Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་དྲག་མཚོན་ཆ་འཁོར་ལོའི་བཅའ་ཚོགས་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་དྲག་མཚོན་ཆ་འཁོར་ལོའི་བཅའ་ཚོགས་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས།next

གུ་དྲག་མཚོན་ཆ་འཁོར་ལོའི་བཅའ་ཚོགས་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས།


CMR010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གུ་དྲག་མཚོན་ཆ་འཁོར་ལོའི་བཅའ་ཚོགས་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས་བཞུགས་སོ༔


CMR010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་པདྨའི་ཞབས་ལ་འདུད༔ མཚོན་ཆ་འཁོར་ལོའི་བཅའ་ཚོགས་ནི༔ གཞུང་ལྟར་བྱེད་ན་ས་སྟེགས་སྟེང་༔ རྡུལ་ཚོན་མ་ཏྲ་གཡང་གཞི་བྲི༔ དབུས་སུ་འཁོར་ལོ་རྩིབས་དགུ་བྲི༔ དེ་སྟེང་གྲུ་གསུམ་ཧོ་ཁུང་ནང་༔ དགྲ་བགེགས་ལིངྒ་མིང་བཅས་བཙུག༔ ཐ་མ་རྩང་སྐོར་ཐུན་ལམ་ནས༔ ཕུར་པས་བཅད་དེ་བཞག་པའི་སྟེང་༔ ཁྲི་སྟེང་ཐོད་སྐྱེད་ལྕགས་སྣོད་དུ༔ གཞུང་ལྟར་གཏོར་ཟློག་བཅས་པ་ཡི༔ རྩེ་ལ་སོ་སོའི་སྐུ་དང་ནི༔ ཁྱུང་གི་ཙཀླུ་སྔགས་བཅས་པ༔ དེ་སྟེང་དར་གདུགས་ནག་པོ་ཕུབ༔ གཏོར་མ་གཙོ་བོར་རྩང་ཉེར་གཅིག༔ འཁོར་ལ་བདུན་རེ་


CMR010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་བྱས་ལོ༔ ལྕགས་སྣོད་མཐའ་ལ་རྩང་མི་འཛུགས༔ ས་སྟེགས་མཐའ་ལ་རྩང་ཉེར་བརྒྱད༔ ཡང་ན་དྲུག་ཅུ་རྩ་བཞི་འཛུགས༔ དེ་ནི་རྒྱ་གྲམ་སྲིན་མོའི་འགྲོས༔ ཕྱོགས་བཞི་སྒོ་རྩང་བཞི་པོ་ནི༔ ཟླུམ་པོ་སྟོད་སྨད་གཉིས་ཀ་ནི༔ ཧྲིལ་པོ་འཕང་དང་འདྲ་བ་དཀར༔ སེར་པོ་སྟོད་སྨད་གྲུ་བཞི་ཅན༔ ཟླ་གམ་སྟོད་སྨད་གཉིས་ཀ་ནི༔ ཟླུམ་པོའི་ཕྱེད་ཙམ་ཅུང་གཞོགས་པ༔ བྱང་དུ་དྲག་པོའི་རྩང་ཟུར་གསུམ༔ བཞི་ཁའི་སྐེད་པ་རྒྱ་མདུད་དེ༔ སྟོད་སྨད་བཞི་ཁ་ཕྱོགས་མདོག་བྱ༔ ཤར་དཀར་ལྷོ་སེར་ནུབ་དམར་དང་༔ བྱང་ལྗང་སྒོ་མ་བཞི་ཡི་རྩང་༔ དེ་མན་རྩང་


