Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས། next

སྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས།


CMR010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས་བཞུགས་སོ།།


CMR010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས་ནི༔ ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ ༈ རང་གི་སྙིང་གར་ཧཱུྃ་དམར་མེའི་མདོག་ཅན་གཅིག་བསམ༔ ཐུགས་ཀའི་ཧཱུཾ་ལས་ཨེ་ནག་པོ་གཅིག་ཆད༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ༔ ཁ་གདེངས་པ་དེའི་སྟེང་ཨེའི་ཀློང་དུ༔ ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་བསྐལ་པའི་མེ་དཔུང་དམར་ནག་རབ་ཏུ་འབར་བར་ཆད་པས་རཀྟའི་རྦ་ཀློང་འཁྲུགས་པ༔ ཁྲག་གི་ལྦུ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན་ཞིང་ཆེན་ཞིང་ཆུང་རི་གད་ཉིལ་བ་ལྟ་


CMR010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་སུ་ལས་ཤ་ཆེན་ས་གཞི༔ རོ་རུལ་བ་མ་རུལ་བ་བམ་པ་ཐོད་སྐམ་ལས་མེ་འབར་བ་དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོ་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོའི་ཀུ་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ སྟེང་དུ་ཀེ་ཆད་པ་ལས་ཀེ་ལས་རུས་པའི་རི་རབ་གྲུ་བཞི་བང་རིམ་དང་བཅས༔ དེའི་སྟེང་དུ་ཧཱུཾ་ཆད་པ་ལས་གཞལ་ཡས་ཁང་༔ ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ་གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔


CMR010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ལྕམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ་ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབས༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས། ཆུ་སྲིན་དང་འབྲུག་གི་སྐྱེས་བུ་རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེ་རི་སྨུག་ནག་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་མཚོན་ཆ་ལྔ་དང་ཁྲོ་ཆུང་དང་སྡིག་པས་གཏམས་ཤིང་འཁྲུགས་པར་གྱུར༔ ཕོ་བྲང་དེའི་དབུས་མཐིང་ནག་གྲུ་གསུམ་འབར་བ༔ ཟླ་གམ་དམར་པོ་དེའི་ཕྱི་རིམ་གསེར་གྱི་འཁོར་ལོ་རྩིབས་བཞི་པ༔ བདུད་བཞི་དང་དམ་སྲི་ཕོ་མོའི་རོ་བསྣོལ་བའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་ཧཱུྃ་ཆད་པ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་བསྒོམ༔ ཧཱུྃ་རྡོ་རྗེ་དང་བཅས་པ་ལས་འོད་


CMR010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཧཱུྃ་ལ་ཐིམ་འོད་དུ་འབར༔ སླར་རྡོ་རྗེ་རྩེ་དགུ་པར་གྱུར་དེ་ཡོངས་སུ་གྱུར་པ་ལས༔ བདག་ཉིད་དྲག་པོ་ཐོད་ཕྲེང་རྩལ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ ཞལ་གཡས་དཀར་གཡོན་མཐིང་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་བསྒད་པ༔ ཞལ་གདངས་པ༔ མཆེ་བ་བཞི་གཙིགས་ཤིང་ཁྲོ་གཉེར་བསྡུས་པ༔ སྨིན་མ་དང་ཨག་ཙམ་ལས་མེ་འབར་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཕྱག་གཡས་དང་པོས་གྲི་གུག་འཛིན་པ༔ བར་པ་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རོ་དགུས་མཚན་པ་གསོར་ཞིང་ནམ་མཁར་ཕྱར་བ༔ ཐ་མ་ན་རལ་གྲི་མེ་འབར་བའོ༔ གཡོན་དང་པོས་ཐོད་ཁྲག༔ བར་པས་ཁཊཾ༔ ཐ་མ་ན་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་མིག་དགུ་བསྐྲད་ཅིང་བརྒྱངས་ནས་འཛིན་པའོ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་ལས་མེ་འབར་བརྒྱང་བ༔ དུར་ཁྲོད་ཀྱི་ཆོས་བརྒྱུད་རྫོགས་པར་


