Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་རཏྣ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་ཟློག་པའི་ལག་ལེན་ཟིན་བྲིས་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་རཏྣ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་ཟློག་པའི་ལག་ལེན་ཟིན་བྲིས་གསལ་བ།next

རིག་འཛིན་རཏྣ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་ཟློག་པའི་ལག་ལེན་ཟིན་བྲིས་གསལ་བ།


CMR010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རཏྣ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་ཟློག་པའི་ལག་ལེན་ཟིན་བྲིས་གསལ་བ་བཞུགས།


CMR010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ༔ འདིར་གཏེར་སྟོན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པས་མཁར་ཆུ་ནས་གདན་དྲངས་པའི་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་གཏོར་ཟློག་ལག་ལེན་ཟིན་བྲིས་ཅུང་ཟད་བཀོད་ན། ཐོག་མར་འདི་ཡི་དབང་བཞི་རྣམ་པར་དག་པ་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་བསྙེན་སྒྲུབ་སྔོན་དུ་འགྲོ་དགོས་པ་ནི་ལམ་གྱི་སྲོག་དང་། དེ་ལྟ་བུའི་སྔགས་པ་རང་གཞན་དོན་དུ་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་རྣམས་ཟློག་པར་འདོད་པས། ལས་དཀྱིལ་ཞལ་འབྱེད་པ་ལ། ས་རྒོད་ཡིན་ན་ལྟོ་འཕྱེ་བརྟག །ས་ལ་སོགས་ཚད་ལྡན་དགོས་ཤིང་། དེ་མིན་ཡང་བསླང་བ་


CMR010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱངས་བ་བཙལ་བ་སྔོན་དུ་འགྲོ་བས། རཏྣ་རང་གིས་ལས་ཁྲིག་ལྟར་ཕུར་པའི་སྟེགས་བུ་བྲུབ་ཁུང་སོགས་སྒྲུབ་པའམ། ལས་སྨིན་སྒྲུབ་མིན་པའི་རིམ་གྲོ་དཀྱུས་མར་ཇི་ལྟར་རིགས་པའི་རྡུལ་ཚོན་གྱིས་མ་ཏྲཾ་རུ་ཊ་སྔོན་པོ་མགོ་བོ་མདུན་བསྟན་གྱི་ལྟོ་བར། ཕྱི་ནས་རིམ་པ་ལྟར་མེ་རི་རྡོ་ར་འཁོར་ལོ་རྩིབས་དགུ་སྔོན་པོ་གང་རུང་ལྟེ་བར་ཆོས་འབྱུང་ལོགས་མདུན་བསྟན། ཕྱི་ཐོད་ཕྲེང་ཟླ་གམ་གསུམ་ཁྲག་མཚོ་ཅན་བྲི་བའམ། རས་བྲིས་ཀྱང་རུང་། ལྷ་གཏོར་འཕྲོད་ན་རྩིབས་ལྟོར་སོ་སོའི་ས་བོན་ཚོན་སྤྱང་། མ་འབྱོར་ཚེ་ཞིང་ལྤགས་ཀྱི་སྟེང་དུ་ཁྲག་གིས་བྱུག་པའི་འབྲུ་ཚོམ་ལྷ་གྲངས་བཀོད་


CMR010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་རུང་། དེ་སྟེང་ཁྲིའུའམ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དཔལ་གཏོར་གྲུ་གསུམ་པ་འཁོར་དགུ་ཡིས་བསྐོར་བ། མཚེ་ཉུངས་ཁྲམ་བྱང་རྩང་དམར་ཀྱུ་གུ་ཁྲག་ཀོང་སོགས་དྲག་རྒྱུན་རྔམ་བརྗིད་ཅན། རྩེར་གཙོ་འཁོར་སོ་སོའི་ཙཀྐི་སྐུ་མདོག་དང་མཐུན་པའི་གཏོར་གདུགས་སམ། གཙོ་བོའི་ལྷ་ཙཀ་བྱ་ཁྱུང་ཅན་དར་དམར་གྱི་ལྡིང་གུར་ཕུབ་པ། དེ་འོག་ཏུ་སྲུང་བ་དང་། ཟློག་པ་རྒྱབ་རྟེན་གྱི་འཁོར་ལོ་གཉིས་རྒྱབ་སྤྱོད་ལ་བཙུགས། ཡང་ན་སྲུང་འཁོར་གདུགས་ལྟར་སྟེང་ནས་ཕུབ། བསད་འཁོར་རྒྱབ་སྨད་གྲུ་གསུམ་བྲུས་པར་བཅུག་པའམ། གདན་དུ་བཏིང་རྩང་རྣམས་ཕྱི་ནས་བསྐོར་ཞིང་དེ་ལ་རྒྱུ་མའི་དྲ་ཕྱེད་ཀྱིས་བསྐོར་བ་ལས་ནང་རྩང་དབུ་ཕྱག་གི་གྲངས་ངེས་མཛད། རྡོ་རྭ་ཁར་ས་ཀོང་གྲུ་གསུམ་སྟེང་། མཚེ། གཏོར་མ། ཁྲག །ཉུངས་དཀར། ཟོར་རྣམས་ཕྱོགས་བཞིར་བཤམས། ཁྲག་ཀོང་ཁ་དམར་གཏོར་གྱིས་བཅད། དེ་ཡི་མདུན་ནས་བརྩམ་དྲག་པོའི་ཆུ་གཉིས་ཉེར་སྤྱོད་དང་བྱང་ཤར་དུ་མཚམས་འཛིན་མེ་ཏོག་བཀོད། ཟློག་དཀྱིལ་རྒྱབ་ཏུ་རྩ་གསུམ་གྱི་སྐུ་དང་། གང་འོས་སུ་བསྐང་རྫས་གང་ཡོད་བཀྲམ། ཟློག་དཀྱིལ་མདུན་རྒྱབ་གང་


