Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས།next

གཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས།


CMR010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས་བཞུགས་སོ།།


CMR010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷ་ཡེ། གཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས་ནི། དང་པོ་གུ་དྲག་སོགས་ལྷ་གཞུང་ཐམས་ཅད་འདོན། དེ་ནས་ཚོགས་བྱེད་ལ་ཚོགས་ཕུད་ཕུལ། བར་དུ་བཤགས་པའི་ཚོགས་ཟན་དེས་བསྐང་བ་གསོ་ལ། དྲག་པོའི་བསྐང་བཤགས་དེ་འདོན། དེ་ནས་བསྒྲལ་ཆོག་གི་ཚོགས་ཟན་དེ་དུམ་བུ་བཅུ་བྱས། ཟན་ལིང་ཆུང་ངུ་བཅུ་དང་ཤ་དུམ་རེ་སྦྲགས་ལ་རཀྟས་བྲན་ལ་བཞག །གཏོར་ཆུང་རཀྟ་བྱུག་པ་ཤ་དུམ་ཅན་བཅུ་ཡང་བཤམས། ༈ དང་པོ་ལས་འགྲིགས་ནང་གི་ཡི་གེ་སྣག་མ་དང་དམར་པོ་བྱུག་པ་དྲག་པོའི་བསྒྲལ་ཆོག་འདོན། ཐིག་ལེ་དམར་པོའི་ས་


CMR010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དྲག་སྔགས་ཨ་ཙིག་བཙུད། ཐུན་ཐམས་ཅད་བརྒྱབ། དྲག་པོའི་བསྟབས་པ་བྱས། མཚོན་ཆ་འཁོར་ལོའི་དྲག་པོའི་ཟློག་པ་དེ་འདོན། གཏོར་ཆུང་བྲན་ལ་བསྟོད་བསྐུལ་རྣམ་རྒྱལ་འབར་མའི་གཙོ་བོའི་བསྟོད་པ་འདོན། གཏོར་ཆུང་མདོས་སུ་འབུལ། དེ་བཞིན་སྣག་མ་རྣམས་ནི་ཐམས་ཅད་ལ་སྦྱར་དགོས། འཇམ་དཔལ་ལ་སེར་པོ་ཐམས་ཅད་འདོན། ཐིག་ལེ་སེར་པོ་འཇམ་དཔལ་གྱི་མཚན་སྔགས་སྐབས་སུ་གང་བབ་སྦྱར། ལིངྒ་འབུལ། འཇམ་དཔལ་གྱི་ཟློག་པ་འདོན། འཇམ་དཔལ་གྱི་བསྟོད་བསྐུལ་འདོན་ནས་གཏོར་ཆུང་འབུལ། དེ་བཞིན་དུ་དམར་པོ་རྟ་


CMR010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན། སྔོན་པོ་ཕྱག་རྡོར། ཁ་དོག་སྣ་ཚོགས་མཁའ་འགྲོ། ལྗང་གུ་མེ་དབལ། ལྗང་སྐྱ་བྱ་ཁྱུང་། ཁམ་ནག་བཀའ་སྲུང་དམ་ཅན། བཀའ་སྲུང་དུས་ཟློག་པ་མེད་པས་གཏོར་ཆུང་གསུམ་རེ་དུས་གཅིག་ལ་ཕུལ་སྤྱི་ལ་བཀའ་སྲུང་གི་བསྟོད་བསྐུལ་བྱ། དྲག་པོ་རིགས་བཞི་དང་ཚེ་བདག་སོགས་ཀྱི་ཕུར་འདེབས་དེ་གཙོ་བོ་ལ་སྦྱར། ཁྲོ་བཅུའི་ཕུར་འདེབས་དེ་གཙོ་བོ་མེ་དབལ་གང་རུང་ལ་སྦྱར། ༈ ཐུན་བརྡེག་དུས་ལྷ་སོ་སོའི་རྩ་སྔགས་ལ་མཱ་ར་ཡ་སྦྱར། ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ། ཟེར་བའི་ཕུར་འདེབས་བསྡུས་པ་དེ་བཀའ་སྲུང་ལ་སྦྱར། ཞག་རེ་ནངས་ནུབ་ཉིན་མཚན་དུས་བཞིར་ཐུན་གཏོར། གཏོར་ཆུང་རེ་ལ་བཀུག་གཞུག་བྱས་ལ། རྔམ་བརྗིད་སྟོབས་ལྡན་མཇུག་གི་བསྐུལ་ཉུང་ངུའམ། ལས་བྱང་གཞུང་གི་དམ་རྫས་གཏོར་ཆེན་འབར་བ་འདི། །ཞེས་སོགས་ཀྱིས་འབུལ་ཞིང་གཏོར་ཆུང་མདོས་ནང་དུ་ཕུལ་ལ་བཟློག་སྔགས་ཅུང་ཟད་རེ་བརྗོད། སྲོད་དང་སྔ་དྲོ་རང་གཞན་སྲུང་འཁོར་བསྒོམ། ཕྱི་དྲོ་དང་དགོང་མོ་བཟློག་བསད་ཀྱི་དམིགས་པ་བྱ། དེ་ལྟར་ཞག་དུ་བྱེད་པ་རྒྱས་པའི་འདོན་འགྲིགས་སོ། ༈ །འབྲིང་པོ་ནི། ལས་བྱང་གི་ཚོགས། ཚོགས་ཕུད་ཕུལ། བསྐང་བའི་


