Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་སྤྱི་དོན་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་སྤྱི་དོན་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ལ་གདམས་པ།next

གུ་རུ་དྲག་པོའི་སྤྱི་དོན་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ལ་གདམས་པ།


CMR010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་སྤྱི་དོན་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ལ་གདམས་པ་བཞུགས་སོ།།


CMR010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡེ༔ པདྨ་ཧེ་རུ་ཀ་ལ་འདུད༔ དྲག་པོའི་ཟིན་བྲིས་བྲི་བ་ལ༔ ཆོས་བདག་སྲུང་མས་བཀའ་གནང་སྩོལ༔ འདི་ལ་སྤྱི་དོན་རྣམ་པ་གཉིས༔ གཞན་ལུགས་དགག་དང་རང་ལུགས་བཞག༔ དང་པོ་གཞན་དག་རྙིང་མ་ལ༔ ཐོས་བསམ་གྱིས་དབེན་འགའ་ཞིག་གིས༔ ལོག་རྟོག་འཁྲུལ་པ་འདི་ལྟར་རོ༔ ཨོ་རྒྱན་པད་འབྱུང་བོད་དུ་ཕེབས༔ པད་འབྱུང་ཆེ་བ་མ་ཕེབས་ཟེར༔ པད་འབྱུང་ཆུང་བ་ཞེས་བྱ་བ། རྒྱལ་པོའི་སྲས་མོ་ཁྲོམ་པ་རྒྱན༔ ཡེ་ཤེས་མཁའ་འགྲོ་རྩོད་མེད་དེ༔ ཨོ་རྒྱན་རྗེ་ལ་ཕྱག་རྒྱུར་ཕུལ༔ དེ་ལ་ཀླུ་བདུད་སེ་འཕང་གིས༔ བུ་ནི་བདུད་


CMR010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲུལ་པ་འབྱུང་༔ ཨོ་རྒྱན་སྲས་སུ་བརྫུས་ནས་ཀྱང་༔ ལོག་པའི་ལམ་ལ་འགལ་གྱུར་པ༔ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བྱས་པས༔ བསྟན་དང་འགྲོ་ལ་གནོད་མ་ནུས༔ ལོ་རྒྱུས་བཙུན་མོ་བཀའ་ཐང་གསལ༔ ལ་ལས་བོད་དུ་ཕེབས་པ་དེ༔ བལ་པོ་མགོ་འདིར་བྱ་བ་ཡིན༔ ཨོ་རྒྱན་པདྨ་མིན་ཞེས་ཟེར༔ བལ་པོ་མགོ་འདིར་བྱ་བ་ནི༔ བལ་པོ་བཱ་སུ་དྷ་ར་སྟེ༔ ཨོ་རྒྱན་རྗེ་ཡི་སློབ་མ་ཡིན༔ གཤིན་རྗེ་གཤེད་ཀྱི་གྲུབ་ཐོབ་སྟེ༔ བོད་དུ་ཨོ་རྒྱན་རྗེས་ལ་ཕེབས༔ བོད་དུ་ཨོ་རྒྱན་དངོས་ཕེབས་ལ༔ དམ་པ་རྒྱ་གར་སྐུ་ཚེ་ཡང་༔ ལྔ་བརྒྱ་བཅོ་ལྔ་ཐུབ་པ་སྟེ༔ ཨོ་རྒྱན་རྗེ་


CMR010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མཆོད་གཡོག་བྱས༔ པཎ་ཆེན་ཀ་མ་ཤི་ལར་གྲགས༔ གསུང་ཞིང་ཇོ་བོ་ཨ་ཏི་ཤས༔ བོད་དུ་ལྷ་འདྲེ་འདུལ་བའི་ཕྱིར༔ ཕེབས་ཚུལ་བཀའ་གདམས་གླེགས་བམ་གསལ༔ དེ་བཞིན་གྲུབ་ཐོབ་སྐྱེར་སྒང་པས༔ རྨི་ལམ་བཟུང་སྟེ་ཨོ་རྒྱན་མཇལ༔ དེ་ཚེ་ལྷ་འདྲེ་འདུལ་བའི་ཕྱིར༔ བྱོན་ཚུལ་གསུང་ཚུལ་ལོ་རྒྱུས་གསལ༔ དེ་བཞིན་བོད་ཀྱི་ཆོས་རྒྱལ་གྱིས། ཡིག་ཚང་རྣམས་ལ་གསལ་བ་ཡིན༔ གྲུབ་ཆེན་མི་ཏྲའི་རྣམ་ཐར་ལས༔ ལྷ་འདྲེ་འདུལ་ཕྱིར་ཕེབས་པའི་དུས༔ སྦས་པའི་གསེར་གྱི་པ་ཏྲ་བཏོན༔ དེ་ཕྱིར་ཨོ་རྒྱན་ཆེན་པོ་ནི༔ བོད་དུ་ཕེབས་ལ་ཐེ་ཚོམ་བྲལ༔ ལ་ལས་ཨོ་རྒྱན་ཕེབས་ངེས་ཀྱང་༔ རྙིང་མའི་བཀའ་གཏེར་ཕལ་ཆེར་ནི༔ བོད་ཀྱི་སྔགས་པས་རང་བཟོ་བྱས༔ ཨོ་རྒྱན་གསུང་ནི་མ་ཡིན་ཟེར༔ དེ་ལྟར་རྙིང་མའི་སྔགས་རྣམས་ལས༔ བོད་སྐད་བོད་ཡིག་དྲུག་འདྲེས་ཟེར༔ རྙིང་མའི་གསང་སྔགས་རྒྱུད་འབུམ་ལ༔ གླེགས་བམ་བཞི་བཅུ་ལྷག་ཙམ་ཡོད༔ དེ་ཙམ་སྔགས་པས་བརྩམ་པ་མཚར༔ སྔགས་པ་ཡང་ནི་སུ་ཡིན་དང་༔ གང་ཡིན་གང་དུ་བརྩམ་པ་སོགས༔ དཔེ་རྒྱུད་གཏམ་རྒྱུད་གང་ན་ཡང་༔ མེད་པའི་གཏམ་དེ་མཚར་པོ་ཆེ༔ བོད་ཡིག་བོད་སྐད་འདྲེས་


