐུགས་ཀར་གསེར་གྱི་མཆོད་རྟེན་། དེའི་ནང་དུ་ཧཱུྃ་དམར་སྤྱས་བྲིས་པ་ཙམ་ལ་སྔགས་གཡོན་དུ་བཀོད་ནས་གཡས་སུ་འཁོར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་ནས་ཟག་མེད་བདེ་བས་ཐུགས་བདེ་བར་བསྐྱེད་དེ། འོད་ཟེར་དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་པའི་འོད་ཟེར་དེ་དག་བཀྲག་


CMR010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་སླར་ཆེ་བར་གྱུར་ནས་ཚུར་འདུས་རང་ལ་ཐིམ་པས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐོབ་པར་བྷེ། དེ་བཞིན་དུ་རིག་འཛིན་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཞེས་གསུངས་པའི་རྒྱ་གར་གྱི་རིག་འཛིན་བརྒྱད་སོགས་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་བཀའ་བབ་ཀྱི་རིག་འཛིན་བརྒྱད་དང་། །གཏེར་སྟོན་བརྒྱ་རྩ་བརྒྱད་ལ་སོགས་པ་རང་གང་མོས་པའི་བླ་མ་དང་། དཔའ་བོ་མཁའ་འགྲོ་ཞེས་པ། བཀའ་དགོངས་ཕུར་གསུམ་བདེ་མཆོག་སྔོ་དམར་ཕག་ཁྲོས་སེང་གསུམ་སོགས་འོད་ཟེར་སྤྲོ་ལུགས་གོང་ལྟར་ལས། ཚུར་བསྡུ་བའི་ཚེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཨོ་དཀར་པོ་ཨཱཿདམར་པོ་ཧཱུྃ་སྔོན་པོའི་རྣམ་པར་བསྡུའོ། །ཡང་མ་མགོན་ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད་ལ་འོད་ཟེར་སྤྲོ་ལུགས་གོང་ལྟར་ལས། ཚུར་བསྡུ་དུས་འཁོར་ལོ་རྡོ་རྗེ་པདྨ་རིན་པོ་ཆེ་རྒྱ་གྲམ་གྱི་རྣམ་པར་བསྡུས་ནས་བསྟིམས་པས་མཐུ་དང་ནུས་པ་བྱིན་རླབས་དཔག་མེད་ཐོབ་པར་བསྒོམ། དེ་ལྟར་བསྒོམ་ལུགས་གཞུང་དུ་གསལ་བ་ལྟར་ཏེ། ཁྱད་པར་ཟངས་མདོག་དཔལ་རིར་འོད་ཟེར་འཕྲོས་པས་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཨོ་རྒྱན་ཆེན་པོའི་སྐུ་


CMR010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ལས་དྲག་པོའི་སྐུ་དང་སྔགས་ཕྲེང་དང་རྡོ་རྗེ་རྩེ་དགུ་པའི་རྣམ་པ་དཔག་ཏུ་མེད་པ་དང་ཨོ་དཀར་ཨཱདམར་ཧཱུྃ་མཐིང་དཔག་ཏུ་མེད་པ་ཆར་དང་ན་བུན་ལྟར་ཀྱི་ལི་ལི་བྱོན་ནས་རང་ལ་ཐིམ་པར་རྩེ་གཅིག་ཏུ་དམིགས་ལ་ཨ་ཙིག་ཡིག་འབྲུ་ཉི་ཤུ་པ་རྐྱང་པ་ལ་བརྒྱ་སྟོང་ཅི་འགྲུབ་བཟླས་པ་ནི་དངོས་གཞིའོ། །དེ་ནས་སྤྱི་གཙུག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཧི༔ སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི་ཚེ་བཅུད་དང་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བུམ་པར་བསྡུས། བུམ་པའི་ནང་ནས་བདུད་རྩིའི་རྒྱུན་བབས་པས་བདག་ལུས་བདུད་རྩིས་གང་བས་ཚེ་ཡི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་པདྨ་དྷ་རི་སོགས་ཅི་ལྕོགས་བཟླ། དེ་ནས་སྤྱི་བོའི་བྱ་ཁྱུང་ལས་འོད་ཟེར་འཕྲོས་པས་སྤྲུལ་པའི་ཁྱུང་གིས་ནམ་མཁའ་བར་སྣང་གང་སྟེ་གནོད་པར་བྱེད་པའི་ས་བདག་ཀླུ་གཉན་ཐམས་ཅད་ལ་ལས་ཟོས་ལ་ལས་གཏུབ། མེའི་གཤོག་པ་བརྡབ་པ་ལས་བྱེ་ཚན་གྱི་ཆར་གྱིས་ཤ་རུས་ཕྱེ་བས་གཟིར་ཏེ། ཕྱིན་ཆད་མི་གནོད་ཅིང་གང་བཅོལ་ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་པར་བསྒོམ་ཞིང་། བཛྲ་ཁྲོ་སོགས་ཁྱུང་སྔགས་བཟླ། དེ་ནས་དཔྲལ་བར་