CMR010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གསལ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་ཐམས་ཅད་ན་སྡིག་པ་ཕྲ་མོས་གཏམས་པར་གྱུར༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ༔ འཇིགས་སུ་རུང་བ་ཞིག་ཏུ་གྱུར༔ ཐུགས་ཀར་ཙིཏྟ་རིན་པོ་ཆེ་གསེར་གྱི་མཆོད་རྟེན་ལངས་པ༔ དེའི་ལྟོ་བར་བུམ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ གསང་བདག་རྡོ་རྗེ་གཏུམ་པོ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་སྦྲུལ་རིགས་ལྔས་བརྒྱན་པའོ༔ དེའི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་ཧཱུྃ༔ དེ་ལ། ཨོཾ་བཛྲ་ཛྷཱ་ན་མ་ཧཱ་ཀྲོ་དྷ་ཧཱུྃ༔ ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་སྐུ་འགྱིངས་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་ཙམ་ཞིག༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར༔ བདག་ཉིད་དྲག་པོའི་སྤྱི་གཙུག་ཏུ༔ ནམ་མཁའ་པདྨ་རཱ་ག་ལས་གྲུབ་པའི་པད་སྡོང་གེ་སར་ཉི་ཟླའི་གདན་ལ༔ གུ་རུ་པདྨ་ཨ་ཙ་ར་བཅུ་དྲུག་ལོན་པའི་ཚུལ་ཅན་སྐུ་མདོག་སྨུག་ནག་གཟི་


CMR010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་དང་ལྡན་པ༔ གཡས་ཁཊཾ་གཡོན་ཐོད་ཁྲག་འཛིན་པ༔ དབུ་སྐྲ་ཐོར་ཚུགས་ཅན་སྐུ་ལ་རུས་པའི་རྒྱན་དྲུག་གིས་དཀར་ཁྲོ་ལེར་བརྒྱན་པ༔ ཌཱ་མ་རུ་གྲུ་མོ་ལ་བཀལ་བ༔ དེའི་སྤྱི་གཙུག་ཏུ་ཨོཾ་ཨཱཿཧཱུྃ་བཛྲ་ཁྲོ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ༔ ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ལས་མེ་འབར་བ༔ མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྲང་ཀྲིང་གི་སྒྲ་སྒྲོག་པ༔ དེའི་དབུ་གཙུག་ན་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ནི་ཧཱུྃ༔ རིགས་བདག་སྣང་བ་མཐའ་ཡས༔ གཞན་ཡང་རིགས་ལྔའི་སངས་རྒྱས་བཞུགས་པ༔ གཞན་ཡང་མདུན་གྱི་ནམ་མཁའ་ལ་དགའ་རབ་རྡོ་རྗེ༔ འཇམ་དཔལ་བཤེས་གཉེན༔ ཤྲཱི་སེང་ཧ༔ བི་མ་ལ་མི་ཏྲ༔ ཁྲི་སྲོང་ལྡེའུ་བཙན༔ ཕྱག་ན་རྡོ་རྗེ༔ ཡཀྵ་མེ་དབལ༔ རྟ་མགྲིན༔ སྟོབས་པོ་ཆེ༔ རྡོ་རྗེ་ཕག་མོ༔ ཏ་ཀི་རཱ་ཙ༔ གཞན་ཡང་བླ་མ་བརྒྱུད་པ་ཐམས་ཅད་དང་༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ཁྲིག་གེར་གང་བར་གྱུར༔ དཔྲལ་བར་ཨོཾ་ཨཱཿཧཱུྃ་མཉྫ་ཤི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྐུའི་ལྷ་འཇམ་དཔལ་གཤིན་རྗེ་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ༔ མགྲིན་པར་ཨོཾ་ཨཱཿཧཱུྃ་པདྨནྟ་ཀྲྀཏ་