CMR010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས༔ རྒྱུད་གཞུང་ཚད་ལྡན་མིན་བཞེད་ན༔ ལྷ་མོ་ཙུན་དྷའི་ལས་སྔགས་ལ༔ ཞི་ཞི་ལ་སོགས་བོད་ཡིག་འདུག༔ ཕྱག་བཞི་པ་ཡི་ཡིག་རྙིང་ལ་ཆོད་ཆོད་ཟེར་བའི་བོད་ཡིག་འདུག༔ ཁྱད་པར་ཁྲི་སྲོང་རྒྱལ་པོའི་དུས༔ མཁས་པ་བརྒྱ་དང་རྩ་བརྒྱད་འཚོགས༔ སྐད་རིགས་དུ་མའི་སྐད་དུ་བསྒྱུར༔ ཕྱིས་སུ་ཆོས་རྒྱལ་སྐུ་རིང་ལ༔ ཕལ་ཆེར་ལེགས་སྦྱར་སྐད་དུ་བསྒྱུར༔ གཏེར་ནས་བྱུང་བའི་སྔགས་རྣམས་ལ༔ སྔགས་ཀྱི་བཀླག་ཐབས་མི་དཔང་སྟེ༔ ཕལ་ཆེར་ལེགས་སྦྱར་སྐད་མིན་ཞིང་༔ མཁའ་འགྲོ་སྲིན་པོ་ལྷ་སྲིན་སོགས༔ སྣ་ཚོགས་སྐད་དུ་སྔགས་རྣམས་ཡོད༔ ཕལ་ཆེར་རྒྱ་སྐད་བོད་སྐད་དང་༔ ཌཱ་ཀིའི་བརྡ་སྐད་འདྲེས་པ་ཡིན༔ ཨོ་རྒྱན་པདྨ་རྒྱ་གར་གྱི༔ གྲུབ་ཐོབ་པཎྜི་ཏ་ཡིན་པར༔ འདོད་པ་མ་རྟོགས་འཁྲུལ་པའི་བློ༔ དང་པོའི་སངས་རྒྱས་ཀུན་ཏུ་བཟང་༔ གཟུགས་ཀྱི་སྐུ་རུ་སྤྲུལ་པ་ཡིན༔ ཀུན་ཏུ་བཟང་དང་རྡོ་རྗེ་འཆང་༔ པདྨ་འབྱུང་གནས་ཉིད་ཡིན་པས༔ ཨོ་རྒྱན་རྣམ་ཤེས་ཚོགས་བརྒྱད་ཀྱི༔ སྤྲུལ་པ་བཀའ་བརྒྱད་གཙོ་བོ་བརྒྱད༔ ཡིན་ཚུལ་དྲག་མཐིང་ལོ་རྒྱུས་གསལ༔ ཐུབ་པའི་རྒྱལ་ཚབ་ཡིན་ཟེར་བ༔ དྲང་དོན་ཡིན་གྱིས་ངེས་དོན་མིན༔


CMR010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་ལ་དབང་བསྐུར་མཁན༔ ཨོ་རྒྱན་ཡིན་ཚུལ་བཀའ་ཐང་གསལ༔ མདོ་ཡི་སྟོན་པ་ཤཱཀྱ་ཐུབ༔ སྔགས་ཀྱི་སྟོན་པ་པདྨ་འབྱུང་༔ བསྟན་པ་སྟོན་པ་སོ་སོ་ཡིན༔ གསར་མའི་རྒྱུད་ལས་མ་གསུངས་ན༔ སྒྲོལ་མ་རལ་པ་གྱེན་བརྫེས་རྒྱུད༔ གླེགས་བམ་ཤིན་ཏུ་ཆེ་བ་དེ༔ ཇོ་བོ་རྗེ་ཡི་རྒྱ་དཔེ་ལ༔ བུ་སྟོན་ཆེན་པོས་བསྒྱུར་བ་ལས༔ རིག་འཛིན་པདྨ་དཀར་པོ་ཞེས༔ འཁོར་ནི་རིག་འཛིན་བཅོ་བརྒྱད་དང་༔ རིག་འཛིན་སྟོང་ཕྲག་དཔག་མེད་པ༔ བུད་མེད་རྣམས་དང་ཐུན་གཅིག་ལ༔ མཐུ་སྟོབས་རྫུ་འཕྲུལ་ཆེན་པོ་ཅན༔ སྔགས་ནི་ཨོ་པདྨ་བཛྲ་ཧཱུྃ༔ ཞེས་སོགས་གསུངས་པ་ཨོ་རྒྱན་ཉིད༔ སངས་རྒྱས་ཐོད་པ་ཐོད་པ་རྩལ༔ པདྨ་ཐོད་ཕྲེང་ཐོད་ཕྲེང་རྩལ༔ ཐམས་ཅད་ཨོ་རྒྱན་ཡིན་ངེས་པས༔ གསར་མའི་སངས་རྒྱས་ཐོད་པའི་རྒྱུད༔ བཀའ་བརྒྱད་རིག་འཛིན་འདུས་པའི་རྒྱུད༔ ཐམས་ཅད་ཨོ་རྒྱན་རྒྱུད་ཡིན་ནོ༔ དེས་ན་ཨོ་རྒྱན་རིག་འཛིན་ཆེ༔ གསང་སྔགས་ཕྱག་ན་རྡོ་རྗེ་ལྟར༔ གསང་སྔགས་བདེ་མཆོག་ཧེ་རུ་ཀཿ ཡིན་གྱིས་པཎ་གྲུབ་འདོད་པ་འཁྲུལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ གུ་རུ་ཞི་བའི་རྒྱུད་སུམ་བརྒྱ༔ དགོངས་འདུས་རྒྱུད་ནི་བཅུ་ཡི་ནང་༔ གུ་རུ་ཞི་


