Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་ཟློག་མཚོན་ཆ་འཁོར་ལོའི་ཟིན་བྲིས་མཐོང་བ་ཀུན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་ཟློག་མཚོན་ཆ་འཁོར་ལོའི་ཟིན་བྲིས་མཐོང་བ་ཀུན་གསལ།next

གཏོར་ཟློག་མཚོན་ཆ་འཁོར་ལོའི་ཟིན་བྲིས་མཐོང་བ་ཀུན་གསལ།


CMR010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟློག་མཚོན་ཆ་འཁོར་ལོའི་ཟིན་བྲིས་མཐོང་བ་ཀུན་གསལ་ཞེས་བྱ་བ་བཞུགས་སོ༔


CMR010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གལ། །དྷམ༔ སྣང་སྲིད་དྲེགས་པ་འདུལ་མཛད་པ༔ རྡོ་རྗེ་དྲག་པོ་རྩལ་ལ་འདུད༔ དེ་ཡི་ཕྲིན་ལས་འཇུག་པའི་སྒོ༔ གཏོར་ཟློག་ཕྲིན་ལས་འགྲིགས་རིམ་བྲི༔ གཏེར་སྲུང་མཁའ་འགྲོས་ཕྲག་མ་དོག༔ འགྲོ་ལ་ཕན་ཕྱིར་བཀའ་གནང་སྩོལ༔ དེ་ལ་མཚོན་ཆ་འཁོར་ལོའི་བཅའ་གཞི་ལ༔ རབ་ས་ནག་གི་དལ་ལ་གྲུ་བཞི་མདའ་གང་ངམ་འདོམ་གང་ལ་རྡུལ་ཚོན་གྱིས་མ་ཏྲ་བྲིས་པའི་དབུས་སུ་བྲུབ་ཁུང་ཆེན་པོ་ལས་འགྲིགས་ནས་གསུངས་ལྟར་བྱས་པའི་སྟེང་དུ༔ ཁྲིའུ་ཁར་གཏོར་མདོས་བཞག་གོ༔ འབྲིང་ནི་ལྕགས་འགུའི་ནང་དུ་གཙང་ཞིང་ཡངས་བའི་ཕུབ་མ་ལྟ་


CMR010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བཀང་བའི་སྟེང་དུ་འདག་ས་ལ༔ འཁོར་ལོ་རྩིབས་དགུའམ་བཅུ་བྲིའོ༔ དེའི་དབུས་དང་རྩིབས་རེ་རེ་བཞིན་བྲུབ་ཁུང་གི་རྣམ་པ་བྲུས་ལ་ལིང་ག་རབ་ཇི་ལྟ་བ༔ འབྲིང་ཤོག་ལིང་རྐྱང་པ༔ ཐ་མ་ཡང་ཟན་ལིང་བཅུག༔ དེ་ལྟར་བྱས་པས་འོག་གི་བྲུབ་ཁུང་མེད་ཀྱང་ཆོག༔ ཡང་གལ་ཆེ་ན་བྲུབ་ཁུང་གཅིག་ཏུ་ཤོག་ལིང་བྱས་ལ་གཏོར་མདོས་འོག་ཏུ་བཞག་གོ༔ ཤིན་ཏུ་བསྡུ་ན་ལྕགས་སྡེར་ནང་དུ་བྱས་པས་ཆོག་གོ༔ དེའི་ནང་དབུས་སུ་གཏོར་མ་ཆེ་བ་གཅིག༔ འཁོར་བཅུའམ་བཅུ་གཅིག་བྱའོ༔ གཏོར་མ་གཙོ་བོ་ལ་ཅུང་ཉེར་གཅིག་གམ༔ ཡང་ན་དབུ་ཕྱག་གི་གྲངས་ཀྱིས་


CMR010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བཙུགས༔ འཁོར་རྣམས་ལ་རྩང་བདུན་ནམ་དབུ་ཕྱག་གི་གྲངས་ཀྱིས་གསུམ་རེས་ཀྱང་ཆོག་གོ༔ དེ་ནས་འདོན་ལུགས་ལ༔ ཞི་དྲག་སོགས་ལས་བྱང་གཞུང་བསྲང་ཚང་བར་བྱ་བའམ༔ དྲག་པོའི་རང་གཞུང་ཁོ་ནས་ཀྱང་ཆོག༔ དེ་ནས་ཚོགས་ལས་བྱས་ལ་ཚོགས་ཕུད་ཕུལ༔ དེ་ནས་བཤགས་པའི་ཚོགས་དུམ་དེས་བསྐང་བ་གསོ་བའམ༔ བསྐང་བ་ཟུར་དུ་བཅས་ནི་མེད་ན་ཡང་ཕུགས་གཏོར་གསོས་ལ་དྲག་པོའི་བསྐང་བ་འདོན༔ དེ་ནས་བསྒྲལ་ཆོག་གིས་ཚོགས་ཟན་དུམ་བུ་དགུའམ་བཅུ་གོང་དུ་གཏོར་མ་དུ་བཅས་ཀྱི་གྲངས་དང་ལིངྒ་ཤ་དུམ་རེ་ཁྲག་གིས་སྦག་ལ་བཞག༔ གཏོར་ཆུང་ཤ་དུམ་ཁྲག་ཐིགས་སྦག་ལ་དེའི་དྲུང་དུ་བཞག༔ གཏོར་མདོས་འོག་ཏུ་ལིངྒ་བྲུབ་ཁུང་ཡོད་ན་ཁ་ཕྱེས༔ རང་མདུན་དུ་ཧོ་གཟར་རམ་མེད་ན་ལྕགས་སྡེར་རམ་ཟངས་སྡེར་དུ་ལིངྒ་ཟན་ལིང་རེ་བཞག༔ རང་མདུན་དུ་ཐུན་རྫས་སུ་གོ་ཆ་ལྷ་ལྔའི་ཕྱག་མཚན་ཕུར་པ་སོགས་ལས་འགྲིགས་ནས་གསུངས་པ་རྣམས་བཀོད༔ ༈ ཡང་ལྷ་བསྐྱེད་ལུགས་མན་ངག་ནི༔ གཏོར་མ་ཆེ་བ་གཙོ་བོ༔ ཤར་རྩིབས་སུ་ཕྱག་རྡོར་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ་ལྷོ་རྩིབས་སུ་འཇམ་དཔལ་ལ་སྐུའི་ལྷ་ཚོགས་ཀྱིས་


