Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་ལས་ཚོགས་ལས་མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ལུགས།
   
   
   
   
   
   


 
previousགུ་རུ་དྲག་པོའི་ལས་ཚོགས་ལས་མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ལུགས།next

གུ་རུ་དྲག་པོའི་ལས་ཚོགས་ལས་མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ལུགས།


CMR010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལས་ཚོགས་ལས་མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ལུགས་བཞུགས༔


CMR010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་སྐུ་གཟུགས་མི་དམིགས་པ་ལས། མ་ཧཱ་བྷ་ལ་སྐུ་མདོག་དུད་ཁ་ཞལ་གསུམ་རྩ་ཞལ་གླང་མགོ་རྭ་ཅོ་དམར་ཧྲེང་ངེ་ལྡིང་བ༔ བར་པ་མི་མགོ་དམར་པོས་སྦྲུལ་ཟ་བ༔ སྟེང་གི་མི་མགོ་སྔོན་པོ་མིག་གཅིག་པ༔ མགོ་ལ་དར་སྔོན་པོའི་ཅོད་པན་བཅིངས་བ༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ ལྟེ་བ་གྲུ་གསུམ་ཧོམ་ཁུང་འབར་བའི་ནང་དུ་དགྲ་བགེགས་ཐམས་ཅད་རང་དབང་མེད་པ་འགུགས་པ༔ ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་ནས་གསོད་པར་བྱེད་


CMR010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་གསུམ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ༔ ཧཱུྃ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ རི་རབ་ལྷུན་པོའི་ནུབ་ངོས་ནས༔ ཉི་མ་ཟླ་བ་གཤེགས་ལམ་ན༔ ནམ་མཁའ་དམར་ལ་ས་གཞི་དམར༔ རྒྱ་མཚོ་དག་ཀྱང་དམར་པོ་སྟེ༔ དེ་ལ་མིང་དང་མཚན་བཏགས་པ༔ བ་གླང་སྤྱོད་ཀྱི་གླིང་ཞེས་བྱ༔ དེ་ན་བཞུགས་པའི་སྟོབས་པོ་ཆེ༔ འདྲེ་སྲིན་འདུལ་བའི་མཐུ་བོ་ཆེ༔ མ་ཧཱ་བྷ་ལ་བདུད་ཀྱི་བུ༔ གནོད་བྱེད་འདུལ་ཕྱིར་སྤྱན་འདྲེན་ནོ༔ སྐད་ཅིག་ཡུད་ཀྱིས་འདིར་བྱོན་ལ༔ སྐུ་གཟུགས་འདི་དང་དབྱེར་མེད་


CMR010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ དགྲ་བགེགས་འདུལ་ཕྱིར་བཞུགས་སུ་གསོལ༔ ཨོཾ་མ་ཧཱ་བྷ་ལ་ཨེ་ཧྱ་ཧི༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨོཾ་མ་ཧཱ་བྷ་ལ་ཡ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ཨོཾ་ཡེ་དྷརྨ་སོགས་གཏོར་མ་ཆབ་ཀྱིས་བྲན་ལ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་མ་ཧཱ་བ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ། ཨརྒྱུ་སོགས། དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ༔ ལས་ཀྱི་མཐུ་ལས་གྲུབ་པ་བདུད་ཀྱི་བུ༔ བ་གླང་སྤྱོད་སོགས་གླིང་ལ་དབང་བསྒྱུར་བའི་སྟོབས་ཆེན་མ་ཧཱ་བྷ་ལ་ཁྱོད་ལ་བསྟོད༔ སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ༔ ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན༔ སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ དེ་ནས་དོང་གྲུ་གསུམ་བྲུས་པའི་ནང་དུ༔ ལིངྒ་གན་རྐྱལ་མགོ་ཕྱིར་བསྙལ་བཅུག༔ འགུགས་གཞུག་རྒྱས་པར་བྱ་ཞིང་༔ རང་ཉིད་ཡི་དམ་ཁྲོ་བོའི་ཐུགས་ཀ་ཡི༔ འོད་ཟེར་ལྕགས་ཀྱུས་ཡང་ཡང་བཀུག་ལ་བསྟིམ༔ ན་མོ་བཛྲ་པཱ་ཎི་ཡེ༔ དཀོན་མཆོག་གསུམ་དང་མ་ཧཱ་བྷ་ལའི་