CMR010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟོད་དམར་པོ༔ བཙན་དམག་དང་ནི་མེ་རིས་མཚོན༔ སྨད་རྣམས་ནག་པོ་བདུད་དམག་དང་༔ མུ་རན་ལྕགས་རི་ནག་པོ་མཚོན༔ རྩང་རྒྱན་ཤོག་གུའམ་རས་ལ་ནི༔ དར་པན་འདྲ་བའི་ནར་མོ་བརྒྱད༔ རྩང་གྱེར་ནང་ལྟར་གཅན་གཟན་སོགས༔ སྟོད་སྨད་བར་གསུམ་བྲི་བྱ་ཞིང་༔ རྒྱབ་ཏུ་ལོཀྟི་པཱ་ལ་དང་༔ རྡོ་བཟློག་སྔགས་སོགས་ཟློག་སྔགས་བྲི༔ ཕྱོགས་བཞི་མཚམས་བརྒྱད་རྩང་ལ་བཏགས༔ རྩང་རྩེ་རེ་ལ་ལིངྒ་རེ༔ སྙིང་ཁར་རྩང་རྩེ་ཟུག་པར་བྱ༔ དེ་ལ་ཁྲག་བྱུག་ཤ་དུམ་སྦྱར་ཁྱད་པར་གློ་བའི་དུམ་བུ་འམ༔ རྒྱུ་མ་སྤྱར་བ་སྤྲུལ་འདྲ་བ༔ རྩང་གི་རྒྱབ་ནས་ལན་གསུམ་བཅུད༔ མདུད་པ་སེ་ཆིངས་མདུད་དུ་བྱ༔ དེ་མདུན་མཆོད་པ་རྣམ་པ་བདུན༔ ཁྲག་གི་མཆོད་ཡོན་ཞབས་བསིལ་དང་༔ དབང་པོ་ལྔ་ཡི་གཟུགས་ལ་ནི༔ འབྲི་མོག་བྱུག་པའི་མེ་ཏོག་གམ༔ ཤ་དུམ་ཚིལ་དུམ་སྤོས་ཡིན་ལ༔ རྐང་དང་ཚིལ་གྱི་མར་མེ་དང་༔ ཁྲག་ཞག་འདྲེས་པའི་དྲི་ཆབ་དང་༔ ལྷ་བཤོས་དམར་པོ་ཟུར་གསུམ་པ༔ རྐང་དུང་ཐོད་རྔ་ཀླུ་རུ་བཤམས༔ ཁྲོ་ཕུར་རལ་གྲི་དབྱུག་པ་དང་༔ རྡོ་རྗེ་གྲི་ཁུག་ཐོ་བ་དང་༔ ཁྲོ་ཞལ་མེད་པའི་ཐུན་ཕུར་དང་༔ ཡུངས་དཀར་རཀྟ་དུག་རྡོ་


CMR010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན༔ མཚེ་དང་མདའ་མདུང་ཐུན་རྫས་རྣམས༔ འདོན་ཆོག་ནང་ན་ཡོད་ལྟར་བཤམས༔ ཟློག་པའི་རྒྱབ་ངོས་མཐོ་བའི་སར༔ འགུར་དྲག་ཞལ་ཐང་ཡོད་ན་བཤམས༔ ཡར་ལ་མཆོད་གཞིའི་ཐོག་ཏུ་ནི༔ ཕུགས་གཏོར་ལྷ་གྲངས་གང་ཡོད་དང་ཚོགས་དང་གཏོར་འབུལ་མཐེབ་སྐྱ་དང་༔ ཞི་བའི་མཆོད་པ་ལྔ་དང་ནི༔ ཁྱད་པར་བསྐང་གཏོར་སྤྱི་ལྟར་ནི༔ འབྲུ་ཡིས་བཀང་བའི་སྣོད་དུ་ནི༔ རི་རབ་བང་རིམ་བཞི་པའི་སྟེང་༔ ཞི་བའི་ལས་ལ་ཟླུམ་པོ་དང་༔ རྒྱས་པའི་ལས་ལ་ཟུར་བཞི་པོ༔ དབང་གི་ལས་ལ་ཟུར་གཉིས་དང་དྲག་པོ་ལ་ནི་ཟུར་གསུམ་སྟེ༔ ཅི་མཛེས་མར་རྒྱན་ཡིན་ན་ཡང་༔ ཞི་བའི་མར་རྒྱན་མེ་ཏོག་གཟུགས༔ རྒྱས་པ་ལ་ནི་ནོར་བུ་དང་༔ དབང་ལ་ཉི་ཟླ་ནོར་བུའོ༔ དྲག་པོ་མེ་རི་བྱས་པའི་སྟེང་༔ བསྐང་འབྲས་པར་བཏབ་ཐུར་མར་བཙུགས༔ རྩེ་ལ་བཀྲ་ཤིས་རྟགས་བརྒྱད་དང་༔ དེ་འོག་རྒྱལ་སྲིད་སྣ་བདུན་དང་༔ དེ་འོག་བྱ་རིགས་སྣ་ཚོགས་ཏེ། ཁྱུང་དང་རྨ་བྱ་བྱ་ནག་བཙུགས༔ དེ་འོག་རི་དྭགས་སྣ་ཚོགས་ཏེ༔ ཤ་དགོ་རྣ་གསུམ་གཙོ་བོ་ཡིན༔ དེ་འོག་གཡུང་དྭགས་སྣ་ཚོགས་ཏེ༔ གཡག་ནག་ལུག་ནག་རྟ་ནག་དང་༔ ཁྱི་


