Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་གཅིག་ཏུ་བསྡོམས་པ།
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་གཅིག་ཏུ་བསྡོམས་པ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་གཅིག་ཏུ་བསྡོམས་པ།


CMR010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་གཅིག་ཏུ་བསྡོམས་པ་ཡོད༔


CMR010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དེ་བ་ཌཱཀི་ནི་ཧཱུྃ༔ བླ་མ་དྲག་པོའི་དབང་བསྐུར་ནི༔ གང་བྱེད་སྒྲུབ་ཐབས་ལྟར་དུ་བསྒྲུབ༔ གཅིག་ཏུ་བསྡུ་ན་གསུམ་ཀ་བསྒྲུབ༔ རང་ཉིད་གུ་རུ་དྲག་པོ་ནི༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་སྡིག་པ༔ གནས་ལྔར་གོ་ཆ་ལྷ་ལྔ་དང་༔ སྤྱི་བོར་ཁྱུང་དང་རིགས་ཀྱི་བདག༔ གཡོན་ནས་ཡུམ་ཆེན་དམར་མོ་འཁྱུད༔ པད་ཉི་དགྲ་བགེགས་གདན་ལ་བཞུགས༔ ཡབ་ཡུམ་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཔག་མེད་འཕྲོས་ནས་ནི༔ དོན་གཉིས་བྱས་ཏེ་ཡེ་ཤེས་པ༔ སྤྱན་དྲངས་ཐིམ་ཞིང་དབང་བསྐུར་


CMR010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཨཱཧཱུྃ་ཕཊ༔ མདུན་བསྐྱེད་གུ་རུ་དྲག་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿ༔ གཡས་པས་རྡོ་རྗེ་གཡོན་སྡིག་པ༔ ཁྲོ་བོའི་ཆས་རྣམས་མ་ལུས་རྫོགས༔ གནས་ལྔར་ཐོད་ཕྲེང་སྡེ་ལྔ་ཡི༔ ཐུགས་ཀར་གོ་ཆ་ལྷ་ལྔ་གསལ༔ སྤྱི་གཙུག་རིགས་བདག་གཤོག་རྩེར་ཁྱུང་༔ གཡོན་ནས་ཡུམ་མཆོག་དམར་སེར་འཁྱུད༔ ཕྱོགས་བཞི་རིགས་བཞི་དྲག་པོ་རྩལ་ཕྱོགས་མཚམས་སྟེང་འོག་ཁྲོ་བོ་བཅུ༔ ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི༔ ཕྱག་ན་རྡོ་རྗེའི་ཐུགས་ཀ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་དང་


CMR010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན༔ དེ་ཡི་དབུས་སུ་ཧཱུྃ་དམར་ལ༔ རྩ་སྔགས་ཀྱིས་ནི་གཡས་སུ་བསྐོར༔ གཞན་ཡང་འཁོར་གྱི་ས་བོན་དང་༔ ཧཱུྃ་དམར་ལས་ནི་འོད་ཟེར་འཕྲོས༔ བསྐྱེད་པ་དེ་ལྟར་རང་གནས་ནས༔ སྤྱན་དྲངས་ཐིམ་ནས་དབང་བསྐུར་གྱུར༔ མཆོད་འབུལ་ཕྱག་འཚལ་བསྟོད་པར་བགྱི༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཨ་ཕཊ༔ བཛྲ་ཧཱུྃ༔ ཡཀཱ་ཧཱུྃ༔ རཀྵ་ཧཱུྃ༔ བུམ་ལྷ་གུ་རུ་དྲག་པོ་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་བཞི་གྲི་ཐོད་རྡོར་སྡིག་འཛིན༔ ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་བཞི་པད་ཉིར་བགྲད་དེ་བཞུགས༔ སྤྱི་བོར་ཨུ་རྒྱན་པདྨ་བསམ༔ གནས་ལྔར་གོ་ཆ་ལྷ་ལྔ་བསྐྱེད༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་ཀུན༔ བསྡུས་ནས་བུམ་པའི་ཆུ་ལ་ཐིམ༔ ཨོཾ་ཨཱཧཱུྃ་ཨརྩིག་ནེ༔ རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཕཊ༔ གཏོར་མ་སྐད་ཅིག་གུ་རུ་དྲག་པོའི་སྐུ༔ ཞལ་གསུམ་ཕྱག་དྲུག་གཡས་ཞལ་དཀར་པོ་སྟེ༔ གཡོན་ཞལ་སྔོན་པོ་དང་པོ་གཉིས༔ གྲི་གུག་ཐོད་ཁྲག་དེ་ཡི་འོག༔ རྡོ་རྗེ་སྡིག་པ་དེ་འོག་གཉིས༔ རལ་གྲི་ཁ་ཊཾ་འཛིན་པ་སྟེ༔ སྐུ་མདོག་དམར་པོ་མེ་དཔུང་འབར༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་