CMR010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་མཐུས༔ བདག་གི་སྦྱིན་བདག་རྨེའི་རྟ་ནོར་ལུག་གསུམ་ལ་གནོད་པའི་གོད་འདྲེ་སོགས་དམ་སྲི་སྨྱོ་འདྲེའམ། གནོད་བྱེད་རྒེའི་གང་དགོས་མིང་བསྒྱུར་ལ༔ གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཨོཾ་མ་ཧཱ་བྷ་ལ་ཡ་གནོད་བྱེད་ཆེ་ཨོ་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་བཟླ༔ ལིང་ག་དགྲ་བགེགས་དངོས་སུ་བསམ༔ དེ་ནས་སྐུ་གཟུགས་ལག་ཏུ་བླངས་ལ༔ མ་ཧཱ་བྷ་ལ་དངོས་སུ་བསྐྱེད༔ ཤུགས་ཆེན་མི་ཡིས་བྱིསྦ་མནན་པ་ལྟར༔ མ་ཧཱ་བྷ་ལས་ནམ་ཡང་མི་བཏང་བསམ༔ ཧཱུྃ༔ འདྲེ་སྲིན་གདུག་པ་འདུལ་བའི་ཕྱིར༔ སྟོབས་ཆེན་ཁྲོ་བོའི་སྤྲུལ་པ་སྟེ༔ བ་གླང་སྤྱོད་ལ་དབང་བསྒྱུར་བའི༔ མ་ཧཱ་བ་ལ་བདུད་ཀྱི་བུ༔ སྐུ་མདོག་དུད་ཁ་རི་རབ་ཙམ༔ རྩ་ཞལ་དམར་པོ་གླང་གི་ཞལ༔ གནམ་ལྕགས་མེ་ཡི་རྭ་ཅོ་གཟེངས༔ བར་པ་ཁྲོ་ཞལ་ཀླུ་གདོན་ཟ༔ སྟེང་ཞལ་སྔོན་པོ་སྤྱན་གཅིག་པ༔ དར་སྔོན་འབར་བའི་ཅོད་པན་བཅིངས༔ སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན༔ མཇུག་མ་ཞེ་སྡང་སྦྲུལ་ལྟར་འཁྱུགས༔ ལྟེ་བ་ཟུར་གསུམ་ཧོ་ཁུང་དུ༔ དགྲ་བགེགས་བཀུག་ནས་བྲུབ་པར་བྱེད༔ ཕྱག་གཉིས་གནམ་ལྕགས་ཕུར་པ་ནི༔ འདྲིལ་ཞིང་གནོད་བྱེད་གསོད་པར་བྱེད༔ ལས་ལ་གྲུབ་པའི་མཐུ་བོ་