CMR010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འོས་སུ་རྩ་གསུམ་གཏོར་མ། བསྐང་གཏོར་ཚོགས་ཆད་ཐོ་བརྟན་སྐྱོང་མཆོད་པ་བཅས། མདུན་ངོས་བྲུབ་ཁུང་ལིངྒ་ཁེབས་ལྡན། བསྒྲལ་ཆས་གང་འོས་སོགས་ཞིབ་པར་མཐོང་བརྒྱུད་ལྟར་འདུ་བྱ། བསྒྲལ་ཆས། ཕུར་པ། རལ་གྲི། ཐོད་དབྱུག །རྡོ་རྗེ། རལ་གྲི། གྲི་གུག །ཐོ་བ་རྣམས་སོ། །ཐུན་རྫས་ནི། རྡོ་རྗེ་ཕུར་པ། ཡུངས་དཀར། ཁྲག །མཚེ། དུག །གྲི། མདའ། རྡོ་ཐུན། རྡོ་རྗེ་ཐོ་བ་རྣམས་སོ། །ཞི་བ་འདོན་མོས་ན་བཀྲ་ཤིས་ཚང་བར་བྱེད། ༈་དངོས་གཞི་དྲག་པོའི་སྐྱབས་སེམས་མེད་པས་ཆོ་ག་རིགས་མཐུན་འདོན། བགེགས་གཏོར་བཏང་། དེ་ནས་ལས་བྱང་བསྟོད་པའི་བར་གཏོང་། དེ་ཡི་དམིགས་གཏད་ལ། བདག་མདུན་གཉིས་གྱེར་གཅིག་གིས་གསལ་འདེབས་པ་ཡིན་པས། བདག་བསྐྱེད་མདུན་བསྐྱེད་གཉིས་མེ་ལོང་གཟུགས་བརྙན་བཞིན་དུ་ཅིག་ཆར་དུ་གསལ་འདེབས་པ་ཡིན་པས། སྤྱན་འདྲེན་ནས་ཡེ་ཤེས་སེམས་དཔའང་སོ་སོར་ཆ་རེ་བསྟིམ། ཡང་ན་བདག་མདུན་གཉིས་སོ་སོར་རིམ་པ་ལྟར་ལས་བྱང་གི་ཏིང་འཛིན་རྣམ་གསུམ་ནས་ཁྲོ་རྒྱལ་སྟོབས་འདུས་དང་ཕྱི་ནང་གི་སྒྲུབ་ཐབས་རྣམས་ལ་ཚིག་ཕྲད་བསྒྱུར་ཤེས་པར་བྱས་ནས་བཏང་བས་ཆོག་ལ་དེ་ལྟ་བུ་བྱེད་དར།