CMR010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ལྷ་དང་སྔགས༔ ཐམས་ཅད་རྒྱས་པར་ཡོད་པའོ༔ ཁྱད་པར་གུ་དྲག་ཕྲིན་ལས་རྒྱུད༔ དྲག་མཐིང་རྒྱུད་སོགས་གསང་རྒྱུད་མང་༔ གུ་དྲག་རྒྱུད་མིན་ཟེར་བ་འཁྲུལ༔ གཏེར་ཆོས་ཨོ་རྒྱན་གསུང་རྣམས་ནི༔ རྒྱ་གཞུང་བོད་གཞུང་ཐམས་ཅད་ཚང་༔ ཁྱད་པར་ལོཙྪའི་ཚིག་སླད་དང་༔ བཅོས་བསླད་མ་ཞུགས་རྡོ་རྗེའི་གསུང་༔ གསར་མའི་ལོ་ཙྪ་རྣམས་ཀྱང་ནི༔ འོག་མིན་དུར་ཁྲོད་ལ་སོགས་དང་༔ ཨོ་རྒྱན་མཁའ་འགྲོའི་ཡུལ་རྣམས་སུ༔ མ་རྡོལ་ཕྱིར་ན་རྙིང་མའི་རྒྱུད༔ མ་མཐོང་དེ་ཡི་གཏན་ཚིག་ཡིན༔ དཔལ་ལྡན་ཇོ་བོ་ཨ་ཏི་ཤས༔ ཨོ་རྒྱན་ཆེན་པོའི་རྫུ་འཕྲུལ་གྱིས༔ བླངས་བའི་རྒྱུད་འགའ་བསམ་ཡས་འདུག༔ དཔེ་བྲིས་རྒྱ་གར་བསྐུར་རོ་སྐད༔ དྷ་ན་ཀོ་ཤར་འཁྲུངས་མ་ཐག༔ དྲག་མཐིང་སྐུར་བཞེངས་གཟའ་རྣམས་བཏུལ༔ དབུས་གཙང་མ་ཕེབས་པ་ཡི་གོང་༔ རྫུ་འཕྲུལ་སྟོབས་ཀྱིས་ཁམས་སུ་ཕེབས༔ ཁམས་ཕྱོགས་ལྷ་འདྲེ་འདུལ་བའི་ཕྱིར༔ གུ་དྲག་རིགས་ལྔར་བཞེངས་པའི་ཚུལ༔ བཀའ་ཐང་ནང་དུ་གསལ་བ་ཡིན༔ མཆིམས་ཕུ་ཡར་ལུང་ཤེལ་བྲག་དང་༔ ཏི་གྲོར་ལྷ་འདྲེ་འདུལ་བའི་ཕྱིར༔ གུ་དྲག་སྐུ་རུ་ལན་མང་པོར༔ བཞེངས་ཚུལ་


CMR010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་མང་པོར་གསལ༔ བསམ་ཡས་བེ་གར་འདུལ་ཕྱིར་བཞེངས༔ དེ་ཕྱིར་བེ་གར་འདུལ་བའི་ཕྱིར༔ ཁོ་ནར་གུ་དྲག་སྤྲུལ་པ་མིན༔ བེ་གར་སྤྲུལ་པའི་ལྕགས་སྡིག་དེ༔ རང་གཤེད་འབེབས་ཕྱིར་ཕྱག་མཚན་མཛད༔ རྣམ་ཤེས་ཐོན་པའི་ལྕགས་སྡིག་ལུསཿ༔ ཁྲོ་རྒྱལ་ཀུན་གྱི་ནུས་པ་བསྡུས༔ ཡེ་ཤེས་སྡིག་པའི་སྒྲུབ་ཐབས་མཛད༔ གུར་དྲག་ལྕགས་སྡིག་ནོར་བའི་གཏམ༔ གཤེ་སྐུར་མཚམས་མེད་ལྔ་ལས་ལྡི༔ མཁའ་འགྲོ་ལྷ་སྲིན་བཀའ་ཆད་འོང་༔ གལ་ཏེ་ལྕགས་སྡིག་བེ་དཀར་ལུས༔ ཡིན་ཕྱིར་སྒོམ་སྒྲུབ་མི་རུང་ན༔ རྟ་ཕག་རུ་དྲ་ཕོ་མོའི་ལུས༔ ཡིན་ཕྱིར་སྒྲུབ་པར་མི་རུང་ངོ་༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ༔ ཞལ་གསུམ་ཕྱག་དྲུག་ལ་སོགས་པ༔ བདུད་ཀྱི་ཆས་དང་ལུས་ཡིན་པས༔ གང་ཡང་སྒྲུབ་པར་མི་རུང་ངོ་༔ འདི་འདྲ་སྨྲ་བའི་ལྕེ་དེ་ལ༔ དགའ་རབ་དབང་ཕྱུག་མ་ཞུགས་སམ༔ སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ༔ འཛམ་གླིང་འདི་རུ་མ་བྱོན་པའི༔ དེ་སྔོན་བསྐལ་པ་མང་པོ་ནས༔ གུ་རུ་དྲག་པོ་ཡོད་པར་ངེས༔ སྔོན་འདས་བསྐལ་པ་གྲངས་མེད་གོང་༔ བསྐལ་པ་གཟི་བརྗིད་སྣང་རྒྱན་ལ༔ སངས་རྒྱས་རྔ་སྒྲའི་རྒྱལ་པོ་ཡི༔ བསྟན་ལ་དགེ་བསྙེན་ཟླ་བ་