CMR010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ མིང་དང་གཟུགས་སུ་བྲིས་པ་ཡི༔ གནོད་བྱེད་སྒོ་ཞེས་པ་འདི༔ ཁྱོད་ལ་གཏད་དོ་མ་ཤོར་ཅིག༔ མནན་པ་ཡིན་ནོ་མ་ལྡང་ཞིག༔ མ་ཧཱ་བྷ་ལའི་ཞབས་སུ་མནན༔ སྟོབས་པོ་ཆེ་ཡི་འོག་ཏུ་མནན༔ བྱམས་པ་མ་བྱོན་བར་དུ་མ་ལྡང་ཞིག༔ དེ་ནས་ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས༔ དེ་བར་མ་ཧཱ་བྷ་ལས་མ་བཏང་ཞིག༔ ཨོ་ལཾ་ཧཱུཾ་ལཾ་སྟེ་བྷ་ཡ་ནན༔ ཞེས་མ་ཧཱ་བྷ་ལའི་ཞལ་ལིང་གའི་སྟེང་དུ་ཁ་སྦུབ་ལ་མགོ་ཕྱིར་བསྟན་ལ་བཞག་ནས་མནན༔ འདིའི་སྟེང་དུ་རོ་གཡམ་ལ་རོ་སོལ་གྱིས་རྒྱ་གྲམ་བྲིས་པས་མནན༔ མེ་བླུག་མེ་ཆུ་རླུང་གིས་མནན་ཟེར་ཆུ་བླུགས་ས་རིམ་དགུ་བླུགས་ལ། རྒྱ་གྲམ་དགུ་བྲི་རྟ་བྲོ་བརྡུང་བར་བྱའོ༔ འདི་ནི་གུ་དྲག་ལས་ཚོགས་སུ་གྲགས་པ། མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ཐབས་ཞེས་བྱ་བ་རྙིང་མའི་ལུགས་དང་། ཞལ་བཞི་པའི་ལས་ཚོགས་མ་ཧཱ་བྷ་ལ་བརྟེན་ནས། འདྲེ་མནན་ཐབས་ཞེས་གསར་མའི་ལུགས་གཉིས་དོན་བསྡུས་ཏེ༔ འདོན་ཆ་ཁྱེར་བདེ་བར་ཨ་རཱ་གས་བྲིས་སོ། །མཚམས་དང་སྒྲུབ་པ་ལ་སོགས་ལྟ་ཅི་སྨོས། །ཅུང་ཟད་སྔགས་བཟླས་ཙམ་ཡང་མི་དགོས་པར། །དགྲ་འདྲེ་ཐམས་ཅད་བཙན་ཐབས་མནན་པའི་ཐབས། །འདི་འདྲ་རིན་ཆེན་གསེར་བས་མི་དཀོན་རེ། །ཕལ་གྱི་ཡིག་ཆ་མཐོང་ཡང་ཕྱག་ལེན་བྲལ། །དེ་ཕྱིར་ཕྱག་ལེན་འདི་འདྲ་གསང་བར་བྱ། །འདྲེ་མནན་གཅིག་ཆོག་ཟབ་མོ་ཨི་ཐི་རྒྱ༔ ༈ ཤོག་བུ་གཙང་མར་