CMR010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་བདག་མདུན་གཉིས་ཀའི་འོད་ཟེར་འཕྲོ་འདུ་ཕྲུག་ཅི་ལྕོགས་ན་དེ་ལྟར་དམིགས་ནས་བཟླ། མི་ནུས་ན་དང་པོ་བདག་བསྐྱེད་རང་གི་གཙོ་འཁོར་གྱི་འོད་ཟེར་འཕྲོ་འདུ་བཅས་སུམ་བརྒྱ་ཙམ་བཟླ། དེ་བཞིན་མདུན་བསྐྱེད་ལ་དམིགས་ནས་སུམ་བརྒྱ་ལྷག་ཙམ་འདོན། འཁོར་རྣམས་གཙོ་སྔགས་ཇི་ཙམ་འདོན་པའི་བཅུ་ཆ་འདོན། ༈ སྲུང་ཟློག་གི་ཤམ་བུ་འདོན་ལུགས་ནི། རེ་རེ་ལ་ཁག་བཅད་བྱེད་དམ། ཐུན་བཞི་ལྟ་བུའི་ཐོར་ཐུན་ལ་ལས་བྱང་བསྙེན་པའི་བར། སྔ་ཐུན་བསྲུང་བ། དགོང་མོ་ཟློག་པ། སྲོད་ལ་བསད་པའི་དམིགས་རིམ་གཙོ་བོར་སྦྱར་བའམ། ཐུན་རེ་ལ་དེ་ཐམས་ཅད་ཚང་བར་བྱེད་ཀྱང་འདྲ་སྟེ། བསྲུང་བ་ནི་ཐུན་མོང་མཚམས་གཅོད་སྐབས་ཀྱི་སྲུང་འཁོར་དང་ཐུན་མོང་དུ་དམིགས་ཤིང་། བསྲུང་བྱ་རྣམས་ཏིང་ངེ་འཛིན་སེམས་དཔའ་ནང་དང་མཐའ་སྐོར་དུ་དམིགས་ནས། རྩ་སྔགས་ཤམ་དུ་མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྱོ༔ བཏགས་ལ་བཟླ། །བཟློག་པར་རང་དང་སྲུང་འཁོར་ལས་ཁྲོ་ཚོགས་མེ་སྡིག་ལྟུང་སོགས་སྤྲོས་ནས་བྱད་མ་ལྷ་སྲུང་རྣམས་ཟློག་བསད་དམིགས་ནས་གཞུང་གི་ཟློག་སྔགས་སྦྱར་བའི་ཏྲིག་ཁྲོ་ལ་སྦྱར་ལ་བཟླ། བསད་པ་གང་གནོད་བཀུག་གཞུག་བྱས་ནས་


CMR010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྲུབ་ཁུང་གི་ལིངྒ་འམ། གཏོར་མའི་སྨད་ཆའི་ལིངྒ་ལ་བསྟིམ། ཕྱག་མཚན་མཚོན་ཆའི་ཆར་གྱིས་བརླགས་པར་བསམ་པའམ། འཁོར་ལོ་ཁ་འཐབ་ཀྱི་དམིགས་གནད་སྦྱར་ལ་ཨེ་ཧུར་ཐུམ་བར་བསད་སྔགས་བཏགས་པ་བཟླ། ཡང་ན་སྲུང་ཟློག་གཉིས་བྱ་ཞིང་། བསད་པ་གདབ་ལས་ཀྱི་གོ་གཅོད་མཛད་ལ་སྔགས་བརྒྱ་རེ་ཙམ་བཏགས། ཁྱོན་འདུས་སྟོང་ཕྲག་རེ་མ་སོང་ཡང་ལྔ་བརྒྱ་ལས་ཉུང་ཐབས་མེད། མཐར་སྟོང་ཚིག་གི་མཆོད་བསྟོད་ཆ་རེ་བྱ། དེ་ནས་རང་གི་ཆོས་སྐྱོང་གང་ཡོད་ཀྱི་མཆོད་གཏོར་བྱིན་བརླབས་ནས་བསྐྱེད་རིམ་མཆོད་བསྟོད་བཟླས་པའི་བར་བྱ། དེ་མེད་ཀྱང་ཞིང་སྐྱོང་སྤུ་གྲི་བསྣོ་ཁ་རྣམས་བཏང་། དེ་ནས་ཚོགས་བྱིན་བརླབས་ནས་བསྟབ་པ་ཡན་བྱ། བསྐང་རྫས་བྱིན་བརླབས་ནས་བཟུང་དྲག་པོའི་བསྐང་བ་ཡོད་ན་འདིར་སྦྲེལ། བསྐང་བ་ཚོགས་བར་པ་དང་སྦྲེལ་ཡང་ཆོག །ཡང་ན་བསྒྲལ་བའམ་བསྐངས་རྟེན་བྱས་ཀྱང་ཆོག །དེ་ནས་བསྒྲལ་ཆས་རྣམས་མདུན་དུ་བསགས།། རྣམ་རྒྱལ་འབར་མས་བསྐུལ་གསེར་སྐྱེམས་བཏང་། དེ་ནས་གཟུ་དཔང་ནས་བཟུང་བསྒྲལ་ལས་བསྟབ་པའི་བར་ལས་ཁྲིག་ལྟར་རོ། །བསྡུ་ན་དམར་གཏོར་རྣམས་བཞག་གསུངས་པས་


