Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འགྲེས་བྱང་འདི་གཏེར་མཛོད་འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོའི་གྲིབ་སེལ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ནས་ཁོལ་དུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   
   


 
previousའགྲེས་བྱང་འདི་གཏེར་མཛོད་འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོའི་གྲིབ་སེལ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ནས་ཁོལ་དུ་ཕྱུང་བ།next

འགྲེས་བྱང་འདི་གཏེར་མཛོད་འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོའི་གྲིབ་སེལ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ནས་ཁོལ་དུ་ཕྱུང་བ།


CMR010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེས་བྱང་འདི་གཏེར་མཛོད་འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོའི་གྲིབ་སེལ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ནས་ཁོལ་དུ་ཕྱུང་བའོ།། ཧཱུྃ༔ ཕྱི་ནི་འབྱུང་བ་ལྔ་ཡི་ཀློང་༔ ནང་ནི་ཡེ་ཤེས་ལྔ་ཡི་འོད༔ གསང་བ་དབྱིངས་ཀྱི་རང་བཞིན་ལ༔ རྡོ་རྗེ་ཕག་མོ་གཙོ་དང་འཁོར༔ སངས་རྒྱས་རིན་ཆེན་པདྨ་ལས༔ ས་ཆུ་མེ་རླུང་འབྱུང་བའི་ལྷ༔ ཡེ་ནས་ཆོས་ཉིད་དག་པའི་ངང་༔ སྣོད་བཅུད་ཐམས་ཅད་སྦྱང་བའི་ཕྱིར༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ནད་དང་ཡམས་ཀྱི་བདག་མོ་དང་༔ དལ་ཡམས་གྲིབ་ཀྱི་བདག་མོ་རྣམས༔ ཉམས་ཆག་སྦྱང་ཕྱིར་གཤེགས་སུ་གསོལ༔ རང་བཞིན་སྲིད་པའི་ལྷ་སྲིན་དང་༔ ལན་ཆགས་འབྱུང་པོའི་ཚོགས་རྣམས་ཀྱང་༔ འཕྲལ་རྐྱེན་བཟློག་ཕྱིར་གཤེགས་སུ་གསོལ༔ ཐབ་གཞོབ་འཁོན་དང་བཙོག་གྲིབ་དག༔ རྒྱུ་དང་རྐྱེན་ལས་གནས་གྱུར་པའི༔ གནོད་ཅིང་འཚེ་བ་གང་ཡང་རུང་༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ ཌཱ་ཀི་ནཱི་ཡེ་ཨེ་ཡཾ་རཾ་བཾ་ལཾ་ཛ༔ཧཱུྃ་བཾ་ཧོ༔ ཧཱུྃ༔ དམ་ཚིག་གཉན་པའི་དཀྱིལ་འཁོར་འདིར༔ ཉམས་ཆག་སྦྱོང་ཞིང་ཆག་ཆེན་ཟློག༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ འབར་བའི་གདན་


CMR010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པ་ལ༔ བདག་ཅག་གུས་པས་ཕྱག་བགྱིའོ༔ ༈ ཧཱུྃ༔ རང་བཞིན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གསན་ཅིང་དགོངས་སུ་གསོལ༔ ཁྱེད་ནི་ཆོས་དབྱིངས་རྣམ་པར་དག་པ་ལ༔ བདག་ཅག་མ་རིག་གཏི་མུག་རྟག་ཏུ་འཁྲུལ་རྡོ་རྗེ་ཕག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་མེ་ལོང་ཡེ་ཤེས་དག་པ་ལ༔ བདག་རྟོགས་དབང་གིས་ཞེ་སྡང་རང་སར་བཟུང་༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ གཟུང་འཛིན་མཐའ་བྲལ་མཉམ་ཉིད་ངོ་བོ་ལ༔ གཉིས་རྟོག་དབང་གིས་ང་རྒྱལ་རང་སར་བཟུང་༔ རིནཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ པདྨ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ མ་འདྲེས་རང་གསལ་སོར་རྟོག་ངོ་བོ་ལ༔ གཉིས་རྟོག་དབང་གིས་ང་རྒྱལ་རང་སར་བཟུང་༔ རིན་ཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཕྲིན་ལས་རྣམ་དག་བྱ་གྲུབ་ངོ་བོ་ལ༔ ལོག་རྟོག་དབང་གིས་ཕྲག་དོག་རང་