CMR010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་སྤྱི་མཚམས་བྲི། །ཡན་ལག་འབྲུ་དགུ་ཕྱི་རོལ་ཛཁྲོ་བསྐོར། །སྙིང་ཁར་ཛ་ཡིག་ཁ་སྤྲོད་གཉིས་ཀྱི་བར། །ཀྲྀ་ཏྲི་ཁུག་གསུམ་བརྩེགས་མར་བྲི་བར་བྱ། །ལྟོ་བའི་ནང་དུ་བསྒྲུབ་ལ་བར་གཅོད་པའི། །དམ་སྲི་སྒབ་འདྲེ་ཤི་གཤེད་གོད་འདྲེ་སོགས། །གདོན་རིགས་གང་གནོད་མིང་མཇུག་ཁུག་ནན་བྲི། །རང་མིང་ལྷ་མིང་དེ་རུ་བྲི་མི་རུང་། །དྲི་མ་སོང་དོགས་མེ་དང་རླུང་ལ་གཡུག །མདུན་དུ་བཞག་ལ་བཀུག་གཞུག་སྤྱི་ལྟར་ལས། །ཆོས་སྐྱོང་འདི་དང་འདི་ཞེས་བསྒྲུབ་པ་ལ། །བར་དུ་གཅོད་པའི་སྒབ་འདྲེ་གང་ཡིན་པ། །ཁུག་ཅིག་ཛ༔ཧཱུྃ་བཾ་ཧོ༔ཞེས་པ་དེ། །བརྒྱའམ་ཉེར་གཅིག་བདུན་སོགས་ནན་ཏན་བྱ།། ༈ དེ་ནས་དམ་སྲི་མནན་ཐབས་ནི། དང་པོ་ལྷ་དེ་ལ་སྒབ་འདྲེ་ཡོད་མེད་ནི། དེ་ལ་སྤྱན་རས་གཟིགས་ཀྱི་རིགས་དང་། གུ་རུ་ཞི་དྲག་དང་རྟ་མགྲིན་རིགས་དང་། སྒྲོལ་མ་དང་། ཕྱག་དྲུག་པ་དང་། བེར་ནག་ཅན་དང་། བཀའ་དགོངས་ཕུར་གསུམ་དང་། བདེ་དགྱེས་གསང་གསུམ་དང་། ཞི་ཁྲོ་ཡང་དག་དེ་རྣམས་ལ་གེལ་དུ་སྒབ་འདྲེ་མེད་དོ། །སྒྲུབ་ཆེན་སྐབས་སུ་སྒབ་འདྲེ་མནན་པ་སྤྱིའི་ཡིན་ལ། ལྷ་དེ་ལ་སྒབ་འདྲེ་ཡོད་པ་མ་ཡིན་ནོ། །ཡང་འཇམ་དབྱངས་དང་གཤིན་རྗེའི་རིགས་དང་དབྱངས་ཅན་མ་དང་དཔལ་ལྡན་ལྷ་མོ་དཔོན་གཡོག་དང་། རྣམ་སྲས་དམ་ཅན་ཕྱག་བཞི་པ་མ་ནིང་ཀད་ཞིང་སྐྱོང་ཕྱག་རྡོར་སོགས། ཕལ་ཆེར་ལ་སྒབ་འདྲེ་ཡོད་པས་སོ། །མནན་ཐབས་སོ་སོའི་གཞུང་ལྟར་བྱའོ། །དེ་ལ་བླ་མ་ཡི་དམ་མན་ཆད་དང་། ཐེའུ་རང་ཡན་ཆད་ཀྱི་ལྷ་གང་བསྒྲུབ་


CMR010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྒབ་འདྲེ་འདི་ནི་མནན་དགོས་པར་གསུངས། འདི་དག་ལ་ལ་ནས་སེང་གདོང་དང་དབང་ཕྱུག་ཆེན་པོ་གཉིས་ཀྱི་སྒབ་འདྲེ་ཡིན་པར་བཤད་ཀྱང་། འདི་ནི་ལྷ་ཐམས་ཅད་གང་བསྒྲུབ་ཀྱང་། སྤྱིའི་སྒབ་འདྲེ་ཡིན་པ་ཨོ་རྒྱན་གྱིས་གསུངས་སོ། །བདག་གིས་སློབ་དཔོན་བརྒྱུད་པའི་ཕྱག་ལེན་ཡང་འདི་མ་མནན་ན་མཚམས་སྒྲུབ་མི་སྲིད་པས། བདག་གིས་བཅུ་གཅིག་དུས་འདི་ཞག་གསུམ་བསྒྲུབས་ནས་མནན་པ་ཡིན་པས་ཕྱག་ལེན་ཅན་ནོ།། ༈ འདི་ལ་རྒྱས་བསྡུས་གཉིས་ཡོད་དེ། རྒྱས་པ་ལ་འཁོར་ལོ་དཔེའུ་བྲིས། བསྡུས་པ་ལ་ལིངྒ་བཞི་མགོ་སྤྲོད་བྲི་སྟེ། བྱིསྦྲ་དང་བུད་མེད་དང་། རི་བོང་མགོ་ཅན་དང་། དོམ་མགོ་ཅན་དང་བཞིའི་སྙིང་ཁར་ཏྲི་དང་ཛ་དང་སོ་སོའི་ལིངྒ་ལ་ཁུག་ཛས་བསྐོར། དེའི་རྒྱབ་ཏུ་སྔགས། ཊ་ཡ་མ་དམ་སྲི་མཱ་ར་ཡ་ཛ་ནན། སོགས་ཀྱིས་བསྐོར། དེ་རྒྱབ་ལིང་གའི་མཐའ་སྐོར་དུ་ཛ་ཁྲམ་གྱིས་བསྐོར་རོ། །བྲུབ་ཁུང་ངམ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་བཞག །བདེན་བདར་དང་བཀུག་གཞུག་བྱས་ཏེ། ༈ མཚམས་དང་སྒྲུབ་པ་ལ་བར་ཆད་བྱེད་པའི་མི་བླ་རྐུན་བྱིསྔའི་གཟུགས་ཕུང་འདྲེ་བསེ་རག་རི་བོང་མགོ །ཟ་ཁ་ལ་གནོད་བསེན་མོའི་གཟུགས། གོད་འདྲེ་གནོད་བྱེད་དོམ་མགོ་ཅན་ལ་སོགས། སྒབ་འདྲེ་གནོད་བྱེད་གང་ཡིན་པ་ཐམས་ཅད་ལིང་ག་འདི་ལ་ཁུག་ཅིག་ཛ༔ཧཱུྃ་བཾ་ཧོ༔ ཞེས་ལན་བདུན་ནམ་དགུ་སོགས་ཀྱིས་བཀུག །རང་ཡི་དམ་གང་རུང་སྒྲུབ་པ་དེ་བསྒོམ་