CMR010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ༔ ནུབ་རྩིབས་སུ་རྟ་མགྲིན་ལ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་པ༔ བྱང་རྩིབས་སུ་ཡཀྵ་མེ་དབལ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བ༔ ཤར་ལྷོའི་རྩིབས་ལ་རྡོ་རྗེ་ཕག་མོ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་ཟུར་ལྷོ་ནུབ་ཀྱི་རྩིབས་ལ་བདུད་མི་ནག་རྟ་ནག་ཅན་ནོ༔ དེའི་མཆན་དུ་རྩིབས་ལྷག་མ་གཅིག་ལ་ཁྱུང་གི་གཏོར་མ་བཞག་སྟེ༔ ཁྱུང་ནི་སྤྱི་གཙུག་ན་ཡོད་པ་དེའོ༔ གཡོན་ཟུར་བྱང་ཤར་གྱི་རྩིབས་ལ་བཙན་མི་དམར་རྟ་དམར་ཅན་ནོ༔ རྒྱབ་ཟུར་ནུབ་བྱང་དུ་ཀླུ་མི་སྔོན་རྟ་སྔོན་ཅན་བསྐྱེད༔ ཡང་བཅུ་གཅིག་བྱེད་ན༔ མདུན་དུ་ཡང་རྩིབས་ལྷག་མ་གཅིག་ལ་བཀའ་སྲུང་བདུད་མགོན་སེང་གདོང་ཡབ་ཡུམ་བསྐྱེད་དོ༔ དེ་ལྟར་བསྐྱེད་ལུགས་སྤྲོས་པ་ལ་དགའ་ན༔ བདག་བསྐྱེད་ལས་བྱང་ཚར་ནས་སླར་མདུན་བསྐྱེད་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཁོག་ཕུབ༔ གོ་ཆའི་ལྷ་སོ་སོའི་སྒྲུབ་ཐབས་ལྟར་རམ་ཡང་ན་གསང་སྒྲུབ་ནས་གབ་སྤྱད༔ སྤུ་གྲི་དང་ཞིང་སྐྱོང་ཡང་སོ་སོའི་མངོན་རྟོགས་ནས་འཐེན་ནོ༔ ཡང་ཞིང་སྐྱོང་མི་བྱེད་པར་སྨྱོ་ཁ་བཙུད་པ་ཡང་སྣང་སྟེ༔ ཧ་ཅང་རྩུབ་དྲག་པས་མི་དགའ་བར་སེམས་སོ༔ ལར་གཙོ་འཁོར་བཅུ་པ་རང་དགའོ༔ དེ་ནས་


CMR010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་གི་སྤྱན་འདྲེན་བཞུགས་གསོལ་མཆོད་པ་རྣམས་བྱས་ནས༔ སླར་ཚོགས་ལ་འཇུག་པ་ནི་རྒྱས་པའི་ལུགས་སོ༔ དེ་ཙམ་གབ་ཇི་བཞིན་འཕྲོད་དཀའ་བས་མི་དགའ་ན༔ ལས་བྱང་འདོན་དུས་ནས་མདུན་བསྐྱེད་གཏོར་མ་ཡང་མཉམ་དུ་ལྷ་དེ་དང་དེར་གསལ་བཏབ་ནས༔ དམིགས་པ་གསལ་བར་བྱས་ཏེ༔ སྤྱན་འདྲེན་མཆོད་བསྟོད་ལས་བྱང་ལྟར་ཚར་གཅིག་གིས་བདག་མདུན་གཉིས་ཀའི་གོ་ཆོད་པ་འདི་ནི་རྙིང་མའི་ལུགས་ཐུན་མོང་མ་ཡིན་པ་ཡིན་པས་དེ་གས་ཆོག་ཅིང་སྟབས་བདེའོ༔ ༈ དེ་ནས་ལས་འགྲིགས་འདོན་ལུགས་ནི༔ གཞུང་དེ་ལ་མཚལ་སེར་ཡོད་པ་ལྟར༔ གཙོ་བོ་ལ་སྐག༔ འཇམ་དཔལ་སེར་པོ༔ རྟ་མགྲིན་དམར་པོ༔ ཕྱག་རྡོར་སྔོན་པོ༔ མཁའ་འགྲོ་ཁྲ་བོ༔ མེ་དབལ་སྨུག་པོ་སོགས་བྱས་ཡོད་པ་ལྟརི༔ སྔར་གཏེར་སྟོན་གྱིས་མཛད་ནས་ཡོད་པར་འདུག་པ་ལ་དུས་ཕྱིས་དཔེ་ཆོད་ལ་མཚལ་སེར་མ་ཕོག་པ་རང་འཕེལ་ནས་འདུག་པས༔ བདག་གིས་མཚལ་སེར་བྱས་པ་ཡོད་དོ༔ ༈ དེ་ཡང་དང་པོ་དྲག་པོའི་བསྒྲལ་ལས་གཞུང་ལྟར་བྱས་ཏེ༔ ཕུར་པ་ལ་སོགས་ཐུན་ཐམས་ཅད་བརྡེག༔ ལིང་རོ་སོགས་གཙོ་བོའི་ཞལ་དུ་བསྟབས་པ་བྱས༔ གཙོ་བོའི་ཟློག་པ་འདོན་