CMR010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཟུང་༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ འབྱུང་བ་ལྔ་ཡི་བདག་ཉིད་དགོངས་སུ་གསོལ༔ ཡེ་ནས་རྣམ་དག་སངས་རྒྱས་ངོ་བོ་ལ༔ གཟུང་འཛིན་དབང་གིས་ཨ་འཐས་དངོས་པོར་བཟུང་༔ འབྱུང་ལྔ་བདག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ཤ་ཟ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་༔ དཀྱིལ་འཁོར་སྐྱོང་མཛད་མ་ཡམས་བརྟན་མའི་ཚོགས༔ མ་རིག་དབང་གིས་ཉེས་པའི་སྐྱོང་བྱུང་བ༔ རིགས་འདུས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་པའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ འགོ་བའི་ལྷ་སྲུང་སྡོང་གྲོགས་བྱེད་པའི་ཚོགས༔ ཐམས་ཅད་ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅིག་མ་རིག་རྨོངས་པའི་ལས་དབང་དང་༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ༔ ཐུགས་ལ་བདག་རྟོག་གཉིས་འཛིན་མི་མངའ་ཡང་༔ རབ་གནོང་འགྱོད་པའི་སེམས་


CMR010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཐོལ་བཤགས་ན༔ མི་དམིགས་བཏང་སྙོམས་ངང་དུ་བཞེས་ནས་ཀྱང་༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་གསང་གཉན་པོའི་རྒྱུད་ནས་དེ་སྐད་གསུངས༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕྲག་དོག་བག་ཆགས་སྐྱོན་གྱི་གྲིབ་མ་དེས༔ བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ན༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་བ་དང་༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཉམས་པའི་ཟས་ཟོས་ཉམས་པའི་ཆུ་འཐུང་དང་༔ ཉམས་དང་གཏམ་བརྗོད་ཁ་རླངས་ཕོག་པ་ཀུན༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨཱཿ ༈ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དག་པ་ལ༔ རང་བྱུང་ལྷ་མོ་ཀུན་ཏུ་བཟང་༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ཕྱག་ན་མཐིང་གི་བུམ་པ་


CMR010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ གཏི་མུག་སེལ་མཛད་བསམ་གཏན་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཨོཾ་བཛྲ་བེ་རོ་ཙ་ནི་སོགས་དང་༔ ༀ་ཨེ་ཧོ་ཤུདྡྷེ་སོགས་ཀྱི་སྔགས་བརྗོད་པ་ཕྱིན་ཆད་ཚིག་མཚམས་རྣམས་སུ་འགྲེ། ཧཱུྃ༔ མེ་ལོང་ཡེ་ཤེས་དག་པ་ལ༔ རྡོ་རྗེའི་ལྷ་མོ་སངས་རྒྱས་སྤྱན༔ སྐུ་མདོག་དཀར་གསལ་འོད་དུ་འབར༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ ཞེ་སྡང་དག་མཛད་ཚུལ་ཁྲིམས་ཆུས༔ ཉམས་གྲིབ་ཐམས་ཅད་དག༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་དག་པ་ལ༔ རིན་ཆེན་ལྷ་མོ་མཱ་མ་ཀཱི༔ སྐུ་མདོག་སེར་གསལ་འོད་ཟེར་འབར༔ ཕྱག་ན་གསེར་གྱི་བུམ་པ་འཛིན༔ ང་རྒྱལ་དག་མཛད་བཟོད་པའི་ཆུས༔ ཉམས་གྲིབ་ཐམས་ཅད་དག༔ ཧཱུྃ༔ སོར་རྟོག་ཡེ་ཤེས་དག་པ་ལ༔ པདྨའི་མཁའ་འགྲོ་གོས་དཀར་མོ༔ སྐུ་མདོག་དམར་གསལ་འོད་ཟེར་འབར༔ ཕྱག་ན་བྱི་རུའི་བུམ་པ་འཛིན༔ འདོད་ཆགས་དག་མཛད་བསམ་གཏན་ཆུས༔ ཉམས་གྲིབ་ཐམས་ཅད་དགཌ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་དག་པ་ལ༔ ལས་ཀྱི་ལྷ་མོ་དམ་ཚིག་སྒྲོལ༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཨིནྡྲ་ནཱི་ལའི་བུམ་པ་འཛིན༔ ཕྲག་དོག་དག་མཛད་ཤེས་