CMR010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ཡང་ན་ཁྲོ་བོ་སྟོབས་པོ་ཆེའམ་ཕྱག་རྡོར་བསྒོམས་ལ་ཡི་དམ་གང་སྒྲུབ་དེའི་སྔགས་སམ་ཕྱག་རྡོར་རམ། སྟོབས་པོ་ཆེའི་སྔགས་ཤམ་དུ། ཨོ་མི་ལ་ཀུ་རུ། བསེ་རག་ཤན་ཏཱི། གོད་འདྲེ་ཙཀྲ། །བསེན་མོ་རུ་ཏྲི། ཀ་ཡ་ཤན་ཏྲི། གནོད་བྱེད་ནན་ནན། བྷ་སུ་དྷ་ར་དུང་དུང་། འདུས་འདུས། བསྡུས་བསྡུས་བསྡུས་སྭཱ་ཧཱ། ཞེས་བཟླས་ཐུན་གྱིས་བྲབ། ཞག་གསུམ་བསྒྲུབས་ནས་སྒོ་ཐེམ་ཞབས་སུ་མནན། ལིང་ག་བཅུག་སྣོད་ར་རུ་ཡོད་ན་ལེགས། འདི་སྔར་ལན་གཅིག་མནན་ཡང་ལོ་འགའ་སོང་ནས་གོས་ཁ་སོགས་མི་ཤིས་པ་རྣམས་ནམ་བྱུང་མནན་ཝིག་བྱས་ཏེ། ལམ་རྒྱ་གྲམ་མམ་ཟམ་ཞབས་སུ་མནན། རཏྣའི་གཏེར་ཁ་སོགས་མང་པོའི་དོན་བསྡུས་པའོ། །འདིབསེ་རག་འདྲེ་ངན་ཁ་བཅིངས་ན་སྡིག་པ་ཆེ་བར་གསུངས་པས། རྗེས་སུ་ཁོ་ལ་སྙིང་རྗེ་བསྒོམ་ཞིང་སྡིག་སྦྱངས་ཡིག་བརྒྱ་ལྟུང་བཤགས་བརྒྱ་ཕྱག་བྱའོ། །གལ་ཏེ་དེ་ལྟར་བསྒྲུབས་ནས་མནན་པ་མ་འཕྲོད་ན། ལྷ་སྤྱིའི་སྒབ་འདྲེ་རའི་སོག་པའམ་མ་རྙེད་ན་གྲོ་གའམ་ཐོག་གུ་ལ་ལིང་ག་བྱའི་མགོ་ཅན་བྲིས་པའི་སྙིང་ཁར། ཎི་ཛ་ཏྲི་ཛ་ཁུག་ཛ༔ དེའི་མཐར་ཡིག་མགོ་ཕྱི་ལ་བསྟན་ནས། ཡ་མ་དམ་སྲི་མཱ་ར་ཡ་ཛ་ནན་ཡ་མ་དམ་སྲི་ཡཾ་པ་རི་ཁུག་ཛ༔ རྦད་ནན། ཏྲིའུ་ཏྲིའུ་ཤོ་ན་ཛ་ཡཾ་པ་རི་ཁུག་ཛ་ནན། ཞེས་བྲིས་ལ། དེ་རྒྱབ་ལིང་གའི་མཐའ་བསྐོར་དུ་ཛ་ཁྲམ་གྱིས་བསྐོར་རོ། །དེ་ཐོད་པའམ་ལྕགས་སྣོད་