CMR010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆུང་བྲན་ལ་རྣམ་རྒྱལ་འབར་མའི་གཙོ་བོའི་བསྟོད་བསྐུལ་འདོན་ལ་ཕུལ༔ དེ་བཞིན་དུ་འཇམ་དཔལ་གྱི་བསྒྲལ་ལས་བྱས་ཏེ༔ ཉ་བོ་རལ་གྲིས་བསྒྲལ་ཐུན་ཐམས་ཅད་རྡེག་སྟེ་གཞུང་ཚིག་དང་ཐུན་སྤྱད༔ འཇམ་དཔལ་གྱི་སྔགས་ལ་ཆེ་གེ་མཱ་ར་ཡ་ཟད་སྦྱར༔ ལིང་རོ་འཇམ་དཔལ་ལྷ་ཚོགས་ཞལ་དུ་བསྟབས་པ་བྱས༔ འཇམ་དཔལ་གྱི་ཟློག་པ་འདོན༔ རྣམ་རྒྱལ་འབར་མའི་འཇམ་དཔལ་གྱི་བསྟོད་བསྐུལ་འདོན་ནས་གཏོར་ཆུང་འབུལ༔ དེ་བཞིན་དུ་རྟ་མགྲིན༔ ཕྱག་རྡོར༔ ཁྲོས་མ༔ མེ་དབལ༔ ཁྱུང་རྣམས་འགྲེས་སོ༔ དེ་ནས་བཀའ་སྲུང་ལ་འབུལ་རྒྱུའི་ལིངྒ་གསུམ་མམ་བཞི་དེ་ལ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཞེས་བསྒྲལ་ལས་ལས་འགྲིགས་ལྟར་བྱའོ༔ བཀའ་སྲུང་སྤུ་གྲི་དང་ཞིང་སྐྱོང་བསྟབས་པ་བྱས༔ གཏོར་ཆུང་བདུད་ལ་བསྐུལ་པས་གཅིག་འབུལ༔ བཙན་ལ་གཅིག༔ ཀླུ་ལ་གཅིག་འབུལ༔ སྨྱོ་ཁའམ་ཞིང་སྐྱོང་སྦྱར་ཡོད་ནའང་གཅིག་འབུལ༔ ལར་སྨྱོ་ཁ་ལ་གཏོར་མ་གཅིག་ཟུར་དུ་བཅས་ནས་འབུལ་དགོས་པ་གལ་ཆེའོ༔ ཟློག་པའི་ནང་དུ་སྤུ་གྲི་ཁ་རྐྱང་བྱ་བ་ལེགས་སོ༔ དེ་ནས་བཀའ་བརྒྱད་ཀྱི་རྩང་གྱེར་འདོན་


CMR010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་མེད་ན་མ་བཏོན་ཀྱང་ཆོག་གོ༔ དེ་ནས་ཚོགས་རོལ་ལ༔ ལྷག་མ་དེ་གཏོར་མདོས་ཀྱི་ཟུར་དུ་ནང་ཙམ་དུ་ཐེང་ཙམ་དུ་འབུལ་ཏེ༔ འཁོར་གྱི་ལྷག་སྡུད་རྣམས་དེར་བསྐྱེད་ནས་ཡོད་པས་ཕྱི་རོལ་དུ་འབུལ་བ་མི་འཐད་དོ༔ དེ་ནས་འགྲུབ་ན་ཐུན་དྲུག་གམ༔ བཞིའམ༔ ཐ་ན་གསུམ་དུ་ཡང་༔ དམ་རྫས་གཏོར་ཆེན་འབར་བ་འདི༔ ཞེས་སམ༔ རྣམ་རྒྱལ་འབར་མའི་ཚིག་མཇུག་མ་དེ་རྣམས་ལྟ་བུས་ཐུན་གཏོར་འབུལ་དུས་དང་༔ གོང་དུ་རྣམ་རྒྱལ་འབར་མའི་ཐུན་གཏོར་འབུལ་བའི་སྐབས་སུ་རོལ་མོ་དང་བཅས་པས༔ བྱད་ཁ་བཟློག་ན་ཟློག་པ་སྤུ་གྲི་རང་གཤེད་སྔགས༔ ལྟས་ངན་བཟློག་ན་ལོཀྟི་པ་ལ༔ རྒྱལ་བསེན་ངེས་པར་གསོད་ན་སྤུ་གྲི་སྲོག་གཅོད་ཀྱི་སྔགས་བཟླའོ༔ དེ་ལྟ་བུས་རྨིས་རྟགས་མ་ཐོན་བར་རམ༔ ཞག་གྲངས་ཅི་རིགས་པར་བྱ༔ ཞག་གཅིག་ལས་མ་བྱས་ཀྱང་མི་རུང་བ་མེད་དོ༔ དེ་ནི་འདོན་ལུགས་རྒྱས་པ་ཡིན་ལ༔ ༈ འབྲིང་དུ་བྱེད་ན༔ གབ་སྤྱོད་དུས་གཙོ་བོ་ལ་གཅིག༔ སྐུ་གསུང་ཐུགས་ལ་གཅིག༔ ཡོན་ཏན་ཕྲིན་ལས་ཁྱུང་རྣམས་ལ་གཅིག༔ བཀའ་སྲུང་དང་བཞི་བྱས་ཀྱང་ཆོག༔ ནུབ་ཀྱི་རིགས་ལ་ཆོས་སྐྱོང་སྤྱིའི་གཏོར་འབུལ་དང་༔ གུ་དྲག་གི་བརྟན་སྐྱོང་