CMR010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས༔ བཀའ་དོན་ལོག་སྤྱད་ངན་སོང་སྐྱེས༔ དེ་ནས་སྤྲུལ་པ་ཞེས་པ་ཡི༔ དྲེགས་བྱེད་དུ་སྐྱེས་ལྷ་ཡུལ་ཕུང་༔ དེ་ཉིད་འདུལ་ཕྱིར་སངས་རྒྱས་ཀུནཾ༔ བྱིན་རླབས་ཡོན་ཏན་གཅིག་བསྡུས་ཏེ༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ༔ རྟ་མཆོག་རོལ་པའི་རྒྱུད་ལས་གསུངས༔ རྟ་མགྲིན་རིགས་ལ་རྟ་སྤྱིའི་གྲངས༔ གུར་དྲག་ཅེས་པ་རྟ་མགྲིན་རིགས༔ གུ་དྲག་རྟ་དབུ་ཡོད་པ་ལགས༔ དེ་ནས་གུ་རུ་ཞི་དྲག་གཉིས༔ གང་སྔ་ཚོད་འཛིན་དཀའ་བར་སྣང་༔ མཁས་གྲུབ་ཁྱུང་པོས་བསྒྱུར་བ་ཡི༔ གསར་མའི་ཕྱག་དྲུག་ཆོས་སྐོར་གྱི༔ བཀའ་བསྒོ་བདེན་ཚིག་འཁོར་ལོ་ཞེས་རྒྱ་གཞུང་སྔགས་ལ་ཨ་ཙིག་ཡོད༔ རྒྱ་གར་གུ་དྲག་མེད་པ་མིན༔ སྔོན་བྱོན་གཏེར་སྟོན་བརྒྱ་རྩ་ལ༔ གཏེར་སྟོན་རེ་ལ་གུ་དྲག་རེ༔ ལ་ལར་གཉིས་གསུམ་རེ་ཡང་ཡོད༔ གཏེར་རྙིང་ཕལ་ཆེར་བྱིན་རླབས་ཡལ༔ བསྟན་པའི་གནས་ཚད་རྫོགས་པ་མང་ལ་ལར་རྫོགས་ལ་ཁད་དུ་ཡོད༔ རཏྣ་གླིང་དང་སངས་རྒྱས་གླིང་༔ ཀརྨ་གླིང་པ་ལ་སོགས་པ༔ བསྟན་པ་ཡུན་རིང་བཀྲ་ཤིས་དགེ༔ གཏེར་སྟོན་ཕལ་ཆེར་རྟེན་འབྲེལ་ཡང་༔ བར་ཆད་དབང་དུ་ཤོར་བ་མང་༔ བར་ཆད་ཅི་ཡང་མ་བྱུང་


CMR010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ གཏེར་སྟོན་རཏྣ་གླིང་པ་ཡིན༔ དེ་ཕྱིར་རཏྣ་བྱིན་རླབས་ཚེ༔ འདི་ཡི་སྒྲུབ་སྐོར་ཐམས་ཅད་ལ༔ གཞུང་ནས་གསུང་ལྟར་བཅས་ནས་ཀྱང་༔ དང་པོ་ལས་བྱང་ཚར་གཅིག་འདོན༔ དེ་ནས་སྒྲུབ་ཐབས་གང་ཡིན་གྱི༔ མངོན་རྟོགས་སླར་ཡང་འདོན་ཝིག་བྱེད༔ དེ་ནས་སོ་སོའི་བསྙེན་པ་བྱེད༔ དེ་ལུགས་ཐབས་དང་ཐུན་དུ་བྱ༔ ཞལ་ཤེས་མེད་པའི་ལག་ལེན་ཡིན༔ འོན་ཀྱང་བཅོས་བསླད་མེད་པའི་ལུགས༔ ཟབ་ཟེར་ང་རྒྱལ་ཁེངས་པ་སྨྲ༔ དཔྱོད་ལྡན་མཐོང་ན་དགོད་རེ་བྲོ༔ གོང་བསྙེན་ཞི་བ་མ་བསྒྲུབས་པའི༔ དྲག་པོར་འཇུག་པ་ཡ་ང་༔ གནད་ཀྱི་སྒྲུབ་ལུགས་མ་ཤེས་ན༔ མ་འཕྲོད་ཟེར་ཞིང་ལྷ་ལ་གཤེ༔ ཕྱག་ལེན་མེད་པའི་སྒྲུབ་པ་བརྩམ༔ བར་ཆད་གཡབ་མོས་གཡབ་པ་ཡིན༔ དབང་ལུང་ཚད་ལྡན་མ་ཐོབ་པས༔ སྔགས་བསྙེན་མཚམས་དང་བསྐང་ཟློག་སོགས༔ སྔགས་ལོག་རྡོ་རྗེ་དམྱལ་བའི་རྒྱུ༔ དབང་ལུང་བསྙེན་སྒྲུབ་ཐེམ་ན་ཡང་༔ དམ་ཚིག་མི་སྲུང་དམ་སྲིར་སྐྱེ༔ གཞན་ལུགས་བཀག་པའི་ལེའུ་དང་པོའོ༔ པད་འབྱུང་བཀའ་དང་བླ་མའི་ལུང་༔ རང་གི་ཉམས་མྱོང་བསྟན་པའི་ལུགས༔ དམ་ཚིག་གཙང་བའི་རྒྱུད་པ་སོམས༔ མན་ངག་མཁས་པའི་