CMR010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞག །ཤོག་གུའམ་གྲོ་བ་ལ་སྟོབས་ཆེན་མ་ཧཱ་པཱ་ལ་སྐུ་མདོག་དུད་ཁ་གླང་གི་མགོ་རྭ་ཅོ་དམར་པོ་སྦྲུལ་མགོ་དགུའི་ལྡེང་ཀ་ཅན། བར་མ་མི་མགོ་སྔོན་པོ་སྦྲུལ་ཟ་བ། དེ་སྟེང་ཁྲོ་རྒྱལ་ཞལ་སྔོན་པོ་སྤྱན་གཅིག་པ། དབུ་སྐྲ་དར་སྔོན་པོས་བཅིང་བ། ཕྱག་གཉིས་ཀྱིས་ཐུགས་ཀར་ཕུར་པ་འདྲིལ་བ། ལྟེ་བ་ནང་ཟུར་གསུམ་ཧོམ་ཁུང་ནང་དུ་ནི་ཏྲི་ཛ་མགོ་ཐུར་བསྟན་ལ་ཚད་པ། སྐུ་སྨད་སྦྲུལ་དུ་འཁྱིལ་བ་བྲིས། དེའི་རྒྱབ་ཏུ་སྔགས་འདི་ཐུར་དུ་ཐོ་བརྩེགས་སུ་བྲིས། ཨོ་ཤ་མ་ར་ན་པྲ་མ་ཤག་དུན་ཧཱུཾ་ཧཱུཾ། ནན་དུལ་དུལ་ནན་ཆད་སོད། སྙིང་ལ་མཱ་ར་ཡ་སོད། ཅེས་བྲིས་མདུན་དུ་བཞག་།གཏོར་ཆུང་གཅིག་བཤམས་ལ། ནུབ་བ་ལང་སྤྱོད་ནས་བྲིས་པ་དེ་འདྲ་མང་པོ་ཡིད་ཀྱིས་སྤྱན་དྲངས་ལ་བསྟིམ། ཨོཾ་མ་ཧཱ་བཱ་ལ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ མ་ཧཱ་བཱ་ལ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྟོད་པ་ནི། ཧཱུྃ༔ འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། ལས་ཀྱི་མཐུ་ལས་གྲུབ་པ་བདུད་ཀྱི་བུ༔ བ་གླང་སྤྱོད་སོགས་གླིང་ལ་དབང་བསྒྱུར་བའི༔ སྟོབས་ཆེན་མ་ཧཱ་བྷ་ལ་ཁྱོད་ལ་བསྟོད༔ སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ༔ ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན༔ སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཡེ་དྷརྨཱས་རབ་གནས་བྱའོ། །དེ་ནས་དམ་སྲིའི་ལིང་ག་མདུན་དུ་བཞག་ལ་རང་ཡི་དམ་གང་རུང་