CMR010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མདོ་སྨྱོ་ཁ་ཞིང་སྐྱོང་སོགས་ལ་གཏོར་འབུལ་བྱ་སྟེ༔ དམར་གཏོར་གཅིག་ལ་ཐམས་ཅད་བསྔོའོ༔ དཀར་གཏོར་གཅིག་ཀྱང་གཞི་བདག་ལ་འབུལ༔ ༈ ཡང་གབ་མ་སྤྱད་ན་ཚོགས་བྱ༔ ཚོགས་ཕུད་འབུལ༔ བཤགས་བསྐང་བྱ༔ བསྒྲལ་ལས་ཚོགས་དུམ་དང་ཟན་ལིང་ཆེ་བ་གཅིག་ལ༔ ལས་འགྲིགས་གཞུང་ལྟར་གབ་མི་སྤྲད་པར་ཚར་གཅིག་བཏང་ལ་བསྟབས་པ་བྱས་ལིང་རོ་འབུལ༔ དེ་ནས་གཏོར་ཟློག་ཚར་གཅིག་འདོན༔ དེ་ནས་གཏོར་ཆུང་བདུན་ཕྲན་ལ་རྣམ་རྒྱལ་འབར་མ་ཚར་གཅིག་འདོན་ལ་གོ་ཆ་རང་རང་གི་སྔགས་རེ་དང་ཁཱ་ཧི་སྤྱད་ལ་མདོས་ནང་དུ་འབུལ༔ དེ་ནས་སྤུ་གྲི་ལ་གསུམ་འབུལ༔ རྩང་གྱེར་འདོན་ནོ༔ དེ་ནི་འབྲིང་པོའོ༔ ༈ ཤིན་ཏུ་བསྡུ་ན་ཚོགས་བསྐང་བ་ཚར་ནས་ཚོགས་ཀྱི་བསྒྲལ་ལས་ཁོ་ནས་ལས་འགྲིགས་ཀྱི་གོ་བཅད་ནས་ལིང་རོ་བསྟབ༔ ཟློག་གཞུང་འདོན་ནོ༔ རྣམ་རྒྱལ་འབར་མ་མ་བཏོན་ཀྱང་ཆོག༔ སྤུ་གྲི་འདོན༔ ལར་རྣམ་རྒྱལ་འབར་མ་འདི་ཤིན་ཏུ་གཉན་པས་མི་འདོན་པར་དེའི་ཚབ་ལ་རྔམ་བརྗིད་སྟོབས་ལྡན་འདོན་པ་ལེགས་ཞེས་སློབ་དཔོན་འགའ་ཞིག་གིས་གསུངས་སོ༔ ༈ འབུལ་ཁ་གཞུང་གི་སྒོ་དབྱེ་ལ་ཚིག་བསྒྱུར་ནས་གསེར་


CMR010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་དང་གཉིས་ཀ་བྱེད༔ སྒོ་དབྱེ་ནང་མ་དུས་ཕྱོགས་བཞི་ནས་རྩང་རེ་ཤབ་པས་སྒོ་ཕྱེ་བར་བསམ༔ ལྷ་རྣམས་ནམ་མཁའ་ལ་བཏེག༔ གོམ་པ་བདུན་གྱི་སར་དཔག་ལ་ཁྲག་གིས་བྲན་ནས་ཟ་ལམ་འདོན༔ ༈ དེ་ནས་འབུལ་ལུགས་ནི༔ བདེ་རིམ་ལ་ད་ལྟ་སྔགས་པ་ཚོས་བྱེད་པ་ལྟར་ཕྱི་རོལ་དུ་ཕུལ་བ་ལ་སོགས་བྱས་ཀྱང་རུང་ངོ་༔ ཁྱིམ་དུ་གདོན་ཆེན་པོ་ཡོད་པའམ་ཤིན་ཏུ་གལ་ཆེ་ན་ཁྱིམ་དུ་འབུལ་ཏེ་རྒྱུ་ལྡོག་ཐེབས་ལྡོག་ལེགས་པར་བརྩིས་ནས་གདོང་མ་ཐུག་པ༔ རང་དང་ཡོན་བདག་གི་ལོ་ལྷའི་ཕྱོགས་མ་ཡིན་པར་ཁ་གྱུས་ལ༔ མདུན་ཕ་ཟད་དེར་མེ་ཧོ་གཅིག་བརྩིག༔ དེ་ནས་ཚུར་གཏོར་གདན་ནག་པོ་གཅིག་གཏོར་ལམ་གྱི་རྣམ་པར་བཏིང་ནས༔ གསེར་སྐྱེམས༔ དཀར་གཏོར༔ ཚད་མདོ༔ བསྟན་སྐྱོང་ནས་བཟུང་སྟེ་སྨྱོ་ཁ་དམ་ཅན་སོགས་ཆོས་སྐྱོང་འཇིག་རྟེན་པ་རྣམས་ཀྱི་དམར་གཏོར་རྣམས་སྔོན་དང་ཞིང་སྐྱོང་མ་ནིང་སོགས་ཡེ་ཤེས་པ་དང་༔ སེང་གདོང་མ་དྲག་པོ་གཏོར་མ་སོགས་རྒྱབ་ནས་བཤམས་ལ༔ རང་སྔགས་ཆས་གང་ཡོད་གྱོན་ལ༔ དར་ནག་སོགས་ཀྱང་ཕྱིར་ལ༔ ཐོག་མར་གསེར་སྐྱེམས་དཀར་གཏོར་ཆད་མདོ་བརྟན་སྐྱོང་༔ ཆོས་སྐྱོང་སོ་སོའི་གཏོར་འབུལ་