CMR010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གཅན་གཟན་པར་བཏབ་བོ༔ དེ་འོག་ཕྱག་མཚན་སྣ་ཚོགས་སོགས༔ དེ་འོག་ཆུ་གནས་སྣ་ཚོགས་བཙུགས༔ གཟུགས་བརྙན་མེད་ཐབས་མེད་པ་ནི༔ ཞེ་སྡང་སྦྲུལ་ནི་ནག་པོ་དང་༔ འདོད་ཆགས་བྱ་ནི་དམར་པོ་དང་༔ གཏི་མུག་ཕག་ནག་ཕྲག་དོག་ཁྱི༔ ང་རྒྱལ་མི་དང་དུག་ལྔ་སྟེ༔ དུག་ལྔའི་སྒྲིབ་པ་སྦྱང་བའི་ཕྱིར༔ དུག་ལྔ་ཀུན་བསླངས་ཉམས་ཆག་བསྐང་༔ ཤ་རྒྱན་མར་ཐུད་རིལ་བུས་བརྒྱན༔ དེ་ནི་བླ་མ་ཡི་དམ་དང་༔ ཆོས་སྐྱོང་སྤྱི་ཡི་བསྐང་གཏོར་ཏེ༔ གཟུགས་རྣམས་ནང་དུ་གཏོར་མ་ལ༔ ཁ་བསྟན་བཅའ་བ་སྲུང་བའི་ལུགས༔ ཕྱི་རུ་ཕྱོགས་བཞིར་ཁ་བསྟན་དམག་ཐབས་ཏེ༔ ཟློག་པའི་ལས་ལ་བྱ་བ་ཡིན༔ ཕྱོགས་གཅིག་མདུན་དུ་ཁ་བསྟན་པ༔ ཇག་ཐབས་བསད་པ་འགྲུབ་པའོ༔ ཟློག་པ་མཐོ་ན་རང་ལ་ལྡོག༔ དེ་ཕྱིར་རང་གི་སྙིང་ཁ་ལས་མི་མཐོ་བ་རུ་བཤམས་ན་ལེགས༔ དེ་ཕྱིར་མལ་ས་མཐོ་ན་བཟང་༔ དེ་ནི་རྒྱས་པའི་བཅའ་ལུགས་ཏེ༔ གཞུང་ནས་བཤད་དང་མཐུན་ན་ལེགས༔ སྤྱི་རྒྱ༔ འོན་ཀྱང་དེ་འདྲ་བཅའ་དཀའ་བས༔ རང་མདུན་བྲུབ་ཁུང་ལིངྒ་བཞག༔ དེ་སྟེང་ཨོ་ཆུང་བཅིངས་བའི་སྟེང་༔ ཕུབ་བམ་ལྕགས་འགུ་སླ་ངའི་ནང་༔