CMR010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བགྲང༔ གནས་ལྔར་པད་འབྱུང་རིགས་ལྔ་བཞུགས༔ གཡོན་ན་ཡུམ་མཆོག་སྔོན་མོ་འཁྱུད༔ དེ་ཡི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་ནས་སྤྱན་དྲངས་གྱུར༔ ཨོཾ་ཨཱཿཧཱུྃ་ཧི༔ ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྵ་ཧཱུྃ༔ བདག་མདུན་བུམ་པ་གཏོར་མ་ལ༔ དེ་ལྟར་དབང་བསྙེན་ཅི་འགྲུབ་བརྗོད༔ ཨོཾ་ཨཱཧཱུྃ་གུ་རུ་ཀྲོ་དྷ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་བ་ལི་ཏ་རཀྟ་ཁཱ་ཧི༔ ཨགྷཾ་སོགས། ཧཱུྃ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེས་རྒྱལ་བསེན་འཇོམས༔ དམར་ནག་མེ་ཕྲེང་སྤྱན་གསུམ་སྡང་མིག་བགྲད༔ རྒྱལ་བསེན་སྟེང་དུ་ཞབས་གཉིས་གྱད་ལྟར་བགྲད༔ གུར་དྲག་སྡིག་པ་འཛིན་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འཚོགས་ནས་ཁྲུས་བྱས་མཎྜལ་ཕུལ་ནས༔ འོ་ན་ད་ལམ་དབང་འདིའི་ལོ་རྒྱུས་ཟུར་ཙམ་ཞུ་ན༔ འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་རིགས་ལྔའི་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་ཞུས་པའི་ངོར༔ ཀུན་ཏུ་བཟང་པོས་འོད་དཔག་མེད་ལ་བཀས་བསྐུལ་ཏེ་གུ་རུ་དྲག་པོའི་