CMR010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བསྟེན༔ རྒྱུན་བསྙེན་བསྐང་བ་བྱེད་ཙམ་ལ༔ དབང་ནི་འབྲིང་དང་བསྡུས་པས་ཆོག༔ གང་མཁོ་ཁོལ་བུའི་ལུང་ལྡེབ་དང་པོ་ཏི་མགོར་བཞག་ཙམ་གྱིས་ཆོག༔ ཕྱི་ནང་གསང་བ་ཡང་གསང་སོགས༔ སྒྲུབ་པ་ཐམས་ཅད་བྱེད་པ་ལ༔ དབང་ནི་རྒྱས་པ་གལ་ཆེ་ཞིང་༔ སྨྱོ་ཁ་སྤུ་གྲི་མཁའ་རི་སོགས༔ སྒྲུབ་ན་སོ་སོའི་བཀའ་གཏད་ནི༔ ཕྱག་ལེན་བཞིན་དུ་ཐོབ་གལ་ཚེ༔ དྲེགས་པ་ཉི་ཤུ་རླུང་དམར་སོགས༔ དྲག་སྔགས་རྒྱ་ཆེན་བྱེད་པ་ལ༔ དྲེགས་པའི་སྲོག་དབང་གལ་ཆེ་སྟེ༔ འཁུ་ལྡོག་ཆེ་ཕྱིར་བཀའ་རྒྱ་གདམས༔ སློབ་མར་ནུས་པ་མི་ལྡན་ན༔ སློབ་མ་ཉིད་ལ་བར་ཆད་འབྱུང་༔ དྲག་པོའི་རྫོགས་རིམ་ཉམས་ལེན་ན༔ མཆོག་དབང་གསུམ་པོ་ཐོབ་པར་བྱ༔ པོད་ལུང་ཡོངས་རྫོགས་ཐོབ་ན་མཆོག༔ མིན་ཀྱང་སྒྲུབ་པ་ཐམས་ཅད་ཞུ༔ དམ་ཚིག་རྣམ་གྲངས་མཐའ་ཡས་ཀྱང་༔ བླ་མ་པད་འབྱུང་དབྱེར་མེད་བལྟ༔ ལུས་ལྷ་ངག་སྔགས་སེམས་ཏིང་འཛིན༔ གཏོར་བསྔོས་ཆག་མེད་ཚེས་བཅུ་གཟབ༔ ངག་ནུས་ཆེ་བས་རྒྱལ་བསེན་འདུལ༔ དགྲ་བོ་ཆམ་ལ་ཕབ་འདོད་ན༔ གུ་རུ་དྲག་པོ་སྒྲུབ་པ་ནི༔ ཙན་དན་སོལ་བ་བྱས་དང་མཚུངས༔ ཚེ་གཅིག་རྡོ་


CMR010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་འགྲུབ་ཕྱིར༔ དྲག་པོ་བསྒྲུབས་པས་མཆོག་གི་ཞོར༔ ཐུན་མོང་གང་འདོད་ཤུགས་ལ་འགྲུབ༔ དང་པོ་ཀུན་དྲིལ་ཡིད་བཞིན་ནོར༔ མ་བསྒྲུབས་དྲག་པོ་བསྒྲུབ་ན་ནི༔ རྒྱལ་བསེན་སྡེ་བརྒྱད་བར་ཆད་བརྩམ༔ སློང་དང་ཆོ་འཕྲུལ་ནོན་པར་དཀའ༔ དེ་ཕྱིར་སྔོན་ལ་བསྒྲུབ་པར་བྱ༔ སྤྱིར་ནི་སྒྲུབ་པ་ཐམས་ཅད་ལ༔ རྡུལ་ཚོན་རས་བྲིས་ཚོམ་བུ་གསུམ༔ དེ་གསུམ་གང་འབྱོར་དབུས་སུ་ནི༔ བུམ་པ་རྫས་ལྡན་སྤྱི་ལྟར་བཤམས༔ དེ་སྟེང་མཉྫི་ཨོམ་བཅས་སྟེང་༔ སྒྲུབ་གཏོར་རིན་ཆེན་འབར་བ་བཤམས༔ གཡས་སུ་བདུད་རྩི་གཡོན་རཀྟ༔ མཐའ་བསྐོར་ཤར་དུ་ཡོན་ཆབ་དང་༔ ཤར་ལྷོར་ཞབས་བསིལ་ལྷོར་མེ་ཏོག༔ ལྷོ་ནུབ་བདུག་སྤོས་ནུབ་མར་མེ༔ ནུབ་བྱང་དྲི་ཆབ་བྱང་ཞལ་ཟས༔ བྱང་ཤར་ཏིང་ཤག་དྲིལ་བུའམ༔ མེད་ན་མཚམས་འཛིན་མེ་ཏོག་བཤམས༔ དེ་ནི་བརྗེ་བར་མི་བྱ་སྟེ༔ ཅུང་ཟད་སྐབས་སུ་ཁ་གསོའོ༔ རིན་ཆེན་འབར་བ་ལ་སོགས་རྣམས༔ དང་པོ་ལན་གཅིག་བྲན་པ་དེ༔ ལྷ་བསྐྱེད་རྟེན་ཡིན་གསོ་མི་དགོས༔ གེལ་དུ་གཏོར་སྒམ་ལ་སོགས་སུ༔ རྒྱུན་དུ་གསོ་རྒྱུའི་ཕུགས་གཏོར་དང་༔ རྗེ་རྒྱུའི་མཆོད་པ་རྣམ་ལྔ་དང་༔ བྲན་པའི་བདུད་རྩི་ལ་སོགས་


