Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ།
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ།next

གུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ།


CMR010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ་བཞུགས་སོ།།


CMR010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ་འདི་ལྟར། དང་པོ་སྐྱབས་འགྲོ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་བྱས་ལ་སྙིང་རྗེ་དྲག་པོ་བྱའོ༔ རོ་ཡི་གྲིབ་དང་མི་གཙང་བ་ནད་གདོན་ཐམས་ཅད་རང་ལ་བསྟིམ། སྟོང་པ་ཉིད་ཀྱི་ངང་ལ་ཡུད་ཙམ་བཞག །དེ་ནས། ན་མོ༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་ཉིད་རྣལ་འབྱོར་དབང་


CMR010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གིས༔ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔ དྲེགས་པ་མ་ལུས་ཚར་བཅད་ནས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ཧཱུྃ༔ དྲག་པོ་ཐོད་ཕྲེང་ལྷ་ཚོགས་གཤེགས༔ དྲེགས་པ་སྡེ་བརྒྱད་གེགས་བྱེད་ཅིང་༔ ངན་སོང་འཁོར་བའི་སྣ་འདྲེན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ དེ་རིང་ཕྱིན་ཆད་ནས་ངེད་མི་ནོར་གང་ལ་ཡང་གནོད་པ་མ་བྱེད་ཅིག༔ ཁྱིམ་སྒོ་ལམ་སྲང་ལ་མ་འགྲིམ་པར་གཞན་དུ་སོང་༔ གལ་ཏེ་ཡི་གེ་མཐོང་བ་བཞིན་དུ་གནོད་པ་བྱེད་ན༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔


CMR010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ གཞན་ཡང་ཁྱད་པར་དུ་གུ་རུ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་སྟོབས་ལྡན་སྡིག་པ་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕོ་ཉ་ཟ་གསོད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་འདི་ལ་བརྟེན་ནས༔ གནོད་བྱེད་འབྱུང་པོ༔ དམ་ཉམས་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་དམ་ཉམས་འབྱུང་པོ་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཆེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་ཤི་འདྲེ་ཤི་སྲི་ནད་འདྲེ་གཅོང་སྲི་མནའ་ཟན་འདི་རྣམས་


CMR010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྲིད་གསུམ་རྨིང་ནས་བསྐྱེལ་ཅིག༔ འཁོར་བ་སྟེང་ནས་ཕྱུངས་ཤིག༔ བསྐལ་པའི་མེ་ཡིས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག༔ སྲིད་གསུམ་གར་གནས་ཀྱང་ལུས་ལ་རྡོ་རྗེའི་ཆར་ཕོབ་ཅིག༔ དམ་ཉམས་འབྱུང་པོ་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་ཤི་འདྲེ་ཤི་སྲི་ནད་འདྲེ་གཅོང་སྲི་མནའ་ཟན་འདིའི་མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག༔ ལུས་དུམ་བུ་སྟོང་དུ་ཐོངས་ཤིག༔ སྙིང་དུམ་བུ་བརྒྱད་དུ་གཏུབས་ཤིག༔ མིག་འབྲས་ཐང་ལ་ལྷུངས་ཤིག༔ སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག༔ དམ་ཉམས་རུ་ཊ་འདི་མཐའ་ཡི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་ཅིག༔ གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ་སོད་ཅིག༔ ཅེས་བརྗོད་དོ། །བདག་གི་ཐུགས་ཀ་ནས་ཁྲོ་ཚོགས་དང་བཅས་མཚོན་ཆ་མེ་དཔུང་གི་ཚོགས་སྤྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་དུ་བསྐྱོད་པར་གྱུར༔ གང་དག་མི་འགྲོ་བ་དེ་དག་ཁྲོ་ཆུང་རྣམས་


CMR010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསད་བཅད་ཟོས་ཏེ་མིང་ཡང་མི་གྲགས་པར་བསམ་ལ་ཐུན་བརྒྱབ༔ འབྱུང་བ་ཁ་གནོན་པའི་ཐུན་ནམ། དཔེར་ན་སྤཎ་དྭ་ལྟ་བུ་ཡིན་ན། མེ་ཐུན་བརྒྱབ་སྟེ། བདག་ཉིད་དྲག་པོའི་ཕྱག་གཡས་རྡོ་རྗེའི་ཁ་ནས་མེ་འབར་ཏེ༔ ཟ་འདྲེ་ཤི་གཤེད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གྱུར་ཅིག༔ སྟོང་གསུམ་ཐམས་ཅད་མེ་དཔུང་གིས་གང་བར་གྱུར་པར་བསམ་མོ༔ གཞན་ཐམས་ཅད་དེས་འགྲེས་སོ༔ སྔགས་ནི་སུམྦྷ་ནི་དང་༔ གུ་དྲག་གི་སྔགས་རིང་ཡོངས་རྫོགས་དང་༔ ལོའི་པ་ལ་དང་། སྤུ་གྲི་སྲོག་གཅོད། སྤུ་གྲི་རང་གཤེད། རྟ་མགྲིན་གྱི་རྦད་བརྒྱད་དང་། དྲག་པོ་ལྕགས་འདུལ་གཞུང་གི་བསད་སྔགས་རྣམས་བཟླ༔ དེ་ནས་ཕུང་པོ་དེ་གཟི་བ་སྟོང་འཁྲི་ས་མེད་པར་བསམས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ནུས་མཐུའི་རང་བཞིན་འཕྲོས་ནས་བེམ་པོ་ལ་ཐིམ་པས་བེམ་རོ་བདུད་རྩིའི་རྒྱལ་བ་གང་དུ་གྱུར་པར་བསམས་ལ་ཁྱེར་རོ༔ དེ་ནས། ཁྲོ་ཚོགས་རྣམས་ཚུར་འདུས་པ་ལས་བསྲུང་བའི་གུར་དུ་གྱུར་པར་བསམས་ལ༔ ཧཱུཾ། བདག་ནི་འབར་བ་དབང་གི་བདག་ཉིད་དེ། །ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར། །རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་། །རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབ། །


CMR010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བསྲུང་། །བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས། །བསྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱི། །སྲུང་བའི་དཀྱིལ་འཁོར་འདི་ལ་མ་འདའ་ཞིག །ཨོཾ་བཛྲ་ཙཀྲ་ཏིག་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་བཛྲ་བི་ཤཱ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུཾ་ཧཱུཾ། ལས་རྣམས་གྲུབ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གུ་རུ་དྲག་པོ་འགྲུབ་གྱུར་ནས། །སོགས་དང་། བདག་གཞན་དུས་གསུམ་དགེ་བ་ཅི་བསགས་སོགས་བསྔོ་སྨོན་བྱ། ཞེས་པ་འདི་ནི་སྔགས་ཆུང་གསར་པ་རྣམས་ལ་ཕན་པའི་ཕྱིར། ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར། ༧ རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་སྒོ་ནས་རོ་ལ་བྲབ་ཤན་བྱེད་ཐབས་མཐོང་བ་བརྒྱུད་པ།next