CMR010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འོད་ཟེར་འབྱུང་གནས་དང་༔ དྲེགས་པའི་སྙིང་འབྱིན་ལ་སོགས་པ་གསུངས་སོ༔ དེའི་ཚེ་ན་ལྷ་མ་སྲིན༔ མི་མ་ཡིན་པ་ཐམས་ཅད་འཁྲུགས༔ སྡེ་བརྒྱད་རླུང་ལྟར་འཚུབ༔ མི་མ་ཡིན་གློག་ལྟར་འཁྲུགས་པའི་ཚེ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སློབ་དཔོན་པདྨའི་དྲུང་དུ་བྱུང་ནས༔ དུས་མཐའི་སྡེ་བརྒྱད་གདུག་རྩུབ་འདུལ་བྱེད་པ༔ པདྨ་དྲག་པོའི་རྫུ་འཕྲུལ་བསྟན་དུ་གསོལ༔ ཞེས་ཞུས་པ་དང་༔ གུ་རུ་པདྨ་ཁྲོས་པའི་སྐུར་བསྟན་ཏེ༔ ཧཱུྃ༔ དབང་ཆེན་གྱི་ང་རོས་བཀའ་བསྩལ་པས་སྡེ་བརྒྱད་བརྒྱལ་ལོ༔ བརྒྱལ་སངས་ཏེ༔ ས་མ་ཡ་ཧཱུྃ་ཕཊ་ཅེས་དམ་ལ་བཏགས་ནས༔ སངས་རྒྱས་འདུས་པའི་ཁྲོ་བོ་ལས༔ ནུས་པ་ཆེ་བ་གཞན་གར་ཡོད༔ བདེ་གཤེགས་ཀུན་གྱི་རྩལ་བསྡུས་པས༔ མཐུ་སྟོབས་མི་ཆེ་ཀ་མེད་ཡིན༔ སྡེ་བརྒྱད་ཀྱི་སྙིང་འདོད༔ ཤ་ཁྲག་འདོད༔ ཙིག་གཏུམ་ཞེས་པས་སྡེ་བརྒྱད་ཐམས་ཅད་ཀྱི་ཙིཏྟ་ཐང་ལ་བྲུལ་ནས་སླར་བརྒྱལ་ལོ༔ ཡང་སོས་ནས་གདུག་པའི་སྡེ་བརྒྱད་མི་མ་ཡིན༔ ངས་ཟས་སུ་ཕོ་འདྲེའི་ཤ་ལ་བྲཱ༔ སྐོམ་དུ་མོ་འདྲེའི་ཁྲག་ལ་འཐུང་༔ ལས་སུ་མ་ནིང་རུ་ཏྲ་བསྒྲལ༔ ཙིག་ཧཱུཾ་ཞེས་


CMR010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡེ་བརྒྱད་འགལ་བྱེད་ཀྱི་ཙིཏྟ་གསོལ་ཏེ་ཤ་རུས་ཀྱི་ཕུང་པོ་སྡིག་པའི་ཟས་སུ་བསྟབས་ནས༔ ཉིན་མཚན་དུ་སྡེ་བརྒྱད་གྲངས་མེད་པ་བསྒྲལ་ནས་གསོལ་བས༔ སླར་སྡེ་བརྒྱད་སྐྱབས་སུ་གསོལ་ནས་ཉིན་མཚན་རེ་ལ་སྡེ་བརྒྱད་གསུམ་གསུམ་གྱི་ཤ་ཁྲག་ཚོགས་སུ་ཕུལ་ནས་གཞན་མི་བསད་པར་ཞུས་སོ༔ སྡེ་བརྒྱད་ཀྱི་ཤ་ཁྲག་སྤྱོད་དུས་སྡེ་བརྒྱད་འཚོགས་ཤོ་བརྒྱན་བྱས་ཏེ༔ སྡེ་བརྒྱད་གཞན་གྱིས་མི་གསོད་པའི་དབང་མེད་པར་བསད་ཅིང་ཁྲག་འཐུང་གཙོ་འཁོར་གྱི་ཟས་སུ་སྤྲད་དོ༔ སྡེ་བརྒྱད་དམ་ལ་སུ་འགལ་དེ་གྲངས་མེད་སྡིག་པས་གསོན་ཟས་བྱེད་པས་སྡེ་བརྒྱུད་འཚོགས་ཤིང་ཤོ་རྒྱབ་བྱེད་པ་དང་༔ ཉེས་པ་ཡོད་པའི་སྡེ་བརྒྱུད་བཀའ་ལས་འགལ་བ་དེ་ཟས་སུ་སྤྱོད་དུས་སུ་སྐྱབས་མགོན་མ་རྙེད་ནས་མྱོས་ནས་ཀུ་ཅོ་ལྷང་ལྷང་འདོན་ཏེ༔ དབང་མེད་དུ་སྡེ་བརྒྱད་ཟླ་འོས་ཁྲིད་ནས་ཡཀཱ་མེ་དབལ་ལ་སྤྱད་ཅིང་ཊཀི་རཱ་ཛས་བཟུང་སྟེ་ཁྲག་འཐུང་གཙོ་འཁོར་གྱི་ཚོགས་འཁོར་བྱེད་དོ༔ དུས་གཉན་བཞི་ལ་སྡེ་བརྒྱད་འཚོགས་ཏེ་དབང་དྲག་གིས་སྡེ་བརྒྱད་རྣམས་ལ་ཉེས་པ་སུ་ལ་འདུག༔ སེམས་ཅན་ལ་གནོད་པ་སུས་བྱས༔ རྣལ་འབྱོར་པ་ལ་བར་ཆད་སུས་བྱས༔ དམ་