CMR010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཐོ་དང་གཡོན་ཐོད་ཁྲག་འཛིན་པར་གྱུར༔ ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་ཨཱཧཱུྃ་ཧྲིམ་ཧ་རི་ནི་ས་ཧཱུྃ༔ སངས་རྒྱས་མཁའ་འགྲོ་མཐིང་ནག་གྲི་ཐོད་བསྣམས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་གྲི་ཐོད་བསྣམས་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་སྟབས་སུ་བཞུགས་པ༔ གསང་གནས་སུ་ཨོ་ཨཱཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀྵ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་དང་ཞགས་པ་འཛིན་པར་གྱུར༔ འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ༔ སྟེང་གི་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་འོད་ཟེར་ཐམས་ཅད་བདག་ལ་ཐིམ༔ བདག་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པ༔ མཚམས་ཐམསས་ཅད་ལྕགས་ཀྱི་སྡིག་པས་གཏམས་པར་གྱུར༔ ཨོཾ་ཨཱཧཱུྃ་བཛྲ་ར་ཙ་ཙིཏྟ་དུང་དུང་རུ་རུ་བྷ་ཤ་ཧཱུྃ༔ ཡཀཱ་མེ་དབལ་གྱི་ཐུགས་ཀ་ནས་མདུན་དུ་སྡིག་པ་མགོ་དགུ་པ་ཞིག་བསྐྱེད་དོ༔ རང་གི་དཔུང་


CMR010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡས་སུ་ཕྱག་ན་རྡོ་རྗེ༔ གཡོན་དུ་རྟ་མགྲིན༔ མདུན་དུ་འཁོར་ལོ་རྩིབས་བཞིའི་མདུན་ཕྱོགས་སུ་རྡོ་རྗེ་རྣོན་པོ༔ གཡས་སུ་ཌཱ་ཀི་ར་ཙ༔ གཡོན་དུ་མཁའ་འགྲོ་ཁྲོས་ནག༔ རྒྱབ་ཏུ་སྟོབས་པོ་ཆེ༔ མདུན་དུ་བཀའ་ཉན་དང་ལས་བྱེད་ཀྱི་ཚུལ་དུ༔ མདུན་གཡས་ཕྱོགས་སུ་བདུད་མི་ནག་རྟ་ནག་ཅན༔ སྐུ་ལ་བསེ་ཁྲབ་དང་དབུ་ལ་ལྕགས་ཞུ་ཅན༔ རྒོད་ཀྱི་དང་རུ་བཙུགས་པ༔ ཕྱག་གཡས་རྩེ་གསུམ་གཡོན་པས་ལྕགས་ཀྱུ་བདུད་ཞགས་ཐོགས་པ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་ལིང་ཆེན་རྒྱབ་ན་ཁུར་བ༔ མི་ནག་སླད་ནས་འབྲང་བ༔ བྱ་ནག་ཀླད་ལ་ལྡིང་བ༔ ཁྱི་ནག་ཕྱི་ན་འབྲང་བ༔ ལས་མཁན་མི་ནག་མདུང་དང་ཞགས་པ་ཐོགས་པ་བརྒྱད་ཀྱིས་བསྐོར་བ༔ མདུན་གཡོན་ཕྱོགས་སུ་བཙན་མི་དམར་རྟ་དམར་ཅན་དབུ་ལ་བསེ་རྨོག་སྐུ་ལ་བསེ་ཁྲབ་གསོལ་བ༔ རྨོག་ཕོད་ཐང་དཀར་ལ་དར་དམར་འཕུར་བ༔ བསེའི་སྐུ་རིགས་དང་བསེའི་ཕུབ་རྒྱབ་ཏུ་ཁུར་བ༔ སྟག་རལ་གཟིག་ཤུབས་བཀྲ་བ༔ ཕྱག་གཡས་མདུང་དར་དམར་པོ་དར་དམར་ཅན༔ གཡོན་པ་ན་བསེའི་མདའ་གཞུ་འཛིན་པ༔ མི་དམར་