CMR010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ དེ་ནས་བྲུབ་ཁུང་ནང་གི་ལིངྒ་བཏོན་ལ་སླ་ང་ནང་དུ་ཁྲག་གིས་ཆོས་འབྱུང་བྲིས་པར་བཞག༔ གཞན་ཡང་གཏོར་མདོས་ནང་དུ་ལིངྒ་གང་ཡོད་དེར་བཞག༔ བྲན་ལ་བཀུག་གཞུག་བྱ༔ ཡོན་བདག་ཐམས་ཅད་གྲལ་མགོ་མཇུག་ལྡོག་ལ་རང་གྲལ་མགོར་ཡོད་པ་གྲལ་མཇུག་ཏུ་གཏོར་མདོས་བཞག་ལ༔ མཆོད་གཡོག་པས་རིམ་པ་ལྟར་འཁོར་རྣམས་ཀྱི་གཏོར་མ་ཐེབ་ཙེའི་ནང་དུ་བཤམས༔ ཆང་ཕུད་ཀྱིས་བྲན་ལ་ཡོན་བདག་གཅིག་གིས་གཅིག་ལ་གཏད་ནས༔ བདུད༔ བཙན༔ ཀླུ༔ མེ་དབལ༔ ཁྱུང་༔ མཁའ་འགྲོ༔ ཕྱག་རྡོར༔ རྟ་མགྲིན༔ འཇམ་དཔལ་སོགས་བསྐུལ་པ་རེ་རེ་དང་སྤྲད་པ་ལ་རང་གི་ལག་ཏུ་བྱུང་བ་དང་༔ གཏོར་མ་དེ་ལྷ་སོ་སོའི་ཕྱག་མཚན་ལ་མེ་དཔུང་འབར་བ་ལིངྒ་དགྲ་བགེགས་གསལ་བའི་སྟེང་དུ་རྒྱབ་པས༔ ཐོག་ཕོག་པ་ལྟར་གཞོབ་བུན་གྱིས་སོང་བར་བསམ༔ དེ་ནི་ལེགས་སོ༔ རང་དྲག་པོར་གསལ་བས་གཏོར་མ་ལྷ་དེ་དང་དེའི་སྐུ་མེ་དཔུང་དང་བཅས་པར་བསམས་ནས་འཕངས་བས་དགྲ་བགེགས་དེ་བསད་བཅད་ཟོས་ནས་རྡུལ་དུ་སོང་བར་བསམ་པ་ནི་ཤིན་ཏུ་གཉན་པས་རང་ནུས་པ་ཆེ་ན་མ་གཏོགས་རང་ལ་ལྡོག་གསུངས་སོ༔ དེས་ན་དེ་


CMR010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་ན་རེ་རེ་མ་གཏོགས་མི་བྱའོ༔ དེ་ནས་འཁོར་ཐམས་ཅད་རྫོགས་ནས༔ གཙོ་བོའི་གཏོར་མ་དེ་སྣོད་གཅིག་ཏུ་བཤམས་ལ་རང་དྲག་པོའི་ང་རྒྱལ་བསྐྱེད་ཅིང་གཏོར་མ་ལག་ཏུ་ཐོགས་ལ་ཕྱག་རྟགས་རྡོ་རྗེ་ཚར་གཅིག་འདོན༔ དེ་ནས་གཏོར་མ་དྲག་པོའི་སྐུ་མེ་འབར་བ་དེ་ཡོན་བདག་སོ་སོའི་སྤྱི་བོར་བཞག་པས་དེ་ལས་མེ་འབར་ཏེ་དེའི་ནད་གདོན་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པར་བསམས་ལ་མགོ་ཐོག་ཏུ་བཞག་ནས་དྲག་སྔགས་བརྗོད་པའམ༔ ཡང་ན་སློབ་དཔོན་ནམ་དཔོན་རིགས་ལྟ་བུ་རང་ལ་དབང་འབྲེལ་མེད་ཅིང་ང་རྒྱལ་ཆེ་བ་སོགས་ལ་དཔུང་པའི་ཁར་བཟུང་ལ་སྔགས་བརྗོད༔ དེ་ནས་གཏོར་མ་མཆོད་གཡོག་པས་བཏེགས་ལ་རྣམ་རྒྱལ་འབར་མའི་བསྐུལ་པའི་མཇུག་གི་ཚིག་དེ་རྣམས་ལྟ་བུས་བསྐུལ་ཐུང་འདོན་ལ༔ གཏོར་མའི་ལྷ་དེ་སྐད་ཅིག་གིས་མེ་ཧོ་མེ་འབར་ཀློང་དུ་བཞུགས་པར་དམིགས་ལ༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིར་བསམས་ལ་གཙོ་བོའི་ཞལ་དུ་བསྟབ་པར་བསམ་ཞིང་མེ་ནང་དུ་འབུལ་ལོ༔ གཏོར་མ་ཚིགས་ནས་ལྷ་དེ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་གཤེགས་པར་བསམས༔ དེར་མ་ཟད་ལིང་རོ་དང་གཏོར་མ་རྩང་ཐུར་ལིངྒ་ཐམས་ཅད་བསྲེགས་ལ༔ ཐལ་བ་མ་