CMR010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འཇིམ་ཞལ་སྟེང་དུ་འཁོར་ལོ་ནི༔ རྩིབས་དགུ་ནག་པོ་བྲིས་པ་ཡི༔ དབུས་དང་རྩིབས་ལ་བྲུབ་ཁུང་དགུ༔ དེ་ནང་ཟན་ལིང་པར་མ་རེ༔ རེ་རེའི་སྟེང་དུ་གཏོར་མ་རེ༔ ཟུར་ལ་རྩང་ཐུང་འཛུགས་པ་དང་༔ གཙོ་བོའི་རྩེ་ལ་ཁྱུང་དར་གདུགས༔ ཤ་ཁྲག་ལིང་ཆུང་བརྒྱན་པར་བྱ༔ མཚམས་སུ་མཐེབ་སྐྱུ་ཁ་ཕྱིར་བསྟན༔ མཐའ་ལ་རྩང་རིང་ཉེར་བརྒྱད་དང་༔ སྒོ་རྩང་བཞི་ནི་ཐད་ཀར་བཙུགས༔ སྔོ་དམར་ཐག་པས་ལན་གསུམ་དཀྲི༔ དེ་ནི་བཅའ་སླ་རྒྱས་བསྡུས་མཚམས༔ ལེགས་ཤིང་ཀུན་ཕན་སྤྱི་རྒྱ༔ དེ་ནས་བསྡུས་པའི་བཅའ་ལུགས་ནི༔ ཀ་ཊོ་རའམ་ཟངས་ལྕགས་སྣོད༔ དམར་གཏོར་གཙོ་བོ་ཆེ་བ་ལ༔ འཁོར་ནི་དགུ་ཡིས་བསྐོར་བ་ལ༔ རེ་རེའང་ཤ་དང་ལིངྒ་ནི༔ མགོ་མཇུག་ལྡོག་སྟེ་ཟན་ལིང་བཙུགས༔ རྩེ་ལ་བྱ་ཁྱུང་ཙཀ་ལི་སྟེ༔ ནང་རུང་ཕྱི་རྩང་མི་དགོས་པོས༔ རྩང་གྱེར་འདོན་ནི་མི་དགོས་སོ༔ འོག་ཏུ་གོད་ལྤགས་བཏིང་བ་ནི༔ རུ་ཏྲའི་གཟུགས་བརྙན་གོ་ཆོད་དེ༔ མདོས་གདན་བཞག་ན་ཡོན་བདག་ལ༔ ངན་པས་མདོས་མཁན་ཉིད་ཀྱིས་ཁྱེར༔ ནོར་མི་ཉན་ན་རོང་ལ་དོར་མི་བཞག་པ་ནི་དམ་ཚིག་གོ༔ བསྡུས་པའི་བཅའ་ལུགས་སྤྱི་རྒྱུ༔ དེ་


CMR010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤིན་ཏུ་བསྡུས་པ་ནི༔ ཚེས་བཅུ་དགུ་གཏོར་ལ་སོགས་ནི༔ ཉིན་རྫོགས་བཅས་ནས་ཕུལ་རུང་སྟེ་ཟངས་ལྕགས་སྡེར་རམ་ཐོད་པའི་ནང་༔ དམར་གཏོར་གཅིག་ལ་དགུ་ཡིས་བསྐོར༔ རྩེ་ལ་པར་བཏབ་ཁྱུང་གཟུགས་བཙུགས༔ ཐ་མ་མཐེབ་སྐྱ་བརྒྱད་ཀྱིས་བསྐོར༔ བཞི་ཡི་སྟེང་དུ་བཤམས་པས་འཐུས༔ བསྒྲལ་ལས་བྱ་རྒྱུ་ཟན་ལིང་གཅིག༔ བསྟོད་བསྐུལ་འདོན་པའི་གཏོར་ཆུང་གཅིག༔ དེ་ལ་གཞུང་ལྟར་ཚར་གཅིག་འདོན༔ དོ་ནུབ་གཏོར་འབུལ་ཞོར་ལ་ནི༔ ཕུལ་ཏེ་ཅུང་ཟད་ཐག་རིང་བསྐྱལ༔ དེ་ནི་བསམ་གཏན་ཆོ་ག་སྟེ༔ འབྱོར་པ་ཆུང་ངམ་མི་ཁོམ་པའམ༔ རྟོགས་པ་ལྡན་པའི་རྣལ་འབྱོར་པས༔ བཅའ་ཚོགས་རྒྱས་བསྡུས་མི་ལྟོས་ཏེ༔ དམིགས་རིམ་གསལ་བས་ནུས་ཐོན་ཕྱིར༔ བསམ་གཏན་ཆོ་ག་ཞེས་གྲགས་སོ་ཤིན་ཏུ་བསྡུས་པའི་བཅའ་ཐབས་ལེགས༔ དེང་སང་སྔགས་པ་རྔ་རྡུང་ལ༔ ཁམས་ཀྱི་ཕྱོགས་འདིར་ཨ་མྱེ་ཟེར༔ ལ་ལས་སྒོམ་པ་སྒོམ་པ་ཟེར༔ དབུས་ཀྱི་ཕྱོགས་སུ་ཨ་ཁུ་ཟེར༔ དེ་དག་རྣམས་ཀྱི་བྱ་རྒྱུ་ལ༔ གཤེད་འདུལ་རྒྱ་ནག་ལུགས་ལ་ནི༔ གཅོད་ལུགས་དུར་གཅོད་བྱེད་པའམ༔ དྲག་པོ་ལྕགས་འདུལ་བཅའ་བ་དང་༔ ཆུང་རྡུང་