CMR010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་འགལ༔ བཀའ་ལས་སུ་འདའ་རྣམས་ལྟ་ཞིང་༔ རྩིས་མགོ་ལ་མཁས་པ་འཇམ་དཔལ་གྱི་རྡེའུ་འགྲ༔ སྨྲ་བརྗོད་ལ་གཙོ་བོ་རྟ་མགྲིན་གྱིས་ཤགས་འདེབས༔ མཐུ་སྟོབས་ལ་གཙོ་བོ་ཕྱག་ན་རྡོ་རྗེས་ཆད་པ་གཅོད་དེ༔ བསྟན་པ་ལ་གནོད་པ་ཐམས་ཅད་གསོན་སྲེག་བྱེད་དེ༔ ཆོས་ལ་བར་དུ་གཅོད་པ་སྡིག་པས་གསོན་ཟས་བྱེད༔ རྣལ་འབྱོར་པ་ལ་བར་དུ་གཅོད་པ་ཐམས་ཅད་འཁོར་ལོས་གཏུབས༔ མཚོན་ཆས་གསོད༔ སྡིག་པས་ཟ་ཞིང་སེམས་ཅན་ལ་གནོད་པ་ཐམས་ཅད་སྡིག་པས་བཟུང་གསོད་བྱེད་པ་ལ་དེ་ནས་སྡེ་བརྒྱུད་ཐམས་ཅད་འདུས་ཏེ་བཀའ་ལས་མི་འདའ་བའི་དམ་བཅའ་བྱས༔ དམ་ལས་མི་འགལ་བའི་བྲོ་བོར༔ ཆོས་སྒྲུབ་པ་ལ་བར་ཆད་མི་བྱེད་པར་ཁས་བླངས༔ རྣལ་འབྱོར་གྱི་བྲན་དུ་བྱས༔ སེམས་ཅན་ལ་མི་གནོད་པའི་ཁྲིམས་བྱས་ནས་ཚེས་བཅུ་ལ་གུ་རུ་དྲག་པོའི་དྲུང་དུ་ཆོས་ཞུ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས༔ སེམས་ཅན་དོན་དུ་ལྷ་སྲིན་བཅོམ༔ སྡེ་བརྒྱད་ཁྱེད་རྣམས་སྙིང་རེ་རྗེ༔ རྗེས་སུ་བཟུང་བས་འདྲེ་ཡིན་ཡང་༔ མཐར་ཐུག་བདེ་བ་ཆེན་པོའི་སྐུ༔ གཉིས་མེད་ངང་དུ་སངས་རྒྱའོ༔ ཞེས་དྲག་པོ་ཁྲག་འཐུང་