CMR010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གབ་སྤྱད་མི་མཛད། དེ་ནས་ཚོགས་ལ་རོལ་ལྷག་མ་བཏང་། དེ་ནས་ལིང་རོ་ཁྲག་སྐྱེམས་སྦྱར་བ་རིམ་པ་ལྟར་གཏོར་ཆེན་ལ་བསྒྲོན་ཞིང་། དུར་ཁྲོད་འཇིགས་རུང་མའི་ཕྲིན་ལས་བསྐུལ་ཏེ་ཟློག་གཞུང་མཚོན་ཆ་འཁོར་ལོའི་སྒོ་དབྱེ་བར་བཏང་ཞིང་ཟློག་སྔགས་ལ་ནན་ཏན་བྱེད། དེ་ནས་དམར་གཏོར་གཅིག་ལ་དམིགས་བྱ་བཀུག་བསྟིམ་བྱིན་བརླབས་བྱས་ལ་རྩྭ་སྔགས་བཏགས་པས་འབུལ། དེ་ཉིད་ཟོར་དུ་ཤེས་པས་ཟློག་སྔགས་བཅས་ཕྱིར་འཕང་། དེ་ཡན་དངོས་གཞི་སྒྲུབ་ཞག་གི་རིམ་པ་དང་། དེ་ནས་ཆོས་སྐྱོང་རྣམས་ཀྱི་ཐུན་གཏོར་དང་གཞུང་གི་ཆད་ཐོ་ཕུལ། བཤལ་ཆུས་བརྟན་མའི་གཏོར་མ་བྲན་ལ་བརྟན་མ་བསྐྱང་། ཆོས་སྐྱོང་རྣམས་ཀྱི་གཏང་རག །མཆོད་བསྟོད། ནོངས་བཤགས། གཤེགས་གསོལ། བཀྲ་ཤིས་བར་བྱའོ། །དེ་ནས་གཞུང་གི་གཏང་རག །མཆོད་བསྟོད་བཟོད་གསོལ་བྱ། བདག་མདུན་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བྱ། དེ་ནས་སྒྲུབ་ཞག་རྫོ་གས་ནས། འབུལ་ཉིན་ཟློག་གཞུང་རྫོགས་པ་ཡན་འདྲ་ལ། དེ་ནས་གཏོར་མའི་ལྷ་ཚོགས་ལ་ཕྱི་ནང་གི་མཆོད་བསྟོད་བཟོད་གསོལ་བྱ། ཡེ་ཤེས་པ་ནམ་མཁར་བཏེག །དམ་ཚིག་པ་བདག་ལ་བསྡུ། གཏོར་


CMR010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཟོར་དང་བཅས་པ་སླར་ཡང་པདྨ་དྲག་པོ་རྩལ་སྡེ་བརྒྱད་དྲེགས་པས་བསྐོར་བ་གསལ་བཏབ་ནས་རྩྭ་སྔགས་ལ་ཟོར་སྔགས་བཏགས་པ་མང་དུ་བཟླ། དམག་ལྟོའི་ཐུན་གཏོར་གོང་ལྟར་འགུགས་བསྟིམ་བསྔོས་པས་གཏོར་ཆེན་དུ་ཕུལ་ལ་ཟློག་པའི་ཕྲིན་ལས་བཅོལ། ཟོར་ལམ་གྱི་ལྷ་འདྲེ་ལ་གསེར་སྐྱེམས་འབུལ། ཕྱི་སྒོ་དབྱེ། སླར་ནང་སྒོ་དབྱེ། དེ་ནས་གཏོར་ཆེན་ཟོར་བཅས་ཕྱིར་དཔག་ལ། ཆོས་སྐྱོང་གི་བསྐུལ་དང་ལས་བྱང་ཆད་ཐོ་བསྒྲགས། དེ་ནས་སྤོས་རོལ་དར་བཅས་གཟའི་རྒྱུ་ལྡོག་དང་བསྟུན་ནས་གང་དུ་འཕང་བའི་སར་སྟེགས་ལ་བཀོད། གསེར་སྐྱེམས་ཕུལ། དཀར་གཏོར་དང་སྲིད་པ་ཧུ་ཡི་རྒྱབ་ཡིག་བསྒྲག །བསད་ལིང་རྣམས་དཀྲི་ན་འགུགས་གཞུག་བྱས་ལ། གཏོར་ཟོར། ཁྲག་ཟོར། ཡུངས་ཟོར། མཚེ་ཟོར་རྣམས་བརྡེག་སྲིན་མོ་ཟ་ལམ་གཏོང་ལ་གཏོར་ཆེན་མེ་ཧོ་དུ་འབུལ། ཟློག་བསད་ཀྱི་འཁོར་ལོ་མེ་ཧོ་དྲག་པོའི་ཞལ་དུ་ཕུལ་བར་བསམས་ལ་བཟློག་སྔགས་བཟླ། ཐལ་རྡེབ་དང་དམོད་བཅོལ་བྱ། ཧཱུཾ། བདག་ནི་འབར་བ་དབང་གི་སོགས་ཀྱི་སྲུང་འཁོར་ར་བས་མཚམས་བཅད། ཕྱི་མིག་མི་ལྟ་བར་སློབ་དཔོན་གཏིང་མནན་ཏེ་ཡོང་ཞིང་