CMR010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རྫ་འཛབ་དང་༔ ཐན་ཟློག་ཀོང་ཙེའི་གཏོ་སྒྱུར་དང་༔ ནག་པོ་མགོ་གསུམ་བཅའ་བ་དང་༔ བདེ་རིམ་ལོ་དུས་རིམ་གྲོ་དང་༔ མགོ་གསུམ་བཅའ་དང་གཏོ་ཕྲན་དང་༔ རྒྱལ་པོའི་གནོད་ལ་རྒྱལ་མགྱོགས་རྒྱལ་མདོས་དང་༔ འདྲེ་མོའི་གནོད་ལ་རྫ་མདོས་དང་༔ གཤེད་ལ་གཤེད་ཟློག་ལ་སོགས་པ༔ ཀུན་རྫོབ་རྟེན་འབྲེལ་ཆོས་ཉིད་ཙམ༔ རྣམ་རྟོག་ཡོད་ཕྱིར་རྐྱེན་འགྱུར་བ༔ གསུངས་ཕྱིར་ཅི་བཞིན་ཤེས་ན་ནི༔ རང་རང་བདེན་པ་ཡོད་པ་ནི༔ རྟེན་འབྲེལ་བསླུ་བ་མེད་པ་ཡིན༔ འོན་ཀྱང་ཇི་བཞིན་ཤེས་པ་དཀོན༔ ཤེས་ཀྱང་གཞུང་བཞིན་བཅའ་མི་འཁྱོངས༔ རྫས་དང་ཡས་སྟགས་འཛོམ་མི་ཐུབ༔ དེ་བས་བསྐང་ཟློག་གཉིས་པོ་ལེགས༔ ༈ གཤིན་རྗེ་ལ་སོགས་ཟློག་པ་ཡོང་༔ རྒྱུན་དུ་བཅས་ན་རང་ལ་ངན༔ དེང་སང་བྱད་ཁ་མེད་པ་མེད༔ དེ་ཕྱིར་དགོན་སྡེ་མང་པོ་བཤིགས༔ ཕལ་ཆེར་བསྟན་ལ་གནོད་བྱེད་མང་༔ དེ་ཕྱིར་གནོད་མཁན་དེ་རྣམས་ཀྱང་༔ ལྷ་ཡིན་འདྲེ་ཡིན་འབྱེད་མི་ཐུབ༔ ཆོས་སྐྱོང་བརྡུང་བཏགས་བཏང་བ་ཡིས༔ མི་ལ་ཅུང་ཞིག་ཕན་ན་ཡང་༔ རང་ཉིད་ཚེ་ཐུང་ལྟུང་བ་ཕོག༔ ༈ མགོན་པོ་ལྷ་མོའི་གཏོར་ཟློག་རིགས༔ ཧཱུྃ་ཧཱུྃ་ཕཊ་