CMR010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས༔ སྒོར་རྩར་ཐོ་བརྩིགས་གཞི་བདག་ལ༔ བཀའ་བསྒོ་དཀར་གཏོར་དེ་རུ་ཕུལ༔ བར་ཆད་མ་བཏང་གྲོགས་གྱིས་བརྗོད༔ བགེགས་གཏོར་རྒྱས་པར་བཏང་ནས་ཀྱང་༔ བགེགས་བསྐྲད་རྫ་ས་སམ་གུ་གུལ་བདུག༔ ཁྲུས་བྱས་ཁ་བཤལ་ཉལ་མལ་གོས༔ གཟུངས་ཆུ་གཏོར་ཞིང་སྤོས་ཀྱིས་བདུག༔ དེ་ནས་ཁ་ནི་མི་བཤལ་ཞིང་༔ གདན་གོས་མི་སྤྲུག་ཕྱགས་མ་སྤང་༔ ཉལ་གདན་མི་བསྐུལ་མེ་ཉི་སྤང་༔ གཏན་དྲོད་མ་ཡལ་ཉལ་ས་མནན༔ དང་པོ་ནུབ་པར་ཚོགས་དང་ནི༔ བསྐང་གསོ་གཏོར་འབུལ་རྒྱས་པར་བྱ༔ ཚེས་བཅུ་དགུ་གཏོར་མ་གཏོགས་པར༔ ཚོགས་དང་གཏོར་འབུལ་མི་དགོས་སོ༔ རྒྱུན་དུ་ངག་བཅད་དམ་པར་བྱ༔ ཚོགས་རྫས་མིན་པའི་ཤ་ཆང་སྤང་༔ རང་རང་གཞུང་ནས་བྱུང་བ་ཡི༔ ཕུར་པ་གཏོར་མ་ཐོད་རྔ་སོགས༔ བྱེ་བྲག་སྒྲུབ་རྫས་གཞུང་ལྟར་རོ༔ དང་པོ་སྐྱབས་སེམས་མཆོད་བྱིན་བརླབས༔ རྒྱུན་ཏུ་དཀར་བགེགས་མི་དགོས་སོ༔ མཚམས་གཅོད་ནས་བཟུང་ཏིང་འཛིན་གསུམ༔ བར་དུ་ལས་བྱང་གཞུང་ལྟར་ཏེ༔ དེ་ནི་ཞི་དྲག་གཉིས་ཀ་མཚུངས༔ དེ་ནས་ཀུན་དྲིལ་བསྒྲུབ་པ་ལ༔ གཞལ་ཡས་ཁང་བསྐྱེད་ཡན་ལ་ནི༔ ཐུགས་


CMR010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལས་བྱང་གཞུང་ལྟར་ལ༔ སྒྲུབ་གཞུང་ཉིད་ནས་གསལ་བ་ལྟར༔ རང་ཉིད་རྟ་མགྲིན་བསྒོམ་པ་སྟེ༔ མདུན་བསྐྱེད་ཨོ་རྒྱན་སྤྲུལ་སྐུ་ལ༔ གུ་རུ་མཚན་བརྒྱད་གིང་ཚོགས་བསྐྱེད༔ བུམ་ནང་ཐོད་ཕྲེང་སྡེ་ལྔ་རྣམས༔ མངོན་རྟོགས་ཐུགས་སྒྲུབ་ནང་ནས་བྱ༔ གཏོར་མ་བླ་མ་གསང་འདུས་ནི༔ མངོན་རྟོགས་སྒྲུབ་གཞུང་བཞིན་དུ་བྱ༔ དེ་ནས་སྤྱན་འདྲེན་མཆོད་བསྟོད་སོགས༔ ཐུགས་སྒྲུབ་འཛབ་དགོངས་བསྐུལ་བྱས་ལ༔ བསྙེན་སྒྲུབ་ལས་སྦྱོར་དམིགས་རིམ་ནི༔ སྒྲུབ་གཞུང་ཉིད་ལས་གསལ་བཞིན་ནོ༔ སྔ་དྲོ་ཉིན་ཕྱེད་དགོང་མོ་དང་༔ མཚན་མོ་དང་བཅས་ཐུན་བཞི་རུ༔ ལས་བྱང་འདོན་ལུགས་དེ་བཞིན་ཏེ༔ བར་སྐབས་སྔགས་དང་དམིགས་པ་གཟིར༔ ཐུན་འཇུག་གསོལ་འདེབས་ཚར་གསུམ་མཐར༔ སྔགས་དེ་ཉེར་གཅིག་བར་དུ་བརྗོད༔ བསྙེན་པ་ཞག་བདུན་སྒྲུབ་བདུན་གཉིས༔ ལས་སྦྱོར་སྔགས་ལ་ཞག་གཅིག་སྟེ༔ དེ་ནས་ཚོགས་དང་ཆད་མདོ་སོགས༔ ཐུགས་སྒྲུབ་མཇུག་རྣམས་རྫོགས་པ་སྟེ༔ གཏོར་དབང་བུམ་དབང་དངོས་གྲུབ་ལེན༔ མཆོད་བསྟོད་དཀྱིལ་འཁོར་བསྡུས་ནས་ནི༔ ཞག་གཅིག་མཚམས་ལྷོད་གནས་དེར་འདུག༔ དེ་ལྟར་ཞག་གྲངས་