CMR010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཎིའི་འོག་གམ་ལམ་རྒྱ་གྲམ་དུ་བླུགས་ཏེ་དེ་ཡང་མཁའ་འགྲོ་དང་གདོང་མ་ཐུག་པར་བྱ༔ གཏོར་སྣོད་འོག་གི་ཐལ་བ་སྒྲུབ་ཁང་ཕྱི་རོལ་དུ་དོར༔ གཏོར་སྣོད་ཐེམ་པར་སྦུབ་ལ་རྟ་བྲོ་བྱའོ༔ དེས་མནན་བསྲེགས་འཕང་གསུམ་ཚང་བས་ཟབ་བོ༔ ཨོཾ༔ ཡང་རི་བོ་ཆེའི་ལུགས་ལ་ཉང་ལུགས་ལ་བདག་བསྐྱེད་ཁྲོ་རྒྱལ་སྟོབས་འདུས་མདུན་བསྐྱེད་ནས་ལས་བྱང་སྤྱན་འདྲེན་མན་བྱེད་ནས༔ གཏོར་བསྐྱེད་བསྟོད་བསྐུལ་སོགས་ཕལ་ཆེར་གཏེར་གོང་མ་ནས་སབ་པའི་ལུགས་དང་༔ གོ་བོ་ཕུག་པའི་ལུགས་ལ་མ་ཏྲ་དང་གསེར་སྐྱེམས་རྟ་བྲོ་སྲུང་བཙུགས་པ་སོགས་ཁྲོ་བོ་རོལ་པའི་ཆ་ལག་ཕལ་ཆེར་སབ་ནས༔ པོ་ཏི་ལོང་བ་ཙམ་བྱེད་པ་དང་༔ ཡང་ཀཿཐོག་གི་གྲྭ་རིས་བརྒྱུད་པ་འགའ་རེས་མཚོན་ཆ་འཁོར་ལོའི་གཞུང་གི་མཚམས་མཚམས་སུ་དམར་གཏོར་རེ་རེ་འབུལ་བ་དང་༔ དེང་སང་སྔགས་པ་འགའ་རེས་གཏོར་ཆུང་གྲངས་མེད་བྱས་ནས་ཟློག་པའི་མཇུག་ཏུ་སྔགས་རེ་དང་རོལ་མོ་རེ་སྤྲད་ནས་འབུལ་བ་སོགས་དང་༔ ཡང་ལས་འགྲིགས་བུ་འབོར་སངས་རྒྱས་རྒྱལ་མཚན་པས་མཛད་པ་དང་༔ ཀཐོག་པའི་བླ་མ་གཅིག་གིས་མཛད་པ་དང་༔ ཞིག་པོ་གླིང་པས་མཛད་པའི་ལས་འགྲིགས་ཁ་སབ་


CMR010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས༔ མདོར་ན་གཏོར་ཟློག་འདི་དར་སྲོལ་ཆེ་བའི་སྟབས་ཀྱིས་ཕྱག་ལེན་སྣ་ཚོགས་པ་འདུག་སྟེ༔ དེ་དག་སྨོད་ནི་མི་ཕོད་པས་ཆོས་སྤང་གི་ལས་ལ་འཇུག༔ ཅིའི་ཕྱིར་ན༔ ཕྱག་ལེན་ལ་འབྲེལ་མེད་ཀྱང་༔ བསྐྱེད་རྫོགས་གོམས་པའི་རྣལ་འབྱོར་པས་གང་བྱས་རུང་བ་སྟེ་མངའ་རིས་རིག་འཛིན་ཆེན་པོ་ཁོང་རང་གིས་གསང་ཆེན་ནུབ་གཅིག་བཀའ་བརྒྱད་ཁྲོ་བོ་རོལ་པ་བཅས་ནས་འཕངས་བས༔ རྟགས་དང་ཆོ་འཕྲུལ་ཆེན་པོ་བྱུང་བ་ལྟ་བུ་ལ་ངེས་པ་མེད་མོད༔ འོན་ཀྱང་ཕྱག་ལེན་དེ་དག་ལེགས་པར་བརྟག་ན་འབྲེལ་ཆགས་དཀའ་བར་མཐོང་ངོ་༔ འགའ་ཞིག་གཏེར་གོང་འོག་བསྲེ་བ་དང་༔ ལྷ་ཇི་ལྟར་བསྐྱེད་མི་ཤེས་པ་དང་༔ བཀའ་བརྒྱད་ཀྱི་ལྷ་ཚོགས་ཕལ་ཆེར་གཏོར་ཟློག་འདིར་བྱུང་བ་གང་དུ་བསྐྱེད༔ གོ་ཆའི་ལྷའི་རྩ་གནས་སུ་བསྐྱེད་དམ༔ ཐ་ན་གཏོར་མ་བཅུ་ཁྲོ་བོ་བཅུ་ཡིན་ཟེར་བ་སོགས་ལྷ་གང་དང་གང་གི་གཏོར་མ་ཡིན་པ་ཙམ་ཡང་ཤེས་དཀའ་བར་སྣང་༔ འགའ་ཞིག་གིས་ལས་འགྲིགས་ལ་གཏེར་སྟོན་ཉིད་ཀྱིས་མཚལ་སེར་ཚོན་ཁྲ་མཛད་ཡོད་པ་རྣ་བས་མ་ཚོར་བར༔ གབ་སྤྱད་པ་བཀའ་བརྒྱད་ལུགས་ཡིན༔ མཚོན་ཆ་འཁོར་ལོ་ལ་མེད་ཟེར་བ་དང་༔ ཐ་ན་ལས་འགྲིགས་