CMR010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆུས༔ ཉམས་གྲིབ་ཐམས་ཅད་དག༔ ཧཱུྃ༔ དུག་ལྔའི་གྲིབ་ཀུན་རང་བཞིན་དག༔ ཡེ་ཤེས་ལྔ་ནི་རབ་རྒྱས་དཔལ༔ ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུས༔ ཉམས་གྲིབ་མི་གཙང་དག་གྱུར་ཅིག༔ སྔགས་བརྗོད་ལ་ཁྲུས་བྱ་ཞིང་མེ་ལོང་ཕྱིར། ༈ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རྣམ་པར་དག༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ མ་རིག་གཟུང་འཛིན་དབང་གིས་བཅིངས༔ རྣམ་དག་ཡེ་ཤེས་ངང་དུ་ཕྱིའོ༔ སངས་རྒྱས་རིན་ཆེན་རྡོ་རྗེ་དང་༔ པདྨ་ལས་ཀྱི་མཁའ་འགྲོ་དང་༔ ཆོས་དབྱིངས་ཡེ་ཤེས་མཉམ་ཉིད་དང་༔ སོར་རྟོག་བྱ་གྲུབ་ཡེ་ཤེས་ལྔའི༔ རང་བཞིན་དག་པའི་དབྱིངས་སུ་ཕྱིའོ༔ གཏི་མུག་ཞེ་སྡང་ང་རྒྱལ་དང་༔ འདོད་ཆགས་ཕྲག་དོག་མ་རིག་སོགས༔ རྣམ་དག་ཆོས་དབྱིངས་ཆེན་པོ་ལ༔ མ་རིག་རྟོག་པའི་གཉིས་འཛིན་གྱིས༔ ང་བདག་གཟུང་འཛིན་འཁྲུལ་པ་ཡིས༔ མ་རིག་འཁྲུལ་པས་དོན་མ་རྟོགས༔ ངར་འཛིན་དབང་གིས་རྟོག་སྒྲིབ་བྱུང་༔ མཁའ་འགྲོ་ཆོས་སྐྱོང་ལྷ་སྲུང་ལ༔ ཉམས་གྲིབ་ཕོག་པས་ནོངས་གྱུར་པ༔ མཐོལ་ལོ་ཡི་དམ་ལྷ་ལ་མཐོལ༔ བཤགས་སོ་མཁའ་འགྲོ་ཆོས་སྐྱོང་དང་༔ འགོ་ཞིང་སྡོང་གྲོགས་བྱེད་རྣམས་ལ་


CMR010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཐམས་ཅད་བྱང་གྱུར་ཅིག༔ ན་ཚ་སྡུག་བསྔལ་ཞི་གྱུར་ཅིག༔ ཕྱི་ཁྲུས་དུང་བས་དཀར་གྱུར་ཅིག༔ ནང་ཁྲུས་མཆོང་བས་དམར་གྱུར་ཅིག༔ གསང་ཁྲུས་ཤེལ་བས་གསལ་གྱུར་ཅིག༔ ལུས་ཀྱི་ན་ཚ་ཉམས་ཆག་ཕྱིའོ༔ སེམས་ཀྱི་སྡུག་བསྔལ་རྣམ་རྟོག་ཕྱིའོ༔ མཛེ་ཡུགས་འཁོན་དང་མནོལ་གྲིབ་ཕྱིའོ༔ ཐབ་གཞོབ་དམེ་དང་ཉམས་གྲིབ་ཕྱིའོ༔ ཨོཾ་སྭ་བྷཱ་ཤུདྡྷསརྦ་མཿསྭ་བྷཱ་ཤུདྡྷོཉཧཾ༔ ཤུདྡྷེ་ཤུདྡྷེ་ཉམས་གྲིབ་ཐམས་ཅད་སརྦ་ཨ་པཱ་ན་ཡེ་སྭཱ་ཧཱ༔ ༈ ཧཱུྃ༔ ད་ནི་གྲིབ་ཀྱི་བྱུང་ཁུངས་ནི༔ གྲིབ་བསྐྱལ་མ་རིག་ཡུལ་དུ་བསྐྱལ༔ ལྷ་ནད་སྨྱོ་དང་བཙོག་གྲིབ་དང་༔ བདུད་ནད་ལྕི་ཞིང་འཐིབས་པ་དང་༔ ཆག་ཆེ་ཉམ་ང་སྲོག་གི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང་༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་ཉམས་པའི་ཡུལ་དུ་བདའ་འོ༔ ཧཱུྃ༔ རྒྱལ་གྲིབ་སྨྱོ་འབོག་ནག་པོ་དང་༔ བཙན་གྲིབ་གཟེར་ཐབས་དམར་པོ་ཡང་༔ རྣལ་འབྱོར་ལུས་སྲོག་ཉམས་པའི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང་༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་ཉམས་པའི་ཡུལ་དུ་བདའ་འོ༔ ཧཱུྃ༔ གཟའ་གྲིབ་ལྐུགས་