CMR010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་སྔགས་བཟླ། སྒོ་དྲུང་དུ་གཏོར་ཆེན་བཤལ་ཆུས་བརྟན་མ་སྐྱོང་། གཏོར་བྲོ་བརྡུང་། བཀྲ་ཤིས་བརྗོད། སྲུང་འཁོར་སྒོ་ལ་སྦྱར་བའམ་མགུལ་དུ་བཏགས། ནང་དུ་ལོག་ལ་མཆོད་གཏོར་གསར་པས་ཁ་གསོ། དངོས་གྲུབ་ལེན། ཚེ་འགུགས། གཏང་རག་སོགས་སྒྲུབ་ཞག་ལྟར་ལ་མི་འདྲ་བའི་ཁྱད་ནི་ཆོས་སྐྱོང་གཏོར་སྐྱོང་ལོང་ཡོད་ན་ཕྱིར་ནངས་བདག་བསྐྱེད་ཆོ་ག་བསྐང་གསོ་བཅས་བཏང་། མེད་ན་གཏང་རག་མཆོད་ལ། གཏོར་མ་སྟོབ། མདུན་བསྐྱེད་ཡེ་ཤེས་པ་རྟེན་ཡོད་ན་བརྟེན་བཞུགས་དང་མེད་ན་གཤེགས་གསོལ་བྱ། དམ་ཚིག་པ་བདག་ལ་བསྡུ། བདག་ཉིད་ས་བོན་ལ་བསྡུ། རྒྱུན་གྱི་རྣལ་འབྱོར་ལ་སོགས་པ་བྱའོ། །འདི་དག་ལ་གོ་རིམ་དང་མི་འདྲ་བ་ཅུང་འདུག་ཀྱང་།་རང་གི་བླ་མའི་ཕྱག་ལེན་གཙོ་བོར་བྱས་པའོ། །མདུན་བསྐྱེད་མངོན་རྟོགས་དང་སྲུང་ཟློག་གི་འཁོར་ལོ་སྔགས་བཅས་ད་ལམ་མ་རྙེད་པས་གསལ་ཀ་རང་མ་བྱུང་ལགས། འདི་ལ་གོལ་ས་མཆིས་ན་བཤགས་ཤིང་དགེ་བས་བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་ནས་རིག་འཛིན་བླ་མའི་གོ་འཕང་བརྙེས་པར་གྱུར་ཅིག༔ ༈ འདི་ཉིད་ཀྱི་ཟུར་གསལ་ལ། མདུན་བསྐྱེད་ནི། གཏེར་ཆེན་པདྨ་དྲག་པོ་རྩལ་