CMR010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་བྱས་ན་ཡང་༔ ཡོན་བདག་སྡིག་ཅན་དམ་ཉམས་མང་༔ སྲུང་བ་མཐུ་རུ་འགྲོ་དོགས་ཡོད༔ ༈ མཁའ་འགྲོའི་གཏོར་ཟློག་ལ་སོགས་པ༔ གཞན་དོན་མི་རུང་བཀའ་རྒྱ་ཅན༔ མང་དུ་བཅས་ན་རང་སྲོག་ཆད༔ དེ་བས་མཚོན་ཆ་འཁོར་ལོ་འདི༔ ཟབ་ཅིང་རྣོ་ལ་བྱིན་རླབས་ཆེ༔ རང་དོན་གཞན་དོན་ཀུན་ལ་རུང་༔ ལོ་རེ་བརྒྱ་ཕྲག་མང་བཅས་ཀྱང་༔ བྱིན་རླབས་ངག་ནུས་ཇེ་ཆེ་ལས༔ འདི་ཕྱི་གང་ཡང་མི་གནོད་དེ༔ ལྷ་འདྲེ་ཀུན་གྱི་སྐྱབས་གནས་ནི༔ ཨོ་རྒྱན་ཆེན་པོ་ཡིན་པ་དང་༔ མཚོན་ཆ་འཁོར་ལོ་འདི་ཡང་ནི༔ དོན་ལ་ཨོ་རྒྱན་མཆོད་པ་ཡིན༔ བནྡེས་འདྲེ་བརྡུངས་བྱས་ན་ཡང་༔ ཕྱི་མ་ཕྱག་རྒྱ་ཆེན་པོ་བརྙེས༔ དེ་སྐད་དུ་དྲག་གཞུང་ལས་གསུངས༔ དེ་ཕྱིར་ཕྱི་རབས་སྔགས་འཆང་དང་༔ ཡོན་བདག་ཆེ་ཕྲ་ཐམས་ཅད་ཀྱིས༔ འདི་ཕྱི་ཀུན་ལ་དགེ་འདོད་ན༔ སྐུ་རིམ་མཚོན་ཆ་འཁོར་ལོ་གསུངས༔ སྟོབས་ཆེ་སྐུ་རིམ་ཆེ་འདོད་ན༔ ཚར་གྲངས་བརྒྱ་རྩ་བསོགས་པར་གྱིས༔ མཚོན་ཆ་འཁོར་ལོ་ཚར་གཅིག་ལ༔ གུ་དྲག་འཇམ་དཔལ་རྟ་མགྲིན་གསུམ༔ ཕྱག་རྡོར་མཁའ་འགྲོ་མེ་དབལ་དྲུག༔ ཁྱུང་དང་ཟློག་པ་ཚར་བདུན་ཡོད༔ དེ་ཕྱིར་གཏོར་ཟློག་ཚར་གཅིག་ལ༔


CMR010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པ་ཚར་བདུན་ཡོད་པའི་ཕྱིར༔ ཚར་གྲངས་བཅོ་ལྔ་ཐོན་ན་ནི༔ ཟློག་པ་བརྒྱ་དང་ལྔ་ཡིན་ནོ༔ གུ་དྲག་བསྐང་བ་ཚར་གཅིག་ལ༔ སྐུ་གསུམ་གོ་ཆ་ལྷ་ལྔ་དང་༔ ཁྲོ་བཅུ་བཀའ་སྲུང་དང་བཅས་པས༔ བསྐང་བ་རིགས་བཅུ་ཚང་བའི་ཕྱིར༔ ཚར་བཅུ་ཐོན་ན་བསྐང་བ་བརྒྱ༔ བསྐང་བ་ཟློག་པ་བརྒྱ་རྩ་ལས༔ ལྷག་པར་རིམ་གྲོ་མེད་པའོ༔ གཙོ་བོའི་ཟློག་པ་དེ་ཡིས་ནི༔ རིག་འཛིན་དྲག་པོ་སྙིགས་མའི་དུས༔ ཐུགས་རྗེ་བྱིན་རླབས་གློག་བས་མྱུར༔ འཇམ་དཔལ་ཟློག་པ་ཡོད་པ་ལ༔ གཤིན་རྗེའི་ཟློག་པ་ཐམས་ཅད་ཚང་༔། རྟ་མགྲིན་ཟློག་པར་རྟ་མགྲིན་གྱི༔ ཟློག་པ་ཐམས་ཅད་ཚང་བ་ཡིན༔ ཕྱག་རྡོར་ཟློག་པ་ཐུགས་ཀྱི་རིགས༔ མཁའ་འགྲོའི་གཏོར་ཟློག་ཐམས་ཅད་ཚང་༔ མེ་དབལ་ཁྲོ་བཅུའི་ཟློག་པ་ཡི༔ ཕུར་པའི་ཟློག་པ་ཚང་བ་ཡིན་༔ ཁྱུང་གི་ཐན་ཟློག་ཐམས་ཅད་ཚང་༔ ལྷ་གྲངས་བཀའ་བརྒྱད་ལྷ་གྲངས་ཡིན༔ ཁྲོ་བོ་རོལ་པའི་གཏོར་ཟློག་ཚང་༔ རྣོ་སོ་ལྷ་འདྲེ་ཐམས་ཅད་ཀྱིས༔ རྣོ་སོ་བཙན་བདུད་ཀླུ་གསུམ་ནི༔ ཡིན་པར་སྲིད་པ་གཏེར་ཁྱིམ་གསལ༔ དེ་ཕྱིར་འདི་ལས་རྣོ་བ་མེད༔ བསྐང་བ་ཡང་ནི་དེ་བཞིན་དུ༔ དྲག་པོའི་བསྐང་བ་ཐམས་ཅད་