CMR010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། བདེན་བདར་བྱས་རྗེས་རང་གི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏོར་ཁ་བསྟན་ཚད་ཀྱི་མཚན་བརྗོད་ལ། འདི་རྣམས་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དམ་སྲི་སྒབ་འདྲེ་གང་ཡོད་པ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་མམ་བདུན། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་ལིང་ག་འདི་ལ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་བརྗོད་ནས་སྒྲུབ་ཁང་ཐེམ་པའི་འོག་གམ། སྦྲ་དང་གུར་ཡང་སྒོ་རྩ་ན་གོམ་པ་བདུན་གྱི་སོར་དོང་གྲུ་གསུམ་བྲུས་པར་བཅུག ། དེའི་སྟེང་དུ་མ་ཧཱ་བཱ་ལའི་སྐུ་མགོ་ཕྱིར་བསྟན་ཁ་སྦུབ་པས་བཀབ་བོ། །གོང་འོག་གི་མནན་པ་གཉིས་གང་བྱེད་ཀྱང་ཁྲག་གམ་སྣ་ཚ་ལ་དུག་ཁྲག་བཏབ་པས་བྲི་ཞིང་རང་གི་དྲི་མ་ཁ་རླངས་མ་ཤོར་བ་དང་། བཀུག་གཞུག་ཚར་ནས་ཚོན་སྐུད་སྣ་ལྔའམ་ར་སྤུ་ཁྱི་སྤུའི་སྐུད་པས་རྒྱ་གྲམ་དུ་བཅིང་དོང་ནང་བཙུག་ཚར་ནས་བཀུག་གཞུག་ལན་གསུམ་བྱ། དེ་སྟེང་རོ་རྡོའམ་མ་རྙེད་ཀྱང་རྡོ་ལེབ་འོག་ཏུ་རྒྱ་གྲམ་དང་སྟེང་དུ་རི་རབ་གླིང་བཞི་བྲིས་པས་མནན། ས་རིམ་པ་དགུ་ལ་རྒྱ་གྲམ་རེ་བྲི་ཞིང་བཀབ། དེ་སྟེང་མེ་ཁྲོལ་བླུག་ཆུ་བླུག །དམ་སྲི་སྒབ་འདྲེ་ཁྱོད་ཀྱི་ཕྱི་རབ་ཀྱི་སྟོན་པ་བྱམས་པ་མགོན་པོ་མ་བྱོན་གྱི་བར་དུ་མ་ལྡང་ཞིག་བྲུབ་ཅིག་ནོན་ཞིག །ཨོཾ་ལཾ་ཧཱུཾ་ལཾ་སྟ་བྷ་ཡ་ནན།


CMR010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་བྱོན་དུས་ལོང་ལ་ཆོས་ཉོན་ཅིག །བརྗོད་རྟ་བྲོ་ཤེས་ན་རང་རང་ལྟར་བརྡུང་། མ་ཤེས་ན་རྐང་པས་རྒྱ་གྲམ་བཅག་གོ་།དེ་བཞིན་རྙིང་མའི་སྒྲུབ་པ་སྤྱིའི་དམ་སྲི་མནན་པ་དང་། གསར་མའི་གཉན་ལོཙྪབའི་གདམས་པ་མ་ཧཱ་བཱ་ལའི་གདམས་པ་སྔགས་བཟླ་མི་དགོས་པར་འདྲེ་བཙན་ཐབས་སུ་མནན་པའི་གདམས་ངག་གཉིས་ཁོ་བོས་གབ་སྤྲད། ལག་ཏུ་བླང་བདེར་བྱས་པས་ཁུངས་བཙུན་ལས་སླ་ཞིང་ཟབ་པའི་གདམས་པ་ལགས་སོ། །༧ རཱ་ག་ཨ་མྱས་སྦྱར་བའོ། །མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་ལས་ཚོགས་ལས་མ་ཧཱ་བྷ་ལའི་སྒོ་ནས་དགྲ་སྲི་མནན་ལུགས།next