CMR010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱི་ཐུགས་ཀར་ཨོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སྐུ་ཡི་རིགས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་མཆོད། འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་རྡོ་རྗེ་འཇམ་དབྱངས་ཀྱི་གོ་འཕང་ལ་བཀོད། སྐུ་མཚན་དང་དཔེ་བྱད་སོགས་སྐུའི་བྱིན་རླབས་དངོས་གྲུབ་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་ལ་སེར་མདངས་ཅན་དུ་ཚུར་འདུས། འཇམ་དབྱངས་ལ་ཐིམ་པས་རང་གི་མཚན་ལུས་ཀྱི་ངོ་བོ་འཇམ་དབྱངས་དང་དབྱེར་མེད་ཅིང་སྐུའི་ནུས་པ་བྱིན་རླབས་ཐམས་ཅད་དབྱེར་མེད་པར་བསྒོམ་ཞིང་། མཉྫ་ཤྲཱི་སོགས་འཇམ་དབྱངས་ཀྱི་སྔགས་བཟླ། དེ་བཞིན་དུ་རྟ་མགྲིན་གསུང་། ཕྱག་རྡོར་ཐུགས་དང་མེ་དབལ་ཕྲིན་ལས་རྣམས་རིགས་འགྲེས་པར་བྱས་ལ་སོ་སོའི་སྔགས་བརྗོད། ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས་འོད་ཟེར་འཕྲོས་ནས་རྡོར་སེམས་ཞི་བ་དང་ཁྲོ་བོ་ཡང་དག་བདེ་དགྱེས་ཆེ་མཆོག་གི་བྱིན་རླབས་བསྡུས་ཤིང་ཛྷཱ་ན་སཏཱ་སོགས་བཟླའོ། །ལྟེ་བའི་ཌཱཀི་ལྔ་ལས་འོད་ཟེར་ལྔ་འཕྲོས་ཡོན་ཏན་རིགས་ཀྱི་སངས་རྒྱས་དང་དཔའ་བོ་ཌཱཀྐི་ཐམས་ཅད་ལ་གོང་ལྟར་སྤྲོ་བསྡུ་བྱས་ལ་ཧྲིམ་སོགས་བཟླས། དེ་ནས་མེ་དབལ་


CMR010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་སྤྲུལ་པ་ལྕགས་སྡིག་རང་གི་མདུན་དུ་ཡོད་པ་དེ་ལ་སྤྲུལ་པའི་ལྕགས་སྡིག་གྲངས་མེད་པ་འཕྲོས་ཏེ། གནོད་བྱེད་དམ་སྲི་རྒྱལ་འགོང་ཐམས་ཅད་བཟུང་ཞིང་ཟ་བར་བརྩམས་པས་བཀའ་ཉན་གསུང་སྡོད་པའི་དམ་ལས་བརྡའ་སྟེ། ཞེས་སྲོག་སྙིང་ཕུལ་བར་བསམས་ལ་ཙིཏྟ་དུང་དུང་སོགས་བཟླ། སྤྲུལ་པའི་ལྕགས་སྡིག་ཐམས་ཅད་གཅིག་ལ་གཅིག་ཐིམ་ཧཱུྃ་དུ་གྱུར་ཏེ་སྤྲུལ་གཞི་ལ་བསྟིམ། དཔུང་པའི་ཕྱག་རྡོར་རྟ་མགྲིན་དང་འཁོར་ཊཱཀྐི་རཱ་ཙ་སྟོབས་པོ་ཆེ་ཁྲོས་མ་སྤུ་གྲི་རྣམས་བསྙེན་ནི་མི་དགོས། ཕྱག་རྡོར་རྟ་མགྲིན་གོང་དུ་སོང་། ཁྲོས་ནག་ཌཀྐི་སྡེ་ལྔར་འདུས། འདོད་རྒྱལ་སྟོབས་པོ་གཉིས་བཛྲ་ཧཱུྃ་ལ་འདུས། སྤུ་གྲི་ཨ་ཡ་མ་དུ་རུའི་ནང་དུ་སོང་ཡོད་པའོ། །དེ་ལྟར་མཚམས་སོགས་བྱེད་ན་དང་པོ་ཐོད་ཕྲེང་རྩལ་ལ་འབུམ་ཕྲག་གཅིག་ཡན་ཆོད་ཅི་འགྲུབ། ཨ་ཙིག་ཉི་ཤུ་པ་སུམ་འབུམ་ཡན་གང་འགྲུབ། འཁོར་རྣམས་ཁྲི་རེ་ཙམ་བཟླའོ། །རྒྱུན་བསྙེན་ནར་མ་ལ་ནི་ཐོད་ཕྲེང་རྩལ་བརྒྱ། ཨ་ཙིག་བརྒྱ་ཙམ་། གོ་ཆ་རྣམས་ལན་བདུན་ནམ་བཅུ་རེ་ཙམ་བརྗོད་དེ། དམིགས་པ་ཐེབས་རེ་ཟིན་པར་བྱའོ། །དེ་ནས་སྡེ་བརྒྱད་དྲེགས་པ་གཅུན་པའམ། བསྙེན་པ་སོགས་དགོས་པ་ཡོད་ན་