CMR010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་༔ མི་རྒན་རྟ་ཕྱུགས་རྒས་ཤི་བའི༔ མགོ་རྡུང་གཤེད་འདུལ་ཆེར་མི་བྱ༔ རྒན་སྲི་བརྡུངས་ན་གཞོན་སྲི་ལངས༔ མི་དང་རྟ་ནོར་གཞོན་ཤི་ལ༔ མགོ་རྡུང་གཤེད་འདུལ་གཟབ་པ་བཅས༔ གཤེད་དང་གྲི་བོ་ཆུང་སྲི་དང་༔ གོད་འདྲེ་ཟ་འདྲེ་གང་འདུལ་ཡང་༔ དེ་ཡི་ལིངྒ་མིང་བཅས་པ༔ ཧོམ་ཁུང་བཅུག་ལ་བསྒྲལ་ལས་བྱ༔ ཟན་ལིང་བསྒྲལ་ལ་གཏོར་ཟློག་བསྟབ༔ ཐུན་མཚམས་ཨ་ཙིག་སྡེ་བརྒྱད་ཤམ༔ ཟ་འདྲེ་ཤི་གཤེད་ཆུང་སྲི་དང་༔ གོད་འདྲེ་ལ་སོགས་གང་གནོད་པ༔ མ་རཱ་ཡ་ཧཱུྃ་ཕཊི༔སྦྱར་བའི༔ བསྙེན་པ་མང་བཟླས་བསྒྲལ་ལས་དུས༔ གང་ཡིན་མིང་བརྗོད་བཀུག་གཞུག་དང་༔ བསྒྲལ་བསྟབ་དམིགས་པས་དྲག་ཏུ་གཟིར༔ ཉབ་ཉོབ་འདོན་པ་གཞན་སྐྱུར་ལ༔ གུ་དྲག་ལས་བྱང་བསྐང་བ་དང་༔ ཟློག་པ་ཚར་གྲངས་ཅི་མང་སོགས༔ ཐུན་མཚམས་མ་གཏོགས་ངག་བཅད་ལ༔ ཕྱི་ན་མི་ཡན་མཚམས་ལྟར་བྱ༔ དེ་ལྟར་བྱས་ན་རྨི་ལྟས་བྱུང་༔ དེ་བྱུང་གདོན་དེ་ངེས་པར་ཐུལ༔ ༈ ཧ་ཅང་གདོན་ནི་ཆེ་དྲག་གམ༔ རྐྱེན་ཆག་ཤིན་ཏུ་ཆེ་བ་ན༔ ཤི་རྒྱུ་ཡིན་ཡང་ན་བས་ཐུབ༔ ཐུ་མོ་ན་རྒྱུ་གོད་ཚག་གིས༔ ཐུབ་པར་འོང་བས་བསམ་མེད་འགས༔ གཏོར་སྒབ་མི་དྲོ་ཟེར་


