Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོའི་བསྔོ་བ།
   
   
   
   


 
previousདྲག་པོའི་བསྔོ་བ།next

དྲག་པོའི་བསྔོ་བ།


CMR010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་བསྔོ་བ་ནི། ན་མོ་ཤི་ཧེ་རུ་ཀ་ཡ། གདོན་བགེགས་འདུལ་བའི་ཁྱད་དུ་དྲག་ལས་རྟགས་ཐོན་པ་བྱས་ནས་མནན་བསྲེགས་འཕང་གསུམ་མཐའ་སྡུད་དང་། ལྷ་ལ་གཏང་རག་གི་མཆོད་པ་ཕུལ་ནས། སེམས་སྟོང་ཉིད་ཀྱི་ལྟ་བ་གཤིས་ལ་མ་ཤོར་བའི་ངང་ནས་མདུན་གྱི་ཕྱོགས་ནམ་མཁར་བླ་མ་ཡི་དམ་གཏོར་མགྲོན་མང་པོ་བཞུགས་ནས་མཐུན་གྱུར་བྱེད་པར་བསྒོམས་ལ། ཐལ་མོ་སྦྱར་ནས་སེམས་རྩེ་གཅིག་པས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ནང་དུ་བྱམས་སྙིང་རྗེ་ཆེན་པོའི་ཀུན་ནས་བསླང་སྟེ། བསྐྱེད་རིམ་གྱི་ང་རྒྱལ་དང་ཞེ་སྡང་དྲག་པོས་ཕྱི་རོལ་རྩུབ་འགྱུར་གྱི་དམིགས་སྔགས་དང་བཅས་པས་གཟིར་ཞིང་། དྲག་པོའི་ཐུན་དང་མཚོན་དང་ཕུར་བུ་འདེབས་པ་ལ་སོགས་པའི་སྒོ་ནས་གདུག་པ་ཅན་ཚར་བཅད་པའི་དགེ་བའི་རྩ་བ་འདི་ཉིད་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་ཡོངས་སུ་བསྔོ་བར་མཛད་དུ་གསོལ། །བདག་གིས་སྦྱོར་དངོས་རྗེས་གསུམ་དྲག་པོའི་ལས་བགྱིས་པ་འདི་ཉིད་བཅོམ་ལྡན་འདས་དབང་དྲག་པདྨའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡི་དམ་ཁྲོ་བོ་བཅུ་སོགས་ཧེ་རུ་ཀ་ཡི་དཀྱིལ་འཁོར་


CMR010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་རྒྱ་ཆེན་པོར་གྱུར་ནས་སྐུ་གསུང་ཐུགས་ཡོངས་སུ་བསྐང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེས་བདག་ཅག་དཔོན་སློབ་བརྒྱུད་པ་བཅུ་བདུན་ཚུན་ཆད་ཅེས་སོ། །ཡོན་མཆོད་བསྲུང་བྱ། ཞེས་སོགས་སྐབས་སུ་གང་བབ་སྦྱར་ལ། ཐམས་ཅད་ལ་གནོད་བྱེད་དགྲ་བགེགས། རྒེ་མོའི་ནད་དང་གནོད་པ་རྗེས་འབྲང་མགོ་གཡོག་བསླུ་བྲིད་འགྱུ་ལོག་འཕར་ལྡང་མི་འབྱུང་བར་གྱུར་ཅིག །གདོན་རིགས་ཐམས་ཅད་ཀྱི་དོ་བསྡོ་བ་དང་གནོད་པ་ཐམས་ཅད་ནམ་ཡང་མི་ཚུགས་པར་གྱུར་ཅིག །གདོན་བགེགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྲན་དུ་ཁོལ་བ་པདྨ་འབྱུང་གནས་ལྟ་བུར་གྱུར་ཅིག །ཕོ་གདོན་རྒྱལ་འགོང་དམ་སྲི་གང་གིས་ཀྱང་མི་ཚུགས་ཤིང་མི་གནོད་པ་དྲག་པོ་རྡོ་རྗེ་ཐོད་ཕྲེང་རྩལ་ལྟ་བུར་གྱུར་ཅིག །མོ་གདོན་མ་མོ་དང་བསེན་མོ་གང་གིས་ཀྱང་མི་ཚུགས་པ་དཔལ་རྟ་མགྲིན་ལྟ་བུར་གྱུར་ཅིག ། ཀླུ་གདོན་དང་ས་བདག་གང་གིས་ཀྱང་མི་ཚུགས་ཤིང་ཟིལ་གྱིས་གནོན་པའི་ཁྱུང་ཆེན་འབར་བ་ལྟ་བུར་གྱུར་ཅིག །གཟའ་དང་རྒྱུ་སྐར་གང་གིས་ཀྱང་མི་ཚུགས་ཤིང་ཟིལ་གྱིས་གནོན་པ་