CMR010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་སྦྱར་བ་ནི། བསྙེན་པའི་དམིགས་པ་སྔགས་རྣམས་གོང་ལྟར་ཐུན་གཅིག་བསྒོམ་རྗེས། རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་སྟེང་འོག་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཁྲོ་བོ་ཧེ་རུ་ཀའི་རྣམ་པར་བཞུགས་པ་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་དམར་ནག་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས། མཐུ་སྟོབས་ཧེ་རུ་ཀ་ཀུན་དང་མཉམ་ཞིང་གཟི་བརྗིད་ཆེས་ཆེར་འབར་ནས་འོད་ཟེར་དམར་པོ་ཕྱིར་འཕྲོས་པ་ལས་བྱུང་བའི་ས་གཞི་མེ་ཡི་འཁོར་ལོ་རྩིབས་སྟོང་གཡོན་དུ་འཁོར་བ། གནམ་གསེར་གྱི་འཁོར་ལོ་རྩིབས་སྟོང་གཡས་སུ་འཁོར་བ། དེ་གཉིས་ཀྱི་རྩིབས་རལ་གྲི་སོ་གཉིས་པ་གཅིག་རྩེ་ལྟར་རྣོ་བ། གའུ་ཁ་ལྟར་འགྲིགས་ལ་ཁད་པའི་ནང་གི་ལྟེ་བར་བདག་དྲག་པོའི་ལས་བྱང་བསྐྱེད་ལ་སྔགས་བཟླས་པས་གནམ་གཡས་དང་ས་གཡོན་དུ་ཀྱི་ལི་ལི་འཁོར་བའི་རྩིབས་རྣམས་སོ་འཐབས་པའི་བར་དུ་གནོད་བྱེད་གང་ལ་དམིགས་པ་ཕྱེ་མར། དམར་ཉི་ལི་ལི་གཏུབས་པ་དེ་ལ་རྩིབས་བར་དང་ཕྱི་ནང་དུ་སྤྲུལ་པའི་ལྕགས་སྡིག་གྲངས་མེད་པས་ཧབ་ཐོབ་ཏུ་ཟ་བ་དང་། ཡང་བདག་གི་ཐུགས་ཀ་ནས་ཧཱུྃ་གྲངས་


CMR010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལས་མེ་དབལ་གྲངས་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། སྐུ་ལ་མེ་དཔུང་འབར་བ་འཚུབ་ཅིང་འཁྱིལ་བ་དང་ཕྱག་མཚན་རྡོ་རྗེ་དང་ཐོ་བས་གདོན་ཐམས་ཅད་ཏིལ་ལྟར་བརྡུང་རྡོ་རྗེའི་སེར་བས་ཁ་བ་བུ་ཡུག་གནམ་ས་བར་སྣང་གང་བར་བསྒོམ་སྟེ། དེ་གཉིས་དུས་གཅིག་མི་གསལ་ན། བསྒོམ་རེས་བྱ་ཞིང་བཛྲ་ཧཱུྃ་ནས་མཱ་ར་ཡ་ཧཱུྃ་ཕཊ་ཡན་ཆད་རྩ་སྔགས་ལ་སྦྱར་ལ་བཟླ། ཁྱད་པར་རྒྱལ་པོ་འདུལ་ན་ནཱ་ག་རཱ་ཙ་གནོད་བྱེད་ཅེས་སོགས་དང་སྔགས་གསུམ་ཁ་སྦྲེལ་ལོ། །ཅི་ཙམ་དེས་ཆོག་གི །གདོན་གཞན་དངོས་ཡོད་ན་ས་མ་ཡ་དང་མཱ་ར་ཡའི་བར་མིང་བཅུག་གོ །ཡང་རྟགས་ཐོན་ན་བཟླ་མི་རུང་ཞིང་། སྤྲུལ་པ་ཡང་སྤྲུལ་འཁོར་སོགས་རང་ཉིད་ལ་བསྡུས་ཏེ་བྱམས་སྙིང་རྗེ་བསྒོམ། སྟོང་ཉིད་ཀྱི་རྒྱས་བཏབ་ལ་བསྔོ་བ་བྱས་པས་ལྷར་འཕར་ལྡང་མི་འབྱུང་བའི་གནད་ཆེ་བའོ། །འདི་ཡི་སྐབས་སུ་བསྒོམ་པ་ཡང་ཐུགས་དབུས་ཧཱུྃ་གི་ནང་སྦུ་གུ་ལྟ་བུའི་གཡས་སུ་ཕོ་རིགས། གཡོན་དུ་མོ་རིགས། རྒྱབ་ཏུ་ས་ཞིང་ཁང་མཁར། མདུན་དུ་ནོར་རྫས། ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ། ཟླ་ཚེས་ནང་དུ་ཡི་དམ། འ་ཆུང་ནང་དུ་ཆོས་སྐྱོང་སྒོམ་པ་ལྷ་དབྱེས་མི་ཚུགས་པ་དང་། ཞབས་ཀྱུའི་ནང་དུ་སྡེ་