CMR010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སླད་ན་འབྲང་བ༔ བྱ་དམར་ཀླད་ན་ལྡིང་བ༔ ཁྱི་དམར་ཕྱི་ན་འབྲང་བ༔ མི་དམར་མདའ་གཞུ་དང་མདུང་དམར་ཅན་ལས་མཁན་བརྒྱད་ཀྱིས་བསྐོར་བ༔ རྒྱབ་ཏུ་ཀླུ་མི་སྔོན་རྟ་སྔོན་ཅན་དབུ་ལ་གཡུ་རྨོག་དང་གཡུ་ཁྲབ་གསོལ་བ་རྨོག་ལ་མཐིང་གི་བྱ་རུ་བཙུགས་པ༔ གཡས་པ་ན་ནོར་བུ་དང་མདུང་སྔོན་ཕྱར་བ༔ གཡོན་པ་ན་ནད་རྐྱལ་དང་སྦྲུལ་ཞགས་བསྣམས་པ༔ མི་སྔོན་སླད་ན་འབྲང་བ༔ བྱ་སྔོན་ཀླད་ན་ལྡིང་བ༔ ཁྱི་སྔོན་རོལ་དུ་ཁྲིད་པ༔ སྤྲུལ་སྔོན་ཕྱི་ན་འཁྱུགས་པ༔ མི་སྔོན་སྦྲུལ་ཞགས་ནད་རྐྱལ་ཐོགས་པ་བརྒྱད་ཀྱིས་བསྐོར་བ༔ རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རིག་འཛིན་དཔའ་བོ་མཁའ་འགྲོ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་གྱུར༔ ཨོཾ་ཨཱཧཱུྃ་འོད་ཟེར་དཔག་ཏུ་མེད་པ་ཚུར་འདུས་མཐུ་དང་ནུས་པ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བར་གྱུར༔ བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་པ་ཐམས་ཅད་


CMR010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་བདག་ལ་ཐིམ༔ དེ་ནས༔ ༈ ཧཱུྃ༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང་སོགས་ནས་འཛབ་དགོངས་ལ་མ་ཐུག་བར་རོ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱིར་འཕྲོས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་རྣོ་བའི་ངར་དང་ལྡན་པ་རབ་ཏུ་འཁོར་བར་གྱུར༔ དེའི་ཕྱི་རིམ་ལ་མེའི་འཁོར་ལོ་རྩིབས་སྟོང་འབར་བའི་རྩེ་ལ་སྡིག་པ་ང་རྒྱལ་དང་ལྡན་པས་མཚན་པ་འཁོར་ཞིང་འཁོར་ལོ་སྟེང་འོག་ཕྱི་རིམ་གྱི་བར་དུ་གནོད་བྱེད་དམིགས་བྱ་གང་ཡིན་པ་ཐམས་ཅད་དུམ་བུར་གཏུབས་ཤིང་༔ གསོད་གཅོད་ཕྱེ་མར་དུམ་བུར་དམྱལ་ཐག་གཅོད་པར་གྱུར༔ ཏིང་ངེ་འཛིན་དང་མ་བྲལ་བར་དུས་དྲུག་ལ་སོགས་པར་སྤུ་གྲི་མེའི་ཐོག་ལྟ་བུའི་སྔགས་གོང་འོག་གཉིས་གང་འདོད་བཟླ་བར་བྱ༔ འདི་ནི་གུར་དྲག་གི་བསྙེན་སྒྲུབ་ཚད་དུ་ཕྱིན་པ་མ་གཏོགས་པས་མི་རུང་ངོ་༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ ༧ སྔགས་འཆང་ཨ་རཱ་གས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤུ་གྲི་སྲོག་གཅོད་ཀྱི་འདོན་འགྲིགས། next