CMR010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དོ༔ རྐྱེན་འགྱུར་ཐུབ་རྟགས་ལེགས་པ་དེ༔ འཕྲལ་དེར་རྩུབ་ཞད་བཟང་བ་ཡིན༔ སྨྱོན་པ་ལ་སོགས་གདོན་ཆེན་ལ༔ གཏོར་ཟློག་བརྒྱབ་ན་ཆོད་ཆེ་ཡང་༔ རང་ལ་རྩུབ་པས་མི་ལེགས་སོ༔ ལིངྒ་གཏོར་ཟློག་རྒྱབ་ལུགས་ཀྱང་༔ མཐོང་བ་བརྒྱུད་པ་མེད་པ་དག༔ ལག་ཏུ་ལོན་པ་དཀའ་བ་ཡིན༔ ཕྱི་རོལ་ཟོར་དུ་འཕེན་པ་ཡང་རྩིས་ལ་ཤིན་ཏུ་མཁས་དགོས་ཀྱིས༔ དེ་མིན་ཡག་ཉེས་ཤིན་ཏུ་ཆེ༔ དེ་ནས་གཏོར་སྐྱོང་ལུགས་ཞེས་པ༔ ཕྱོགས་ནི་གཙང་སར་འབུལ་བས་ལེགས༔ ཉེ་སར་ཕུལ་བས་འཁོར་ལ་གནོད༔ མདའ་རྒྱང་ཕན་ལ་བསྐྱལ་བར་བྱ༔ ཡུལ་དེའི་རི་གཉན་མཚོ་གཉན་དང་༔ སྲས་མཁར་སོགས་ལ་གཏད་མི་རུང་༔ རང་གི་མི་ནོར་རྟ་སོགས་ནི༔ ཡོད་པའི་ཕྱོགས་དེར་འཛེམ་པ་དང་༔ དེ་བཞིན་དྲག་རིམ་ལོ་ཐོག་འཛེམ༔ གཏོར་ཟློག་སྣོད་སྒྲུབ་རྟ་བྲོ་དང་༔ ཕུལ་ཚར་ཕྱི་བལྟས་མི་རུང་ཞིང་༔ ཁྱུང་གི་ཕྱིར་གཟིགས་སྲུང་བར་བསྒོམ༔ ཁྱིམ་དུ་ཕྱིན་ནས་ཚོགས་པ་ཡི༔ ཐུགས་སྒྲུབ་གཞུང་གི་ཚེ་འགུགས་དང་༔ བཀྲ་ཤིས་རྒྱས་པ་དབྱངས་བཅས་བྱ༔ བསྔོ་བ་སྨོན་ལམ་གང་ཤེས་དང་༔ ཉམས་ལེན་ཡོད་ན་སྟོང་ཉིད་བསྒོམ༔ ཟ་ཡོན་འབུལ་བ་བཟང་


CMR010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན༔ རྐྱེན་འགྱུར་ཡོན་བདག་ཉིད་ལ་བཟང་༔ རང་ལ་གྲིབ་དང་སྒྲིབ་པ་འབྱུང་༔ དེ་ཕྱིར་དཀོར་གྱི་ཕུད་དེ་ནས༔ བཞག་ལ་ཚེས་བཅུ་དགུ་གཏོར་གྱིས༔ ཚོགས་འཁོར་མཆོད་གཏོར་རྒྱ་ཆེར་འབུལ༔ དེ་ཡིས་རང་ལ་མི་གནོད་ཅིང་༔ སླར་ཡང་གདུལ་བྱ་ཇེ་ཆེར་འགྲོ༔ ཟ་ཡོན་འབུལ་གསུམ་ངན་པ་ནི༔ དཀོར་སྒྲིབ་ཆུང་བའི་དགའ་བ་བསྒོམ༔ ཅི་ཡང་སྦྱིན་པར་མ་བྱེད་ནའང་༔ ཁྲོ་དང་འཁང་སོགས་མི་བྱ་སྟེ༔ དེ་ཚེ་བྱམས་དང་སྙིང་རྗེ་བསྒོམ༔ དེ་ཚེ་ལས་བྱང་བསྐང་གསོ་རྣམས༔ བདག་གཞན་དགེ་བ་ཐུན་མོང་ཡིན༔ སྐུ་རིམ་ཟློག་པ་ཐུན་མོང་སྟེ༔ རང་གཞན་གཉིས་ཀའི་སྐུ་རིམ་ཡིན༔ སྙམ་དུ་དགའ་བ་བྷེ་པར་བྱ༔ བསྔོས་ཤ་སོགས་ནི་ཡེ་ཤེས་ཀྱི༔ ལྷ་རྣམས་མི་མཉེས་མཆོད་པ་ཡང་༔ བུ་ཤ་མ་ལ་བྱིན་པ་འདྲ༔ མི་བཞེས་ཕྱིར་ན་ལས་མི་འགྲུབ༔ ཕྱི་མ་ཡོན་མཆོད་དམྱལ་བར་ལྟུང་༔ དུད་འགྲོ་དེ་ཡི་ཚོགས་རྫོགས་སོ༔ དེ་སྐད་རཱ་ག་ཨ་སྱ་ཡི༔ སྤར་ངེ་སྔགས་འཆང་དོན་དུ་ནི༔ ཐུན་གཅིག་མར་མེའི་ངོགས་ལ་བྲིས༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousགུ་དྲག་མཚོན་ཆ་འཁོར་ལོའི་བཅའ་ཚོགས་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས།next