CMR010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་རྒྱུད་ལས་གསུངས༔ གུར་དྲག་འདིའི་རིགས་ལ་གཏེར་ཁ་མང་དུ་ཡོད་ཀྱང་༔ ད་རེས་འདི་ནི་གནམ་ཆོས་སྙན་བརྒྱུད་ཡིན་ཏེ༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་ལ་ལ་ནི་སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་༔ རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་༔ ཞེས་གསུངས་པ་ལྟར་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ཞེས་གཏེར་ཁ་དུ་མ་ནས་ལུང་བསྟན་པ་དེ་ཉིད་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ནང་དུ་ནམ་མཁའི་དཀྱིལ་ནས་གུ་རུ་དྲག་པོ་ཡང་ཡང་ཞལ་གཟིགས་ནས༔ འདིའི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དངོས་སུ་གནང་ནས་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པའོ༔ སྤྱིར་གུར་དྲག་འདི་ལྷ་གཞན་ལས་བྱིན་རླབས་ཆེ་ཞིང་འགྲུབ་ཐག་ཉེ་བ་སྟེ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ དངོས་གྲུབ་གཞན་ལས་འདི་དག་ཆེ༔ འགྲུབ་ཐག་གཞན་ལས་མྱུར་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཞག་བདུན་འགྲུབ་འགྱུར་ཐེ་ཚོམ་མེད༔ ཅེས་དང་༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ཁྲི་ཕྲག་གཅིག་གིས་སྡེ་


CMR010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཐུལ༔ སྟོང་ཕྲག་གཅིག་གིས་དམ་སྲི་ཆོམ༔ བརྒྱ་ཕྲག་གཅིག་གིས་རྒྱལ་བསེན་ཆུན༔ མཆོག་ལ་འབུམ་ལས་མི་དགོས་སོ༔ འབུམ་ཕྲག་ཉི་ཤུ་སོང་བའི་མི་རྟོགས་ལྡན་རྣལ་འབྱོར་དབང་ཕྱུག་ཡིན༔ ལྷ་སྲིན་སྡེ་བརྒྱད་དེ་ལ་སྐྱོབ༔ སྲ་བའི་གོ་གྱོན་བཙན་མཁར་ཟིན༔ དད་ཅན་རྒྱུན་ཁྱེར་ཉམས་ལེན་སྲིད༔ དེ་ལས་བསྒྲུབ་པར་མ་གསུངས་སོ༔ འོན་ཀྱང་དངོས་གྲུབ་དེ་ནས་ཀྱང་༔ མཆོག་དང་ཐུན་མོང་སྦག་མ་ཡིན༔ ཉིད་ལས་མི་ཞན་རྣལ་འབྱོར་ཐོབ༔ ཅེས་གསུངས་པ་དང་༔ གུ་རུ་དྲག་པོའི་པྲ་ཁྲིད་ཨུ་རྒྱན་ཉིད་ཀྱིས་གསུངས་པ་ལས༔ རྒྱུན་དུ་བཟླས་པས་སྒྲིབ་བྱང་ནས༔ བླ་མ་ཉིད་དང་འདུ་འབྲལ་མེད༔ དུས་གསུམ་རྒྱལ་བ་སྤྲིན་ལྟར་འདུ༔ མ་ཚོགས་མཁའ་འགྲོས་བསྒོ་བ་ཉན༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འབྲོས་ལྷ་སྲིན་སྡེ་བརྒྱད་བྲན་གཡོག་བྱེད༔ དེ་བས་དམ་ཅན་རྒྱ་མཚོའི་ཚོགས༔ ལུང་སྟོན་ཆོས་འཆད་ལེགས་ཉེས་ས༔ འདྲེ་གདོན་ཀུན་ལ་སྤྲིང་ཡིག་ཐེངས༔ དགྲ་བགེགས་གཉིས་ལ་ཁྲོས་པས་སྒྲོལ༔ ལོག་པར་ལྟ་བ་དྲན་པས་འདུལ༔ འདི་ལས་དངོས་གྲུབ་བརྗོད་མི་ལང་༔ ཕྱི་མ་ཨུ་རྒྱན་ཡུལ་དུ་སྐྱེ༔ གུ་