CMR010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་རྫོགས༔ དེ་ནས་གསང་སྒྲུབ་ཡང་གསང་དང་༔ ནང་སྒྲུབ་ཕྱི་སྒྲུབ་ཟིལ་གནོན་རྣམས༔ གོ་རིམ་བྱེད་པ་འཇམ་པའི་གནད༔ ཧཱུྃ་སྒྲུབ་ནམ་དགར་བྱ་རུང་ངོ་༔ དེ་བཞིན་གོ་ཆ་ཁྱུང་ལ་སོགས༔ གོ་རིམ་མེད་དེ་ནམ་འདོད་རུང་༔ ཀུན་ལ་དྲག་པོའི་ལས་བྱང་ནི༔ ཏིང་འཛིན་རྣམ་གསུམ་བར་དུ་འདོན༔ གཞལ་ཡས་ཁང་བསྐྱེད་རྒྱས་པ་ནི༔ ཁྲོ་རྒྱལ་སྟོབས་འདུས་ནང་ནས་སབ༔ ལྷ་བསྐྱེད་རང་རང་གཞུང་ལྟར་རོ༔ གོ་ཆ་མངོན་རྟོགས་གསང་སྒྲུབ་ནས༔ གོ་ཆའི་སྔགས་ནི་སྟོབས་འདུས་ནས༔ སབ་ལུགས་ཀུན་གྱི་ཤེས་ལྟར་ལགས༔ ཕྱི་ནང་གསང་གསུམ་གང་ལ་ཡང་༔ རྩ་སྔགས་སྔགས་འབྲུ་ཉི་ཤུ་པ༔ ཁོ་ན་བསྙེན་པར་བྱ་བ་ལས༔ ལས་སྔགས་སྡེ་བརྒྱད་གཟིར་སྔགས་ནི༔ ཉུང་ན་སྟོང་ལ་མང་ན་ཁྲི༔ དེ་ལས་མང་བར་མི་རུང་ངོ་༔ འཇམ་དཔལ་རྟ་མགྲིན་ཕྱག་རྡོར་དང་༔ མེ་དབལ་འདོན་ལུགས་གོང་དང་མཚུངས༔ ཧཱུྃ་སྒྲུབ་ལ་ནི་ལས་བྱང་དང་༔ སྤྲོས་བཅས་མི་དགོས་གཞུང་དུ་གསལ༔ ཁྱད་པར་གོང་དང་མི་འདྲ་བའི༔ ཚེ་དཔག་གུར་དྲག་ལས་བྱང་ལྟར༔ བདག་བསྐྱེད་བྱས་ལ་ཚེ་གཏོར་ལ༔ སྤྱན་འདྲེན་གོང་དུ་ཚེ་དཔག་བསྐྱེད༔ སྤྱན་


CMR010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོད་པ་ཐུན་མོང་ཡིན༔ མཁའ་འགྲོ་ཡོན་ཏན་བསྒྲུབ་པ་ལ༔ ལས་བྱང་ཚར་གཅིག་ཐོན་པ་དང་༔ སྟོང་པར་བསྡུས་ལ་མཁའ་འགྲོ་བསྐྱེད༔ ཁྱུང་ནག་ལ་ཡང་དེ་ལྟར་རོ༔ དེ་མིན་གོ་ཆ་ཕལ་ཆེར་དུས༔ སྤྱན་འདྲེན་ནང་ནས་སོ་སོ་ཐུ༔ མཆོད་པའི་ཚིག་དང་སྔགས་རྣམས་བསྒྱུར༔ བསྟོད་པ་རྣམ་རྒྱལ་འབར་མ་ནས༔ སོ་སོའི་བསྟོད་པ་སབ་པར་བྱ༔ སྡིག་པའང་ལས་བྱང་གཏོར་བསྔོས་དང་༔ སྤུ་གྲི་སྨོ་ཁ་ཚར་རྗེས་སུ༔ བདག་བསྐྱེད་བསྡུས་ལ་ལྕགས་སྡིག་བསྒོམ༔ ཁྱུང་དམར་ལས་བྱང་མི་དགོས་ཤིང་༔ མཆོད་བསྟོད་སྤྱན་འདྲེན་བྱ་མི་དགོས༔ དྲན་རྫོགས་བསྒོམས་ལ་སྔགས་བཟླས་ཆོག༔ རྡོ་ཟློག་ལིང་ག་བསྒྲལ་བསྟབ་བྱ༔ འདོན་བྱ་རྣམ་རྒྱལ་འབར་མ་སྟེ༔ ལྷ་ཚོགས་མདུན་བསྐྱེད་ནམ་མཁར་ཏེ༔ རྡོ་ནི་ཀེང་རུས་མཚོན་མེ་དཔུང་༔ སྔགས་རྒྱུན་འདོན་སྐབས་དང་བསྟུན་ནས༔ སྒྲུབ་པ་ངག་བཅད་བྱ་བ་ཡི༔ ཨ་ཙིག་འབུམ་ཚོ་ཉི་ཤུ་འམ༔ ཡང་ན་བསྒྲུབ་པའི་རྟགས་ཐོན་པས༔ ཕྱག་རྟགས་རྡོ་རྗེ་བསྐུལ་རུང་གིས༔ སུ་ཡིན་དག་གིས་བྱ་རྒྱུ་མིན༔ བྱས་ཀྱང་མི་ཕན་རང་ལ་གནོད༔ སྤུ་གྲི་སྲོག་གཅོད་ལ་སོགས་པ༔ ནུས་པ་གདེང་དང་ལྡན་པས་བྱ༔ སྔགས་ཆུང་