CMR010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆའི་ལུས་ལྷ་བཅས་ཕྱོགས་བཞིའི་གཏོར་མ་དྲག་པོ་ལྷ་བཞི། མཚམས་བཞིའི་གཏོར་མ་ཕྲིན་ལས་ལྷ་བཞི། རྒྱབ་ཀྱི་གཏོར་མ་ཁྱུང་། གཏོར་ཆེན་གྱི་མདུན་དུ་དམར་གཏོར་ཕྲའུ་སྦྱར་བ་ཡུམ་གཏོར། ཁྲམ་བྱང་གི་ངོས་གཅིག་ཏུ་ཁྲམ་རིས་དང་གཅིག་ཏུ་ཟློག་སྔགས་བྲིའོ། ༈ །འཁོར་ལོ་ནི་བསྲུང་བ་ཀུན་ཐུབ་ཆེན་མོ་དང་། ཟློག་པ་གནད་ཀྱི་ཙཀྲ་ཐུབ་ཆོད་ཆེན་མོ། བསད་པ་ལས་ཀྱི་སྤུ་གྲི་དང་གསུམ་ཡིན་ལ། སྲུང་ཟློག་གི་འཁོར་ལོ་གཉིས་རྒྱབ་སྤྲོད་དུ་བཙུགས་ལ། བསད་འཁོར་ཕུང་སའི་བྲུབ་ཁུང་དུ་གཞུག་ལ། ལས་དཀྱིལ་དབུས་སུ་བཞག །དགོས་གལ་ཆེ་ན། ལིངྒའི་མིང་ཡིག་དང་སྐྱེ་མཆེད་ལ་ཟག་རྫས་བྱུག །བསད་སྔགས་ལ་དུག་ཁྲག་དང་སྦྱར་བའི་ཐུན་རྫས་བྱུག །སྲོག་ཡིག་ལ་ཐུན་བཏགས་པ་ཐུན་ལམ་ནས་དྲངས་ཏེ་གཙོ་བོའི་གཏོར་ཆེན་གྱི་ཁྲི་བྱང་ལ་བཏགས། ཐུན་ལམ་ཕུར་པས་བཅད། ཕྱི་ཆུང་གྲུ་ཚད་སྒོ་ཆུང་ལས་བཞིའི་དབྱིབས་ཅན་ནི་ལས་དཀྱིལ་གྱི་མཐར་བཙུགས། ནང་རྩང་མཛུབ་གང་ལས་མི་རིང་བར་གཏོར་ཆེན་གྱི་མཐར་བཙུགས། ར་ལུག་གི་རྒྱུ་མ་བཤང་ལ་ཟློག་སྔགས་བཟླས་པས་སྤུར་ལ་ཕྱི་ནས་དཀྲི་བ་དང་དྲ་ཕྱེད་ཀྱི་རྣམ་པར་བྲི། ལས་


CMR010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་སྒྲུབ་བསྙེན་ནི། རང་ཉིད་དྲག་པོའི་ཐུགས་ཀར་ཧཱུྃ་ཡིག་དམར་པོ་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དྲག་པོའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམ་པར་སྤྱན་དྲངས། བདག་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམས་ལ་རྩ་སྔགས་བཟླ་བ་བདག་བསྙེན་དང་། བདག་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་པས་དགྱེས་པའི་མཆོད་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམས་ལ་བཟླ་བ་མདུན་བསྙེན་ནོ། །དེ་ལྟར་གཙོ་བོའི་བསྙེན་པ་སྟོང་ཕྲག་གྲུབ་ནས་འཁོར་རྣམས་ཀྱི་བསྙེན་པ་བརྒྱ་རེ་བཟླ། དེ་ནས་སྟོང་ཚིག་གི་མཆོད་པ་ནི། ཧཱུྃ། གུ་རུ་དྲག་པོའི་ལྷ་ཚོགས་གནས་འདིར་གཤེགས། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས། །འཛབ་དགོངས་གྲངས་ཐེམ་བཀའ་བཞིན་སྒྲུབ་ལགས་


CMR010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་བྷ་ལིངྐཱ་རཀྟ་ཁཱ་ཧི༔ འབྱོར་ན་འདི་ན་གཏོར་ཆུང་འབུལ། དེ་ནས་ཨཱ་ལི་ཀཱ་ལི་རྟེན་སྙིང་བཟླ། དེས་བསྙེན་སྒྲུབ་གཞུང་བཞིན་ཚང་། ༈ སྔ་དྲོ་བསྲུང་བའི་སྔགས་དམིགས་ནི། རང་ཉིད་ཆེ་བཙན་པདྨ་དྲག་པོ་རྩལ། །ཁྲོ་ཆས་ཡོངས་རྫོགས་བསྐལ་མེ་འབར་ཀློང་གསལ། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པ་རུ། །ཕྱག་རྡོར་ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །མཐིང་ནག་རྡོར་དྲིལ་འཛིན་ཅིང་ཁྲོ་ཆས་རྫོགས། །དེ་ཡི་ཐུགས་ཀར་རྡོ་རྗེ་རྩེ་ལྔའི་ལྟེར། །ཉི་མ་ཟླ་བའི་གའུ་ཁ་སྦྱོར་དབུས། །།ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་དམར་པོ་ཡི། །ཐིག་ལེའི་ནང་དུ་རྩ་བརྒྱུད་བླ་མ་བཞུགས། །ཟླ་ཚེས་ནང་དུ་ཡི་དམ་ལྷ་ཚོགས་གསལ། །མགོ་རྐེད་ནང་དུ་མཁའ་འགྲོ་རྒྱ་མཚོ་སྟེ། །ཧ་ཁོག་ནང་དུ་བསྲུང་བྱ་ཐམས་ཅད་གནས། །འ་ཆུང་ནང་དུ་ཆོས་སྐྱོང་སྲུང་མ་རྦད། །ཞབས་ཀྱུ་ནང་དུ་སྡེ་བརྒྱད་སྲོག་ཡིག་འཚེར། །ཕྱི་རོལ་རྡོ་རྗེ་འཁོར་ལོ་རལ་གྲི་དང་། །རྒྱ་གྲམ་ཕུར་པ་མེ་དཔུང་གཡས་སུ་འཁོར། །ཁྲོ་ཆུང་ཚོགས་རྣམས་ནང་དུ་ཞལ་གཟིགས་ནས། །སྐྱབས་སྦྱིན་ཕྱག་རྒྱས་བསྲུང་བྱ་སྐྱབས་མཛད་ཅིང་། །ལྷ་ཚོགས་