CMR010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་སྨྱོ་བ་དང་༔ མ་མོའི་གྲིབ་ནག་འཐིབས་རྨོངས་ཀྱང་༔ རྣལ་འབྱོར་ཚེ་སྲོག་ཉམས་པའི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང་༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་ཉམས་པའི་ཡུལ་དུ་བདའ་འོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་གནས་དཀོན་མཆོག་གསུམ་པོའི་ཚོགས༔ ལྷ་སྲུང་སྡོང་གྲོགས་བྱེད་པ་རྣམས༔ བདེན་པའི་མཐུ་དང་རྫུ་འཕྲུལ་གྱིས༔ ཉམས་གྲིབ་མ་ལུས་དག་པར་མཛོད༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ ༈ ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང་༔ མདོས་རྫ་ས་སྔགས་ཀྱི་ནུས་མཐུ་ཡིས༔ ད་ནི་གྲིབ་བདག་གནས་བདའ་འོ༔ ཤར་ལྷོ་ནུབ་བྱང་དབུས་དག་ན༔ ནད་དང་གྲིབ་ཀྱི་བདག་མོ་ལྔ༔ རེ་བའི་སྦྲ་ནག་ལྡིང་བའི་ནང་༔ གྲིབ་རྟ་ནག་པོ་ཆིབས་སུ་ཆིབས༔ དར་ནག་རལ་ག་ཞམས་སེ་ཞམ༔ གྲིབ་མདུང་གྲིབ་ཕྱགས་ཡུགས་སེ་ཡུག༔ གྲིབ་ཀྱི་ན་བུན་ཐུ་ལུ་ལུ༔ ནད་རླངས་གྲིབ་རླངས་ཆི་ལི་ལི༔ བུད་མེད་ནག་མོའི་འཁོར་གྱིས་བསྐོར༔ ཀུན་ཀྱང་ནད་དང་གྲིབ་ཀྱི་བདག༔ འོ་དོད་གནམ་དུ་ལྷངས་སེ་ལྷང་༔ གྲིབ་རྟ་མཐུང་རུ་འདུ་རུ་རུ༔ གྲིབ་མདུང་