CMR010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་རང་ལ་ཟློག༔ བསྐང་བ་གྲིབ་སེལ་གཏོར་ཟློག་དང་༔ ཐུགས་སྒྲུབ་སུན་ཟློག་གླིང་བཞིའི་མདོས༔ དབང་ལུང་ཐོབ་པས་བྱ་རུང་ངོ་༔ མཁའ་འགྲོ་གཏོར་ཟློག་རང་དོན་ལས༔ གཞན་གྱི་དོན་དུ་མི་རུང་ངོ་༔ རྣམ་རྒྱལ་འབར་བ་གག་ཐུག་ན༔ འདོན་གྱིས་ནམ་ཡིན་འདོན་མི་རུང་༔ སྤུ་གྲི་སྨྱོ་ཁ་མཁའ་རི་སོགས༔ རྒྱུན་དུ་བཏོན་ན་བཀྲ་ཤིས་དགེ༔ ཁྱད་པར་སྒྲུབ་དུས་གལ་ཆེ་སྟེ༔ བར་ཆད་མ་ཤོར་སྲུངས་ཞེས་བསྒོ༔ ངེས་པར་སྲུང་ཕྱིར་བར་ཆད་དཀོན༔ ཐུགས་ཁྲིད་འཆད་དང་བསྒོམ་འདོད་ན༔ ལོ་རྒྱུས་རཏྣའི་རྣམ་ཐར་བརྗོད༔ ཐུན་མོང་ཐུན་མོང་མིན་པ་ཡི༔ སྔོན་འགྲོ་ཆོས་སྤྱོད་ལམ་རིམ་ལྟར༔ དངོས་གཞི་ཐུགས་ཁྲིད་གཞུང་ལྟར་ལས༔ དམིགས་རིམ་གསལ་འདེབས་ལ་སོགས་པ༔ སྐུ་གསུམ་སྒྲུབ་པའི་གཞུང་ནས་ས༔ རྒྱབ་ཆོས་ལང་གྲོའི་ཞུས་ལེན་དང་༔ རྣམ་ཐར་གསེར་ཕྲེང་བཤད་པར་བྱ༔ ཕལ་ཆེར་རང་ཉམས་ཐོག་ནས་བཤད༔ དེ་ཡི་གུ་དྲག་བསྐྱེད་རྫོ་གས་ཀྱི༔ ངག་ཁྲིད་རྩ་ཚིག་བརྗོད་པ་ཚང་༔ རྒྱས་པར་བྲིས་ན་པོ་ཏི་ཙམ༔ བྲི་མི་ནུས་ཤིང་བཀའ་རྒྱ་འཇིགས༔ ཤེས་རབ་ཅན་ལ་དེ་ཡིས་འཐུས༔ རྨོངས་པ་རྣམས་ལ་ཅི་ཆ་ཡོད༔


CMR010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་གདེང་དང་ལྡན་པ་ཡིས༔ བྱམས་དང་སྙིང་རྗེས་ཀུན་བསླང་སྟེ༔ བསྒྲལ་བའི་ཞིང་གྱུར་སྡིག་རྒྱུན་གཅོད་རྣམ་ཤེས་བདེ་ཆེན་ཞིང་དུ་སྤྱིར༔ བསྟན་འཛིན་དབུ་འཕང་མཐོ་བའི་ཕྱིར༔ སྤུ་གྲི་རང་གཤེད་ངག་མནན་དང་༔ སྤུ་གྲི་སྨྱོ་ཁ་ལ་སོགས་པའི༔ དྲག་སྔགས་ཐོག་འདྲ་འགའ་མཆིས་ཀྱང་༔ བསྟན་པའི་སྤྱི་དོན་བསྒྲུབ་མི་དཀོན༔ རང་འདོད་ཞེ་སྡང་ཕྲག་དོག་གིས་རང་གཞན་གཉིས་ཕུང་རྒྱུད་འགྱུར་གྱིས༔ ཟིན་བྲིས་མི་སྨྲ་ཁ་ལྤགས་བསྡམ༔ དུས་མཐའི་སྔགས་འཆང་ཨ་རཱ་གས༔ ལོ་དགུ་ལོན་ནས་ང་བཞིའི་བར༔ ཡི་དམ་གཙོ་བོ་གུ་དྲག་བྱས༔ དབང་ལུང་མང་ཐོབ་བསྙེན་ཅིང་བསྒྲུབ༔ སློབ་དཔོན་ཞལ་ཁྲིད་མང་པོ་དང་༔ སྒྲུབ་པའི་ཉམས་མྱོང་དམ་དུམ་མཆིས༔ དབང་ལུང་ཕྱག་ཁྲིད་མང་སྤེལ་བས༔ ཉམས་སུ་སུས་བླངས་རྟགས་ཐོན་ཞིང་༔ གཞན་དོན་གྲོང་ཆོག་དབང་ཁྲིད་སོགས༔ ཕན་ཐོགས་ཆེ་ཞིང་གར་ཡང་འགྲིམ༔ ནད་ཞི་གདོན་ཞི་བྱིན་རླབས་ལྡན༔ རང་གཞན་ཀུན་ལ་ངེས་ཤེས་ཡོད༔ རིང་རྒྱུད་གསུམ་མམ་ཉེ་རྒྱུད་ཀྱི༔ དག་སྣང་བཀའ་བབ་བརྒྱུད་པར་ལྡན༔ དེ་ཕྱིར་ཕོ་ཚོད་རང་བཟོ་མིན༔ བདག་ལས་བརྒྱུད་པའི་ཕྱི་རབས་རྣམས༔


CMR010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་རྫུན་ཉམས་སུ་ལོངས་ལ་ལྟོས༔ དགེ་སློང་ཕུན་ཚོགས་ཀྱིས་བསྐུལ་ནས༔ སྲམ་གཞུང་ཆོས་རའི་དབུ་འཛུགས་ནུབ༔ སྔགས་འཆང་རཱ་ག་ཨ་སྱ་ཡིས༔ དགོང་ཐུན་གཅིག་ལ་རྫོགས་པར་བྲིས༔ ཉེས་འགལ་རྩ་གསུམ་ལྷ་ལ་བཤགས༔ དགེ་བས་མ་རྒན་སེམས་ཅན་ཀུན༔ རྡོ་རྗེ་དྲག་པོ་ཉིད་འགྲུབ་ཤོག༔ སྤུ་གྲི་སྨྱོ་ཁ་བརྟན་མའི་ཚོགས༔ ཆོས་འདི་དར་ཞིང་རྒྱས་པ་དང་༔ འགྲོ་དོན་འགྲུབ་པའི་སྟོང་གྲོགས་མཛོད༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་སྤྱི་དོན་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་སངས་རྒྱས་ཕུན་ཚོགས་ལ་གདམས་པ།next