CMR010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་འོད་ཟེར་དཀར་པོ་འཕྲོས། །བདག་དང་བསྲུང་བྱ་ལ་ཕོག་ནད་གདོན་བགེགས། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་ཞི་བར་གྱུར་། །ཨོཾ་ཨཱཿཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ་ཨཱ་ཧཱུྃ་ཧཱུྃ་ཕཊ༔ མ་མ་ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྟ་ཧཱུྃ༔ ཅེས་སུམ་བརྒྱ་ཙམ་བཟླ་བ་བསྲུང་བའོ། །༈ །ཕྱི་ཐུན་མོང་ཟློག་པའི་སྔགས་དམིགས་ནི། ཕྱི་རོལ་བསྲུང་བའི་འཁོརལོ་གཡོན་དུ་འཁོར། །འཁོར་ལོའི་རྩིབས་ཀྱིས་དགྲ་བགེགས་བྱད་མ་གཏུབས། །རང་གི་སྐུ་ལས་མེ་དཔུང་ཁྲོ་ཆུང་དང་། །གནམ་ལྕགས་སྡིག་པ་མེ་ཡི་བྱ་ཁྱུང་སོགས། །སེར་རྒོད་ལྟར་འཕྲོས་གནོད་བྱེད་དགྲ་བགེགས་རྣམས། །བྱ་སྤུ་རླུང་གིས་གཏོར་བ་ཇི་བཞིན་དུ། །སྲུང་འཁོར་ཕྱི་རོལ་ནམ་མཁའི་ཕ་མཐར་བསྐྱེད། །གང་དག་འགྲོ་བར་མི་བྱེད་འབྱུང་པོ་ཀུན། །རྣམ་ཤེས་སྤར་ནས་ཤ་ཁྲག་དོན་སྙིང་རྣམས། །ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཆེམས་ཆེམས་རོལ། །ཧཱུྃ་ཧཱུྃ་སྒྲ་སྒྲོག་མཚོན་ཆ་སྣ་ཚོགས་གདེངས། །དགྲ་བགེགས་བྱད་མའི་གཡུལ་ངོ་བཟློག་པར་བསམ། །རྩ་སྔགས་ཤམ་བུ་རྡོ་ཟློག་སྔགས། བདུད་པྲ་མཱ་ར་ཡ་ཆད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ སོགས་ཉིས་བརྒྱ་ཙམ་དང་། རྩ་སྔགས། ཨོཾ་ཧཱུྃ་ཏྲིག་


CMR010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བྷྱོ། མ་ནི་མ་ར་ནི་བྷྱོ༔ སོགས་བརྒྱ་ཙམ་བཟླ་བ་ནི་ཟློག་པའོ། ༈ །བསད་པ་ནི་བཅའ་གཞི་སྔར་བཤད་པ་བཞིན་ལས། བདེན་སྟོབས་འགུགས་གཞུག་སྔགས་བཅས་ནན་ཏན་དུ་བྱས་མཐར། རང་གི་ཐུགས་ཀ་ནས་ཛཡིག་དམར་ནག་འཕྲོས། བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་གར་ཕྱིན་པས་ཟངས་ལྕགས་འཁོརལོ་གཉིས། །གཡས་གཡོན་འཁོར་བས་ཤ་ཁྲག་དོན་སྙིང་གཏུབས། །རྣམ་ཤེས་ཡི་དམ་ལྷ་ཡི་ཐུགས་ཀར་འཕོས། །དེ་ལྟའི་ཏིང་ངེ་འཛིན་གསལ་བའི་ངང་ནས། རྩ་སྔགས་ཤམ་བུ། གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་ནི་ཏྲི་ཀྲིག་ནན་ཨེ་ཧུར་ཐུ་ཛ་མཱ་ར་ཡ་རྦད་ཕཊ། ཅེས་པ་བརྒྱ་ཙམ་དང་ཐུན་རྫས་ཐོགས་ལ། བདག་བསྐྱེད་སྐུ་ལས་འཕྲོས་པའི་ཐུན་གྱི་རྫས། །དུག་ཁྲག་ནད་རླངས་སྣ་ཚོགས་མཚོན་ཆར་འཕྲོས། །དགྲ་བགེགས་བྱད་མའི་གཟུགས་ཕུང་ནང་གྲོལ་བཅས། །དུམ་བུ་ཚལ་པར་བཏང་བས་མྱོས་ཤིང་བརྒྱལ། །འདི་ལ་རྩ་སྔགས་བཏགས་མི་དགོས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་ཏ་ཡ་མ་ཐ་རུ་ཡཀཱ་རཀཱ་ཏྲི་ཕུ༔ ཎི་ཏྲི་ཨ་བྷྱོ་ཛ་ཛ༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་དམར་པོ་མཱ་ར་ཡ་རྦད༔ ཅེས་བདུན་གསུམ་ཙམ་བརྗོད་ལ་ཐུན་གདབ། དེ་ནས་ལིངྒར་ཟོར་བརྡེག་ཅིང་སྦྱིན་སྲེག་བྱས་ལ་ཐལ་བ་མནན་པ་སོགས་