CMR010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ས་བོན་དོད་ཙམ་མགོ་ཐུར་བསྟན་དུ་བསྒོམ་པ་སྡེ་བརྒྱད་ཀྱི་སྲོག་བཙོན་དུ་བཟུང་ནས་འཁུ་ལྡོག་མི་ནུས་པའི་ཟབ་གནད་སྙན་དུ་བརྒྱུད་པའོ། །ཐུན་མཐར་ལས་སྦྱོར་དུས་སྤྲུལ་པ་རང་ཉིད་ལ་བསྡུ་བ་སོགས་མ་བྱས་ན། ལྷ་འདྲེ་ལ་གནོད་པ་དང་ཆར་དཀོན་པ་སོགས་འབྱུང་བའི་ལྟས་གལ་ཆེ་ལ་བསྙེན་པའི་དུས་ནི་བློས་བྱས་ཀྱི་རྫོགས་རིམ་མི་དགོས་ཏེ། རྒྱུད་ལས་ཉམས་ལེན་སེམས་ཀྱི་ངོ་བོའི་སྟེང་དུ་བཞག་པ་མཆོག་ཡིན་ནོ། །དེ་ལྟར་མངོན་རྟོགས་ངག་ཏུ་བརྗོད་ཅིང་ཐུན་དང་གྲངས་སུ་གཅོད་པ་ནི། ༈ འབྲིང་ལྷ་བསྐྱེད་བཟླས་པ་བྱེད། ཅེས་པའི་དོན་ཡིན་པས་རབ་ཀྱིས་གསལ་སྟོང་ཏིང་འཛིན་བསྒོམ། ཞེས་པའི་རྟོགས་ལྡན་རྣལ་འབྱོར་པས་ནི། མངོན་རྟོགས་ངག་ཏུ་བརྗོད་མི་དགོས་ཏེ། སྟོང་ཉིད་ལྟ་བའི་སོ་མ་ཉམ་པའི་ངང་ནས། རྣམ་པ་ངག་ཏུ་བཤད་པའི་དམིགས་པ་དེ་དག་བྱ་ཞིང་། ངག་སྔགས་བཟླས་པ་ཁོ་ནས་ཆོག་གོ །ཐ་མ་གདུང་བའི་གསོལ་བ་འདེབས་ཞེས་པའི་རང་ཉིད་ལྷ་དང་དབྱེར་མེད་མ་རྟོགས་པས་ཡེ་ཤེས་ཀྱི་ལྷ་དང་ཟངས་མདོག་དཔལ་རི་སོགས་སུ་བཞུགས་པ་ལ་དད་གུས་གདུང་བ་དྲག་པོས་གསོལ་བ་འདེབས་པ་དང་། ལས་བྱང་སྤྱན་འདྲེན་མཆོད་བསྟོད་


CMR010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གསོ་སོགས་བརྩོན་འགྲུས་བྱ་བ་ཁོ་ནའོ། །དེ་ལྟར་སྒྲུབ་ལུགས་གང་བྱེད་ཀྱང་རྟགས་ནི་རྟགས་ཡིག་ལྟར་རོ། །ཞེས་པ་བླ་མ་བརྩོན་འགྲུས་ཀྱིས་བསྐུལ་བ་ལ་བརྟེན་ནས་བྲིས་པས་ནོངས་པ་གང་མཆིས་མཁས་གྲུབ་རྣམས་ལ་བཤགས་ཤིང་དགེ་བས་ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་པདྨོ་ལ་སྐྱེ་ཕྱིར་ཡོངས་སུ་བསྔོའོ། །རིག་སྔགས་འཆང་བ་རཱ་ག་ཨ་སྱས་བྲིས་པའོ།། མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་རྒྱུན་བསྙེན་གྱི་དམིགས་རིམ་ཟབ་མོ།next