CMR010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཕྱགས་ཡུགས་སེ་ཡུག༔ དེ་འདྲའི་གྲིབ་བདག་འཁོར་བཅས་ལ༔ གྲིབ་བཤོས་ནག་པོ་རྒྱན་ཅན་དང་༔ གྲིབ་ཁྲག་ནག་པོ་ཞགས་ཅན་དང་༔ གྲིབ་ཟན་ཨུ་ཀྱུ་སྲན་ནག་དང་༔ འབྲང་རྒྱས་ནག་པོ་གྲིབ་རྫ་ས་བཅས༔ གྲིབ་བདག་ཁྱོད་ལ་རྫོངས་སུ་འདེབས༔ ཉམས་གྲིབ་མཐའ་དབུས་ཕྱོགས་མཚམས་ནས༔ གྲིབ་སྐྱོལ་ནག་པོ་གནས་སུ་སྐྱོལ༔ ཉམས་གྲིབ་ནག་པོ་གནས་སུ་བདའ་འོ༔ མི་ལས་བཤུས་ཏེ་བདའ་འོ༔ གླུད་ལས་དཀྲིས་ཏེ་བདའ་འོ༔ ཉམས་གྲིབ་བཙོག་གྲིབ་དང་༔ ཐབ་གྲིབ་གཞོབ་གྲིབ་དང་༔ དམེ་གྲིབ་ཡུགས་གྲིབ་དང་༔ མཛེ་གྲིབ་མནོལ་གྲིབ་དང་༔ སྔོན་ལས་འཕྲལ་རྐྱེན་དང་༔ ལུས་དང་སྲོག་གི་བདུད༔ ཆག་ཆེ་ཉམ་ང་དང་༔ ཐམས་ཅད་གནས་སུ་བདའ་འོ༔ མདོས་བདག་མདོས་ལོངས་ལ༔ རང་རང་གནས་སུ་གཤེགས༔ གླུད་བདག་གླུད་ལོངས་ལ༔ ཕྱོགས་བཞི་མཚམས་བརྒྱད་གཤེགས༔ ༈ ཧཱུྃ༔ ཁྲོ་བོ་སྦེ་བརྩེགས་ཆེན་པོ་ས༔ མཐུ་དང་ནུས་པ་བསམ་མི་ཁྱབ༔ རྐྱེན་བཟློག་མཁའ་འགྲོའི་ཚོགས་བཅས་རྣམས༔ དར་དཀར་གཡབ་མོ་ལིངས་སེ་ལིང་༔ ར་ནག་དུལ་མོ་ཐིབས་སེ་


CMR010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབ༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ དུག་ལྔའི་རྣམ་རྟོག་ཐམས་ཅད་སྲེག༔ བག་ཆགས་གཞོབ་ཏུ་ཐུ་ལུ་ལུ༔ ཞལ་ནས་སྔགས་ཟོར་ལྡི་རི་རི༔ ཆག་ཆེ་ཉམ་ང་རྡུལ་དུ་རློགས༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ ཡུལ་འཁོར་སྲུང་གི་བཀའ་སྒྱུར་ལ༔ དྲི་ཟའི་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ཤར་དུ་སྐྱོལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ འཕགས་སྐྱེས་པོ་ཡི་བཀའ་སྒྱུར་ལ༔ གཤིན་རྗེའི་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ལྷོ་རུ་སྐྱོལ༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ སྤྱན་མི་བཟང་གི་བཀའ་སྒྱུར་ལ༔ ཀླུ་གདོན་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ནུབ་ཏུ་སྒྱུར༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། རྣམ་ཐོས་སྲས་ཀྱི་བཀའ་སྒྱུར་ལ༔ གནོད་སྦྱིན་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་བྱང་དུ་སྒྱུར༔ ཧཱུྃ༔ དབུས་ན་སངས་རྒྱས་མཁའ་འགྲོ་མ༔ ཚངས་པ་བརྒྱ་བྱིན་བཀའ་སྒྱུར་ལ༔ སྡེ་བརྒྱད་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་དབུས་སུ་སྐྱོལ༔ སྣང་བ་དེ་ནི་དགྲ་ལ་སྒྱུར༔ གནོད་པ་དེ་ནི་བགེགས་ལ་སྐྱོལ༔ ཟ་