CMR010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཇུག་བསྡུས་གང་འོས་བྱ་བས་བསད་པའོ། །གཏོར་ཟློག་འབུལ་དུས། གཏོར་སྣོད་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་ལྷ་ཚོགས་ལ་ཐིམ། དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་བྱ་ཁྱུ་འགྲོགས་པ་ལྟར་ནམ་མཁར་གཤེགས་ལ་ཕུལ་བའི་ཕྱོགས་སུ་ཞལ་གྲུ་ནས་བཞུགས་པའི་སྐུ་ལས་ཁྲོ་ཆུང་མེ་དཔུང་མཚོན་ཆར་དུག་རླངས་འཕྲོ་བས་སྲིད་པ་གསུམ་ཡམ་ཡམ་ཤིག་ཤིག་བྱེད་པར་གྱུར། གཏོར་མ་ཟོར་རྫས་དང་བཅས་པ་སླར་ཡང་པདྨ་དྲག་པོ་རྩལ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཀྱིས་བསྐོར་བའི་ཕྱག་ན་ཟོར་རྫས་སྣ་ཚོགས་ཐོགས་པས་སྐུ་ལ་བསྐལ་པའི་མེ་དཔུང་འབར་བའི་སྐུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཎྞཾ་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཟོར་ཆེན་དུས་འདི་བཏགས། ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན་ཕྱེ་མ་ཕུར་ཛ༔ ཡ་ཤི་ཏྲིག་ཨ་ན་མཱ་ར་ཡ་ཕཊ༔ ཅེས་བཏགས། ཟོར་སྒྲུབ་ཀྱི་སྔགས་འདི་ཡང་བརྒྱ་ཙམ་བཟླའོ། །དེ་དག་ནི་གནད་ཀྱི་ཞལ་ཤེས་ཡི་གེར་བཀོད་པ་ལ། ཉེས་འགལ་མཆིས་ན་སྲུང་མའི་ཚོགས་ལ་བཟོད་པར་གསོལ་ལོ། །ཨ་རཱ་གས་སོ།། ༈ །།ཟོར་བཞི་ཕྱོགས་བཞིར་འཕེན་པའི་ཕྱག་ལེན་ཡང་མཛད། ༈ གཏོར་མདའ་ནི་སྨྱུག་ལྗང་ལ་བྱས་པའི་མཐོ་དོ་ཙམ་སྒྲོ་གསུམ། སྒྲོ་འཕངས་དམའ་བ་བྱ། གཏོར་མའི་གྲངས་ཀྱི་གདའ་ལ་སྐུ་དང་གཏོར་གདུགས་ཀྱིས་བརྒྱན། གཏོར་མ་མཚན་མོ་འབུལ་ན་སྒྲོན་


CMR010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཙུགས། ཉིན་མོའི་གཏོར་མར་སྒྲོན་མེ་མི་དགོས། ཁྲག་སྐྱེམས་ནི་ཁྲག་དང་ཆང་སྦྱར་བ་ཕུད་སྐྱོགས་ཀྱིས་མཆོད། འབུལ་གཏོར་རྣམས་ལ་སྨན་རཀྟ་གིས་བྲན།། གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརིག་འཛིན་རཏྣ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་དམར་ནག་མེ་ཕྲེང་གི་ཟློག་པའི་ལག་ལེན་ཟིན་བྲིས་གསལ་བ།next