CMR010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གྱིས་མཛད་པ་ལ༔ གཏེར་སྟོན་ལ་རིན་ཆེན་དཔལ་བཟང་མཚན་ཙམ་ཡང་མི་ཤེས་པར༔ འདི་རིན་ཆེན་དཔལ་བཟང་ཟེར་བའི་བླ་མ་གཅིག་གིས་མཛད་ཆོས་རེད༔ གཏེར་གཞུང་མ་ཡིན་པས་སྙིང་པོ་མེད་ཟེར་བ་སོགས་རྡོར་གཅོད་ཞུ་དག་གི་ལོ་རྒྱུས་ལྟར་མཁས་པས་བཞད་གད་ཀྱི་ཚིག་འགའ་རེ་སྨྲས་པར་མཐོང་ངོ་༔ ༈་འདི་ཡི་མན་ངག་ལ་ཐན་ཟློག་ན་ལྟས་ངན་གང་བྱུང་གི་གཟུགས་བྱ་བ་ལ་སོགས་ཁྱུང་དམར་གྱི་མཇུག་ནས་བྱུང་བའི་ལས་སྦྱོར་ལ༔ གཏོར་ཟློག་དང་སྦྲགས་ལ་འཕང་སྟེ་གཏོར་ཟློག་གི་སྔོན་དུ་ལིངྒ་དང་མཉམ་དུ་བཞག་སྟེ་གཏོར་མ་རྣམས་བརྡེག༔ དེ་ནས་ལྟས་ངན་དེ་གང་དུ་བྱུང་བའི་ས་དེར་འཕངས༔ ཐག་རིང་ན་ཕྱོགས་སུ་འཕངས༔ བྱ་ཐན་ཡིན་ན་འུར་ལྟེབས་བཞག་ལ་མི་ལོ་རུས་དྲག་པོ་ཅན་ལ་འཕེན་འཇུག་ཅིང་ཐམས་ཅད་ཀྱིས་ཕེ་བརྗོད༔ ༈ ལྟས་ངན་རི་རྡོ་ཞིང་དུ་བབ་པ་སོགས་ལ་རྦབ་ཀྱི་མཆུ་ཐམས་ཅད་ལ་སོལ་བས་རྒྱ་གྲམ་བྲི༔ མགོ་ལ་རེ་དུམ་བཀོན༔ རྡོ་དུམ་བུ་གཏོར་ཟློག་ནང་དུ་བཞག་གོ༔ གོད་བྱུང་ན་གོད་ལྤགས་གཡང་གཞི་གཅིག་ལ་མ་ཏཱཾ་གི་གཟུགས་བྲིས་ལ༔ མདོས་ཞབས་སུ་བཞག་པ་མདོས་མཁན་གྱིས་ཁྱེར་རོ༔ ཡོན་བདག་


CMR010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞག་ན་གཏོར་སྒྲུབ་མི་དྲོའོ༔ གོད་ཤས་ཟློག་པ་གཏོར་འབུལ་ལ་བརྒྱན༔ ཕུགས་གཏོར་ལ་མི་བརྒྱན༔ གོད་འདྲེའི་ལིངྒ་ལ་ལས་འགྲིགས་ལྟར་བསྒྲལ་ལས་བྱ་སྟེ༔ གོད་མགོ་མེ་ཆུ་མ་ཕོག་པ་ལ་ལིངྒ་བྲིས་ལ་མདོས་ཞབས་སུ་བཞག་བཀུག་གཞུག་བྱའོ༔ ལིངྒ་གོད་མགོར་བཅུག་ལ་ས་དཔལ་བཟང་བའི་གཞི་བདག་དཀར་ཕྱོགས་གནས་ས་ལ་གཏད་ན་གོད་ཆད་དོ༔ དེ་མ་བྱས་ན་ཟློག་པ་རང་གི་ཡང་ཐུབ་བོ༔ མི་ལ་ན་ཚ་དྲག་པོ་བྱུང་བའི་ཤི་སྒབ་གཅོད་ན་ཡང་མི་གང་ཤི་དེའི་ཟ་འདྲེའི་ལིངྒ་བྲིས་ལ་བཀུག་གཞུག་བསྒྲལ་ལས་གོང་ལྟར་རོ༔ ནད་པ་གདོན་ཅན་ལ་ཡང་ནད་འདྲེའི་ལིངྒ་སོགས་དེ་དང་འདྲའོ༔ ཆུང་སྲི་ལ་ཡང་ཆུང་སྲི་ལིངྒ་གོང་ལྟར་བྱས་ནས༔ བསྒྲལ་མཆོད་བྱས་པས་འཐུས་ལ༔ ཤིན་ཏུ་གལ་ཆེ་ན་ལིངྒ་སྦྱིན་སྲེག་བྱེད་པའམ༔ རིལ་ཚེའམ་བྱི་ལ་ཁྱི་གུའི་ཐོད་པར་ཐེམ་འོག་ཏུ་མནན་ལ་རྟ་བྲོ་བྱའོ༔ ཤིན་ཏུ་གལ་ཆེ་ན་ཐུན་མཚམས་ཐམས་ཅད་དུ་ཡང་ཁྲོ་རྒྱལ་སྟོབས་འདུས་ནས་བཤད་པའི་འཁོར་ལོ་ཁ་འཐབ་ཀྱི་དམིགས་པ་དང་དྲག་སྔགས་ཀྱིས་གནོད་བྱེད་དྲག་ཏུ་གཅུན་ནོ༔ དེ་ནས་ཐུལ་རྟོགས་བྱུང་ནས་གཏོར་ཟློག་འབུལ་ལོ༔ འདི་དྲག་པོའི་ལས་སྦྱོར་ཆེན་པོ་ཡིན་པས༔ ཐོག་མར་