CMR010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཡབ་ཡུམ་བུ་བཞིན་སྐྱོབ༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ དངོས་གྲུབ་སྤྲིན་དུ་འཐོབ་པར་འགྱུར༔ འདི་ལས་ཟབ་པ་ཡོད་རེ་ཀན༔ དགྲ་ལ་རྣོ་ཞིང་བགེགས་ལ་མྱུར༔ སྒྲུབ་ཐག་ཉེ་ཞིང་དམ་ཚིག་སླ༔ རྫས་ཉུང་མཐུ་ཆེ་ཡོན་ཏན་མང་༔ འདི་དང་ལྡན་པའི་རྣལ་འབྱོར་ལ༔ ལྷ་སྲིན་རྣམས་ཀྱིས་སྲོག་སྙིང་ཕུལ༔ འགྲོ་བ་མི་རྣམས་དབང་དུ་གྱུར༔ བསོད་ནམས་ཆེ་ཞིང་བཀྲ་ཤིས་ཕྱུག༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ གཞན་ཡང་ཐུགས་སྒྲུབ་འདི་དག་ནི༔ འགྲུབ་རྟགས་ཐེའུ་རང་ལས་མྱུར་སྟོབས་ནི་ཧེ་རུ་ཀ་ལས་ཆེ༔ སྒྲུབ་ཐག་ཉེ་ཕྱིར་སྔགས་ཁྲིས་འགྲུབ༔ སྟོབས་ཆེ་ཕྱིར་ན་ཡ་ཀི་ཡི༔ ཀུན་བཟང་ཡབ་ཡུམ་མན་ཆད་ཐུལ༔ རྣོ་ཚད་ཕྱིར་ན་མ་ཀི་ཡི༔ གྲོང་རྒྱུན་ཐེའུ་རང་གཅིག་ལའང་ཕེབས༔ ཟབ་དང་མི་ཟབ་འགྲན་ཟླ་མེད༔ འདི་ཡི་ཐུན་མོང་དངོས་གྲུབ་ནི༔ བན་དེས་འདྲེ་རྡུང་བྱས་གྱུར་ཀྱང་༔ ཕྱི་མ་ཕྱག་རྒྱ་ཆེན་པོ་བརྙེས༔ འདི་འདྲའི་སྒྲུབ་པ་གཞན་ན་མེད༔ ཡོད་པ་ཨེ་འདུག་ལྟོས་ལ་གྱིས༔ འགྲུབ་མྱུར་སྟོབས་ཆེ་འདི་འདྲ་དཀོན༔ ལས་སླ་དོན་ཆེ་འདི་འདྲ་དཀོ༔ རུ་ང་ཁུང་མེད་འདི་འདྲ་དཀོན༔


CMR010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འགྲུབ་མཐུ་ཡོད་འདི་འདྲ་དཀོན༔ ཐུན་མོང་ལས་མེད་མཆོག་འགྲུབ་པའི༔ མཆོག་ཐུན་སྦྲག་མའི་སྒྲུབ་སྡེ་ནི༔ རྣལ་འབྱོར་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ སྔགས་འཆང་འདོད་ཁ་ཅན་གྱིས་ཉམས་སུ་ལོངས༔ བྱང་སེམས་འགྲོ་དོན་ཅན་གྱིས་ཉམས་སུ་ལོངས༔ མཐུ་དགོས་ཆོས་འདོད་ཅན་གྱིས་ཉམས་སུ་ལོངས༔ བནྡེ་དྲག་འདོད་ཅན་གྱིས་ཉམས་སུ་ལོངས༔ དད་ཅན་མོས་གུས་ཅན་གྱིས་ཉམས་སུ་ལོངས༔ འཚོགས་འདུལ་འཚོགས་པ་ཅན་གྱིས་ཉམས་སུ་ལོངས༔ བསྲན་མེད་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ ཁས་ཉེན་དགྲ་བརྙས་ཅན་གྱིས་ཉམས་སུ་ལོངས༔ དེ་དག་རྣམས་ལ་གཏེར་སྲུང་སྤྱན་གསུམ་གྱིས༔ བཀའ་འདི་ཀློད་ལ་སྤེལ་ཅིག་ས་མ་ཡ༔ དམ་མེད་སྡིག་སྤྱོད་ཅན་ལ་ཤོར་ར་རེ༔ བློ་མང་དཀྲུགས་ཤིང་མཁན་ལ་ཤོར་ར་རེ༔ ལོག་ལྟ་སྐུར་འདེབས་མཁན་ལ་ཤོར་ར་རེ༔ རྣམ་རྟོག་ཐེ་ཚོམ་ཅན་ལ་ཤོར་ར་རེ་ངན་པ་ལྡོག་སྨྲས་མཁན་ལ་ཤོར་ར་རེ༔ དམ་མེད་དཔེ་རྐུན་མཁན་ལ་ཤོར་ར་རེ༔ ཆོས་དྲེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ སློབ་མ་དམ་མེད་རྣམས་ལ་ཤོར་ར་རེ༔ དེ་རྣམས་ཀུན་ལ་མ་བསྟན་བཀའ་