CMR010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཟན་བསྐང་བ་གསོ། དྲག་པོའི་བསྐང་བཤགས་འདོན། བསྒྲལ་ལས་ཀྱི་ཚོགས་ཟན་ལིངྒ་ཆེ་བ་བསྒྲལ་ལ། ལས་འགྲིགས་དེ་ཉིད་དཔེ་ལ་ཇི་ལྟར་འདུག་པ་དེ་འདོན། གབ་མི་སྤྲད། ལིང་རོ་མདོས་སུ་འབུལ། མཚོན་ཆ་འཁོར་ལོ་ཚར་གཅིག་འདོན། གཏོར་ཆུང་གཅིག་གམ་བདུན་བྲན་ལ། རྣམ་རྒྱལ་འབར་མ་ཚར་གཅིག་འདོན། མཚམས་མཚམས་སུའོ། །དུས་གཅིག་མདོས་སུ་འབུལ། ཡང་གཏོར་ཆུང་གསུམ་བཤམས། འདོན་པའི་མཚམས་སུའམ། དུས་གཅིག་མདོས་སུ་འབུལ། ཟློག་སྔགས་འདོད་གསོལ་བྱ། དམོད་བཅོལ་བྱ། དེ་ལྟར་ཚར་དུ་མ་དུ་བྱེད་པ་འབྲིང་པོའོ།། ༈ ལས་འགྲིགས་བསྡུས་པ་གཅིག་བྱེད་ལུགས་ཡོད་དེ། གོ་དཀའ་བས་འདིར་མ་བྲིས་སོ།། ༈ ཤིན་ཏུ་བསྡུ་ན་ལས་འགྲིགས་མི་དགོས་ཏེ། བསྒྲལ་ལས་ཚོགས་ནང་གི་དེ་བྱེད་པས་ཆོག །ཟློག་སྔགས་ནི་ཨ་ཙིག་མཇུག་ཏུ། ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དང་ལྟས་ངན་ནམ༔ ཆོ་འཕྲུལ་ལམ༔ བྱད་ཁ་ཆོད་འདྲེ༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་པའམ། གཙོ་ཆེར་བྱད་ཟློག་ལ་ཟློག་པ་སྤུ་གྲི་རང་གཤེད་ཀྱི་སྔགས་དེ་འདོན། ཐན་ཟློག་ལ་ལོཀྟི་པ་ལའི་


CMR010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དེ་འདོན་པ་མན་ངག་གོ ༈ །དེ་ནས་མདོས་འབུལ་ཉིན། ཕྱོགས་དང་རྒྱུ་ལྡོག་ཐམས་ཅད་ཞིབ་ཏུ་རྩིས། སྒོ་དབྱེའི་མཚམས་སུ་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །སྦྱར་བ་སྒོ་དབྱེ་དང་གསེར་སྐྱེམས་གཉིས་ཀ་བྱེད་ཅིང་། སྒོ་རྩང་བཞི་རིམ་པར་ཤབ། གསེར་སྐྱེམས་གཞན་བྱས་ཀྱང་ཆོག །རྩང་མ་བཙུགས་ཀྱང་ཆོག་པས་མི་འགལ། རྩང་གྱེར་འདོན་མི་དགོས། དེ་ནས་གོམ་པ་བདུན་ཕྱི་རུ་དཔག་ལ་རཀྟས་བྲན། བསྟོད་བསྐུལ་བྱ། སྲིན་མོ་ཟ་ལམ་འདོན། དེ་ནས་གདོན་ཆེན་སྟེང་དུ་རྫོགས་པའམ། ཁྱིམ་གདོན་ཆེ་ན་ཁྱིམ་དུ་འབུལ་སྲོལ་ཡོད་དེ། དེ་ཤིན་ཏུ་རྩུབ་པར་སྣང་བས། གཞུང་ལྟར་རི་ལ་འབུལ་ན་ལེགས། དེ་ཡང་རི་ལ་ཕུལ་ན། ཟོར་གཞན་གང་རུང་ནས་ཁ་སབ། ཟོར་མ་བྱས་ཀྱང་ཆོག །ཞིབ་ཆ་མཐོང་བ་བརྒྱུད་པ་ལྟར་རོ། །ཞེས་བློ་ཆུང་གསར་པ་རྣམས་ལ་ཕན་ཕྱིར་༧ ཨ་རཱ་གས་སྦྱར་བས་སེམས་ཅན་ཐམས་ཅད་བཀྲ་ཤིས་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ། །


previousགཏོར་ཟློག་མཚོན་ཆ་འཁོར་ལོའི་འདོན་འགྲིགས།next