CMR010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་འདྲེ་ལ་སྐྱོལ༔ ༈ ཧཱུྃ༔ ད་ནི་མདོས་གླུད་གཏོང་རེ་རན༔ ད་ནི་ཁྲག་ཟོར་འཕེན་རེ་རན༔ མཁའ་འགྲོ་སྡེ་ལྔའི་ཕྱག་བརྙན་མ༔ ཤུགས་འགྲོ་ལྔ་ཡི་ཕོ་ཉ་མོ༔ མ་བདུད་ཆེན་མོའི་ལས་མཁན་མོ༔ མ་མོ་འབུམ་གྱི་ཚོགས་དང་བཅས༔ ནད་བདག་ཆེན་མོ་ལས་ལ་ཆོས༔ ཟོར་བདག་ཆེན་མོ་ཟོར་ལ་བཞེངས༔ སྐུ་མདོག་མཐིང་ནག་ལྷགས་སེ་ལྷག༔ སྤྱན་གསུམ་སྡང་མིག་ཧྲིགས་སེ་ཧྲིག༔ ཁྲག་གི་རལ་པ་ཤ་ར་ར༔ ཐུན་དང་དུག་རླངས་ཆི་ལི་ལི༔ ཞལ་ནས་བློ་ཟློག་དི་རི་རི༔ རུ་ལུའི་སྒྲ་སྐད་འུ་རུ་རུ༔ དུལ་བརྡབ་གཡབ་མོ་ལིངས་སེ་ལིང་༔ ཧཱུཾ་དང་ཕཊ་སྒྲ་དི་རི་རི༔ མདའ་ཟོར་སྐྱ་བོ་ཤ་ར་ར༔ ཉུངས་ཟོར་ཟབ་ཏུ་ཧྲི་ལི་ལི༔ མཚེ་ཟོར་མདའ་ལྟར་ཏ་ལ་ལ༔ གཏོར་ཟོར་སྐྱོགས་འདེབས་ཆེམས་སེ་ཆེམ༔ ཁྲག་ཟོར་དུག་རླངས་ཆི་ལི་ལི༔ རྡོ་ཟོར་ཐོག་ལྟར་ཤ་ར་ར༔ རྩང་ཟོར་ངར་སྐད་འུ་རུ་རུ༔ གྲིབ་ཟོར་མེ་འབར་ལྷབས་སེ་ལྷབ༔ ཐམས་ཅད་རུ་མཚོན་རོངས་སེ་རོང་༔ མ་མོའི་དཔུང་ཚོགས་ཉི་ལི་ལི༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ནད་གདོན་རྐྱེན་ངན་བཟློག་ཏུ་གསོལ༔ ཆག་ཆེ་ཉམ་ང་བཟློག་ཏུ་


CMR010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ནད་ཁ་དལ་ཡམས་བཟློག་ཏུ་གསོལ༔ རྦོད་གཏོང་རྦད་འདྲེ་བཟློག་ཏུ་གསོལ༔ བྱད་ཁ་ཟོར་ཁ་བཟློག་ཏུ་གསོལ༔ གཏད་ཁ་ཕུང་སེལ་བཟློག་ཏུ་གསོལ༔ ཕྲ་མེན་རླུང་འཁོར་བཟློག་ཏུ་གསོལ༔ རྨིས་ལྟས་མཚན་ངན་བཟློག་ཏུ་གསོལ༔ ཧཱུྃ༔ ད་ནི་འཇིག་རྟེན་གཡོ་ཞིང་འགུལ༔ ད་ནི་སྲིད་གསུམ་༧ འཁྱམ་ཞིང་ལྡེག༔ སྣང་སྲིད་ཐམས་ཅད་གཡོ་ཞིང་འགུལ༔ མ་བདུད་ཆེན་མོ་སྐུ་བཞེངས་ཤིག༔ ཟོར་བདག་ཆེན་མོ་བསྐྱོད་པའི་ཚེ༔ འཁོར་གྱི་མ་མོ་ཅི་ལ་སྡོད༔ སྦྱིན་བདག་འཁོར་བཅས་ཆག་ཆེ་དང་༔ གདོན་གྲིབ་རྐྱེན་ངན་ཐམས་ཅད་ཀྱང་༔ མ་མོ་ཁྱོད་ཀྱིས་ད་བཤུས་ལ༔ དྲག་པོའི་ཟོར་དང་བཅས་ནས་ནི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་སྲི་ལ་འཕངས༔ བརྣག་པའི་དགྲ་བགེགས་སྟེང་དུ་འཕངས༔ ཟློག་ཟློག༔ བྷྱོ་བྷྱོ༔ ཟོར་ཡ་ཟོར་ཡ་བྷྱོ༔


previousའགྲེས་བྱང་འདི་གཏེར་མཛོད་འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོའི་གྲིབ་སེལ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ནས་ཁོལ་དུ་ཕྱུང་བ།next