CMR010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྲུངས༔ སྐྱེས་བུ་ལེགས་རྩལ་སྤུན་གསུམ་མ་གཡེལ་ཅིག༔ ཅེས་གསུངས་སོ༔ དེ་ལྟར་ཟབ་ཅིང་བཀའ་གཉན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ༔ ད་བླ་མ་དང་གུ་རུ་དྲག་པོའི་ལྷ་ཚོགས་ཀྱི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གཅིག་གམ་ཚིག་རྗེས་མ་གསུམ༔ དེ་ནས་ལས་བུམ་གྱི་ཀུ་ཤས་སློབ་མ་བྲན་ཚུལ་བྱས་ལ༔ ད་ཡེ་ཤེས་


CMR010_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབེབས་པའི་དོན་དུ་སློབ་མ་ལྷར་བསྐྱེད་པ་ནི་དམིགས་པ་འདི་བཞིན་དུ་མཛོད༔ སློབ་མ་སྐད་ཅིག་གུ་རུ་དྲག་པོའི་སྐུ༔ ཞལ་གསུམ་ཕྱག་དྲུག་གཡས་ཞལ་དཀར་པོ་སྟེ་གཡོན་ཞལ་སྔོན་པོ་དང་པོ་གཉིས༔ གྲི་གུག་ཐོད་ཁྲག་དེ་ཡི་འོག༔ རྡོ་རྗེ་སྡིག་པ་དེ་འོག་གཉིས༔ རལ་གྲི་ཁ་ཊཾ་འཛིན་པ་སྟེ༔ སྐུ་མདོག་དམར་པོ་མེ་དཔུང་འབར༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བགྲ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཨུ་རྒྱན་པདྨ་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་བྷན༔ དར་དཀར་གསོལ་ཞིང་སྐྱིལ་ཀྲུང་བཞུགས༔ མགྲིན་པར་གསེར་གྱི་འཁོར་ལོའི་ནང་༔ ཨུ་རྒྱན་པདྨ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་ལྕགས་སྒྲོག་བྷན༔ དར་དམར་གསོལ་ཞིང་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་མཚོན་ཆ་འཁོར་ལོའི་ནང་༔ ཨུ་རྒྱན་པདྨ་སྐུ་མདོག་སྨུག༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་བྷན---དར་སྨུག་གསོལ་ཞིང་སྐྱིལ་ཀྲུང་བཞུགས༔ ལྟེ་བར་ཆོས་འབྱུང་ཟུར་དྲུག་ནང་༔ ཨུ་རྒྱན་པདྨ་སྐུ་མདོག་སེར༔ ཞལ་གཅིག་ཕྱག་གཉིས་ཞགས་པ་བྷན༔ དར་སེར་གསོལ་ཞིང་སྐྱིལ་


