Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་སྒྲུབ་ཨ་ཙིག་བསྙེན་དམིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲག་སྒྲུབ་ཨ་ཙིག་བསྙེན་དམིགས།next

དྲག་སྒྲུབ་ཨ་ཙིག་བསྙེན་དམིགས།


CMR010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྒྲུབ་ཨ་ཙིག་བཟླ་དུས། རང་ཉིད་དམ་ཚིག་སེམས་དཔའ་གུ་རུ་དྲག་པོར་གསལ་བའི་ཐུགས་ཀར་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་འབར་བའི་དབུས་སུ།་་གཞུང་ལས། རིན་ཆེན་འབར་བའི་དབུས་ཉིད་དུ༔ ཞེས་གསུངས་པ་དང་། གོ་ཆ་དང་། འབྲུ་འགྲེལ་ནང་ནས་གསུངས་པ་ལྟར་ཞལ་མཐུན་ནོ། །གསེར་གྱི་བྱང་ཆུབ་མཆོད་རྟེན་གྱི་བུམ་ལྟོར་ཕྱག་རྡོར་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཁྲོ་གཏུམ་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་པ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དུར་ཁྲོད་ཆས་བརྒྱད་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པའི་ཐུགས་ཀར། ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཐབས་ཤེས་ཉི་ཟླའི་གའུ་ཁ་སྦྱོར་བའི་ནང་དུ། ཧཱུྃ་དམར་པོ་འགྲེང་སྟབས་གནས་པའི་མཐར། ཨ་ཙིག་ཡིག་འབྲུ་ཉི་ཤུའི་བསྐོར་བར་གྱུར་པར་བསམས་ལ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླ། ཨོཾ་ཨཱཿཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ འདི་དག་ཡིན་ནོ། བསྙེན་པ་ཕྲེང་སྐོར་གཅིག་བཟླའོ།། ༈ དེ་ནས་སྔགས་ཕྲེང་མི་འཁོར་བར་སྔགས་ལས་འོད་ལྔ་ལྡན་གཡས་སུ་ཀྱི་ལི་ལི་


CMR010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་གྱུར་པར་དམིགས་ཏེ་བཟླ་བ་ཕྲེང་སྐོར་ཉིས་བརྒྱ་རེ་ཉེ་བར་བསྙེན་པའོ།། ༈ དེ་ནས་སྔགས་ཕྲེང་དལ་བུར་གཡས་སུ་འཁོར་ཞིང་། དེ་ཇེ་མགྱོགས་མཐར་ཤིན་ཏུ་མགྱོགས་པར་འཁོར་བ་དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་མ་ལུས་པ་ཐམས་ཅད་འོད་ཟེར་དེ་ཕོག་པས་ཟག་མེད་ཀྱི་མཆོད་པར་གྱུར་ནས་སྐུ་གསུང་ཐུགས་རབ་ཏུ་མཉེས། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་པ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ། སླར་ཡང་འོད་ཟེར་མར་འཕྲོས་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཕོག་པས་སོ་སོའི་སྡུག་བསྔལ་སྡིག་སྒྲིབ་ལས་ཉོན་བག་ཆགས་རྟོགས་སྒྲིབ་ཐམས་ཅད་ཞི་བར་བྱས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཅིང་བཀའ་རྗེས་སུ་སྒྲུབ། གནོད་བྱེད་དགྲ་བགེགས་བར་ཆད་འདྲེ་འཁྱམས་ཀུན་ལ་ཕོག་པས་གནོད་སེམས་དུག་ལྔའི་གདུག་རྩུབ་ཐམས་ཅད་ཞི་བར་བྱས། ཕྲིན་ལས་ཐམས་ཅད་སྒྲུབས། ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ཐམས་ཅད་གུ་རུ་དྲག་པོའི་སྐུར་གྱུར་སྐུ་ཟེར་རེ་རེས་ཀྱང་། དེ་དག་ཀུན་གྱི་མཐུ་སྟོབས་ནུས་པ་ཐམས་ཅད་


CMR010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཤིང་འོད་ཟེར་སྣ་ཚོགས་པའི་རྣམ་པར་འདུས་ནས་རང་ལ་ཐིམ་པས། ཚེ་ཡི་བཅུད་དང་ནུས་མཐུ་བསོད་ནམས་ཡེ་ཤེས་ཡོན་ཏན་གཟི་བརྗིད་ཐམས་ཅད་འཕེལ་བར་གྱུར་པར་བསམས་ལ་སྔགས་ཕྲེང་སྐོར་གསུམ་བཟླ་སྟེ་སྒྲུབ་པའོ།། ༈ དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས། ཐུགས་སྲོག་ཧཱུྃ་དམར་པོའི་རྩེ་ནས་སྔགས་ཕྲེང་འཕྲོས་ཏེ་རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་མཆོད་པའི་ཚུལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། མཁའ་གསང་ནས་ཐོན། མདུན་བསྐྱེད་སྐབས། གོ་ཆའི་ལྷ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། གསང་གནས་ནས་སྔགས་ཕྲེང་ཚུར་བྱོན། རང་གི་རྡོ་རྗེའི་སྦུབས་ནས་དྲང་། དངོས་གྲུབ་ཀྱི་ཚུལ་དུ་རང་ཉིད་ཀྱི་ཐུགས་སྲོག་ལ་ཐིམ་པས། མགལ་མེ་གཡུག་པ་ལྟར་ཀྱི་ལི་ལི་རྒྱུན་མ་ཆད་པར་འཁོར་བ་ལས་འོད་ཟེར་མེ་ཡི་ཚྭ་ཚྭ་ལྟ་བུར་འཕྲོས་པས་དམ་ལ་མི་གནས་ཤིང་བཀའ་ལ་མི་ཉན་པའི་གནོད་བྱེད་གདོན་བགེགས་དམ་སྲི་འབྱུང་པོ་ཐམས་ཅད་བསྐྲད་ཅིང་སྲུང་། ནག་པོའི་ཕྱོགས་གདུག་པ་ཅན་ཐམས་ཅད་ཚར་བཅད་བསྲེག་ཅིང་བཙོས་པར་གྱུར་པར་བསམས་ལ། མི་དམིགས་པའི་རྒྱས་གདབ་སྙིང་རྗེ་རེ་བསྐྱེད་དེ་


CMR010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ཕྲེང་སྐོར་བཞི་རེ་བྱ་བ་སྒྲུབ་པ་ཆེན་པོའོ། །དེ་ལས་སྟོང་དང་ཁྲི་འབུམ་སོགས་ཀྱང་མང་ཉུང་དེ་ཡི་འགྲེས། ལས་ཚོགས་དང་འཁོར་ལྷ་སོགས་ཟིན་བྲིས་རྒྱས་པར་ཤེས། དྲག་སྒྲུབ་བསྙེན་ཡིག་རྡོ་རྗེ་ཐོག་ཕྲེང་ཞེས་བྱ་བ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདྲག་སྒྲུབ་ཨ་ཙིག་བསྙེན་དམིགས།next