CMR010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག །གཤིན་རྗེའི་ཕོ་ཉ་དང་དུས་མ་ཡིན་པའི་འཆི་བ་གང་གིས་ཀྱང་མི་ཚུགས་ཤིང་ཟིལ་གྱིས་གནོན་པ་ཁྲོ་བོ་ཡ་མཱནྟ་ཀ་ལྟ་བུར་གྱུར་ཅིག །གྲིབ་དང་མི་གཙང་བ་གང་གིས་ཀྱང་མི་ཚུགས་པ་ཁྲོ་བོ་སྨེ་བ་བརྩེགས་པ་ལྟ་བུར་གྱུར་ཅིག །བྱད་ཁ་རྒོད་གཏོང་གང་གིས་ཀྱང་མི་ཚུགས་པ་ཌཀྐི་སེང་ཧ་མུ་ཁ་ལྟ་བུར་གྱུར་ཅིག །བན་བོན་མུ་སྟེགས་ཀྱི་བསམ་སྦྱོར་ངན་པ་གང་གིས་ཀྱང་མི་ཚུགས་པ་ཁྲོ་ཆུ་དུག་གདོང་ལྟ་བུར་གྱུར་ཅིག །དགྲ་ཇག་མི་ཁ་གང་གིས་ཀྱང་མི་ཚུགས་པ་འཇམ་དཔལ་གཤིན་རྗེ་ཀིང་ཀང་ལྟ་བུར་གྱུར་ཅིག །རིམས་ནད་དལ་ཡམས་གང་གིས་ཀྱང་མི་ཚུགས་པ་རི་ཁྲོད་ལོ་མ་ཅན་ལྟ་བུར་གྱུར་ཅིག །ཕྱོགས་བཅུའི་གདོན་རིགས་གང་གིས་ཀྱང་མི་ཚུགས་པ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ལྟ་བུར་གྱུར་ཅིག །བསྟན་དགྲ་ལོག་འདྲེན་གང་གིས་ཀྱང་མི་ཚུགས་ཤིང་ཚར་གཅོད་པའི་མཐུ་དང་ལྡན་པ་མ་མགོན་ལྕམ་དྲལ་ལྟ་བུར་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་དམ་སྲི་གང་གིས་ཀྱང་འགྱུ་ལོག་འཕར་ལྡང་མི་འབྱུང་བ་དྲང་སྲོང་ལོག་ཏྲི་པ་ལྟ་བུར་གྱུར་ཅིག །བདག་དང་སློབ་མ་བརྒྱུད་པར་བཅས་པ་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་


CMR010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་སྐྱེས་བར་དུ་བདུད་དང་དམ་སྲི་གང་གིས་ཀྱང་གནོད་པས་མི་ཚུགས་པར་གྱུར་ཅིག །ཞིང་དེར་སྐྱེས་ནས་བར་ཆད་མེད་པར་ས་བཅུ་ཐོབ་པར་གྱུར་ཅིག །ས་བཅུ་ཐོབ་པའི་ཚེ་བདག་གིས་གང་འདུལ་སྤྲུལ་པ་སྣ་ཚོགས་སྤྲུལ་ཏེ། ད་ལྟ་དྲག་པོའི་ལས་ཀྱི་འབྲེལ་བ་བཞག་པའི་གདོན་བགེགས་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན་པར་གྱུར་ཅིག །དེར་སྐྱེས་ནས་ཀྱང་རིམ་གྱིས་བྱང་ཆུབ་ལམ་ལ་འགོད་པར་གྱུར་ཅིག །མདོར་ན་བདག་གིས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདག་ཉིད་མཐོང་བ་དང་མོས་པ་དང་རེག་པ་དང་། བདག་གིས་མིང་བརྗོད་པའི་སྒྲ་དང་། དྲི་ཆུ་གོས་དུམ་དང་མིང་ཙམ་ཡང་འཆང་བ་ཐམས་ཅད་ཀྱང་གདོན་གྱི་རིགས་ཀྱིས་མི་ཚུགས་པར་གྱུར་ཅིག༔ གདོན་གྱིས་བཏབ་པའི་ནད་ཐམས་ཅད་ཀྱང་མྱུར་བ་ཉིད་དུ་ཞི་བར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།། མཐུན་པ་གྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱིས་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་


CMR010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཤིང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་པ་འདི་ནི་སློབ་བུ་པདྨ་རིག་འཛིན་གྱིས་གདོན་བགེགས་ཐུལ་བའི་རྟགས་ཐོན་པའི་དུས་འདོན་རྒྱུར་བྲིས་པ་སྟེ། དྲག་ལས་བྱེད་མཁན་ཀུན་ལ་གལ་ཆེ་བར་ཡོད་དོ། །ཞེས་པ་འདི་༧རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །ཞལ་དྲོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདྲག་པོའི་བསྔོ་བ།next