CMR010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བརྔན་བསང་དང་དཀར་གཏོར་གྱིས་ཡུལ་ལྷ་བཅོས༔ ཆ་གསུམ་མམ་གླུད་གཏོར་བགེགས་གཏོར་རམ་ཆངས་བུ་བརྒྱ་སོགས་བྱས་ལ་ལན་ཆགས་ལ་བསྔོའོ༔ ཆོས་བཤད་བདེན་པ་བརྡར༔ རྒྱབ་རྟེན་དུ་ཤེར་ཕྱིན་ཀློག་པ་དང་ཚ་ཚ་ཆུ་གཏོར་བཏང་བས་ཚོགས་བསགས༔ དེ་དག་གང་ལ་ཡང་མི་རྩི་བའི་གདོན་བགེགས་ལ་བཀུག་གཞུག་དང་བསྒྲལ་ལས་ཀྱིས་ཚར་བཅད་དོ༔ རྒྱུ་ལྡོག་ཐེབས་ལྡོག་ལ་ཞིབ་ཏུ་བརྩི་བ་རྣམས་ནི་རང་ལ་མི་ལྡོག་པ་དང་ཡོན་མཆོད་བཀྲ་ཤིས་པའི་མན་ངག་ཐུན་མོང་མ་ཡིན་པའོ༔ དེ་དག་ནི་གོ་དཀའ་བའི་གནད་གསང་བའི་མན་ངག་ཞལ་ཤེས་རྣམས་ཡིན་ལ་ཤིན་ཏུ་ཞིབ་ཆ་ནི་བྲི་བར་མི་ལོང་སྟེ། མཐོང་བ་བརྒྱུད་པ་ལྟར་དང་རང་ཤེས་རབ་ཀྱིས་ཕྱེའོ༔ ཞེས་པ་འདི་ནི་སྔགས་འཆང་ཀརྨ་ཡང་དག་གིས་ལན་དུ་མར་ནན་གྱིས་བསྐུལ་བ་ལ་བརྟེན་ནས༔ ༧ སྔགས་འཆང་རྣལ་འབྱོར་པ་ཀརྨ་ཨ་རཱ་གས་བརྗེད་ཐོ་ཙམ་དུ་བཀོད་ཀྱིས་གང་དྲན་རིམ་ནས་མྱུར་དུ་བཀོད་པས་ཚིག་གོང་འོག་འོང་བ་ལྟར་འགའ་རེ་བྱུང་སོང་བ་དང་༔ གཞན་ཡང་གསང་བ་བསྒྲགས་པའི་ཉེས་པ་གང་མཆིས་པ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་༔ བཀའ་སྲུང་བདུད་མགོན་ལྕམ་དྲལ་དང་༔ མྱུར་


CMR010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་སྤུ་གྲི་མཆེད་གསུམ་དང་༔ སྲུང་མ་ཀླུ་བདུད་ནག་པོ་སོགས༔ ཆོས་བདག་ཚོགས་ལ་བཟོད་པར་གསོལ༔ འགལ་འཁྲུལ་ཨོ་རྒྱན་རྗེ་ལ་བཤགས༔ དགེ་བས་འགྲོ་བ་མ་ལུས་པ༔ བར་ཆད་རྐྱེན་ལས་གྲོལ་གྱུར་ནས་༔ དུས་ཀུན་བདེ་ལ་གནས་གྱུར་ཅིག༔ འདིའི་ནང་ན་ཞལ་ཤེས་མང་ཞིག་བྲིས་ཡོད་པས་མང་དུ་སྤེལ་མི་རུང་སྔོན་ཆད་ཡི་གེར་བྲིས་པ་མེད༔ ཟབ་སྤྱི༔ རྒྱ་རྒྱ་རྒྱ། །ཐམ༔ དཔེ་འདིས་ཀྱང་གུ་རུ་དྲག་པོ་ལ་ཡི་དམ་བྱེད་པ་རྣམས་ཀྱིས་བརྒྱུད་པ་དང་བཅས་པའི་དོན་འགྲུབ་པར་གྱུར་ཅིག༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་ཟློག་མཚོན་ཆ་འཁོར་ལོའི་ཟིན་བྲིས་མཐོང་བ་ཀུན་གསལ།next