CMR010_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་བཞུགས༔ གསང་བར་གྲུ་གསུམ་ནག་པོའི་ནང་༔ ཨུ་རྒྱན་པདྨ་སྐུ་མདོག་ལྗང་༔ ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་བྷན༔ དར་ལྗང་གསོལ་ཏེ་སྐྱིལ་ཀྲུང་བཞུགས༔ གཡོན་ནས་ཡུམ་མཆོག་སྔོན་མོ་འཁྱུད༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཁྲག༔ ཁྲོ་མོའི་ཆས་རྫོགས་འདོར་ཐབས་བགྲད༔ དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་དུ་ཨུ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག༔ སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་ཁྲོས་ནས་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་ལྷ་ཚོགས་དཔག་ཏུ་མེད་པར་སྤྲུལ་ནས་འུར་སྒྲ་ཆེམ་སྒྲ་དང་བཅས་ཏེ་བྱོན་ནས་བྱིན་ཐིབ་ཐིབ་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ སྤོས་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ་ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་སརྦ་ས་མ་ཡ་ཨོ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ལན་མང་དུ་བརྗོད༔ དེ་ནས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛ྄༔ དེ་ལྟར་དབང་གི་གཞི་བཀོད་པ་སོང་ནས་ལྷ་དབང་ཞུ་བའི་


CMR010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ ཕྱི་ནང་གསང་བ་ཡང་གསང་གི༔ ལྷ་དབང་བདག་ལ་བསྩལ་དུ་གསོལ༔ འོ་དེ་ལྟར་གསོལ་བ་བཏབ་པས་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་གུ་རུ་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་ལྷ་ཚོགས་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོའི་སྐུ༔ ཕྱི་སྒྲུབ་ཞལ་གསུམ་ཕྱག་དྲུག་པ༔ སྐྱེས་བུ་སློབ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བདག་གིས་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཿགུ་རུ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོའི་སྐུ༔ ནང་སྒྲུབ་ཞལ་གཅིག་ཕྱག་བཞི་པ༔ སྐྱེས་བུ་སློབ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བདག་གིས་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོའི་སྐུ༔ གསང་སྒྲུབ་ཕྱག་གཉིས་ཡུམ་དང་འཁྲིལ༔ སྐྱེས་བུ་སློབ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བདག་གིས་བཞག་པ་ཡིས་བླ་མ་དྲག་པོའི་དབང་ཐོབ་ཤོག༔


CMR010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱགུ་རུ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོའི་སྐུ༔ ཡང་གསང་ཕྱག་གཉིས་ཡུམ་དམར་འཁྲིལ༔ སྐྱེས་བུ་སློབ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བདག་གིས་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཏོག་གཏོར་ཞིང་༔ ཧཱུྃ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེས་རྒྱལ་བསེན་འཇོམས༔ དམར་ནག་མེ་ཕྲེང་སྤྱན་གསུམ་སྡང་མིག་བགྲད༔ རྒྱལ་བསེན་སྟེང་དུ་ཞབས་གཉིས་སྤྱོད་ལྟར་བགྲད༔ གུར་དྲག་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དེས་ཕྱི་ནང་གསང་བ་ཡང་གསང་གི་ལྷ་དབང་ཐོབ་ནས༔ བུམ་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ བདག་ལ་བུམ་དབང་བསྩལ་དུ་གསོལ༔ དེ་ནས་བུམ་པ་ལག་ཏུ་ཐོགས༔ འོ་དེ་ལྟར་གསོལ་བ་བཏབ་པས༔ བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ༔ ནང་གནམ་ལྕགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་ལྷ་


CMR010_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་བཀྲ་ལམ་མེར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ སྙིང་ག་ཆོས་ཀྱི་འཁོར་ལོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ༔ སྤྱི་གཙུག་མན་ཆད༔ རྐང་མཐིལ་ཡན་ཆད་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག༔ ཧཱུྃ༔ འདི་ནི་གནམ་ལྕགས་གཞལ་ཡས་ཁང་༔ དེ་ནང་བླ་མ་དྲག་པོ་ནི༔ གསལ་བ་ཁྱོད་ཀྱི་མགོར་བཞག་པས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱ་གུ་རུ་ཀྲོ་དྷ་ཧཱུྃ་བྷ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་དེས་སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ ལམ་བཞི་བསྒོམ་པར་དབང་༔ འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ ཆུའི་ལྷག་མ་ཡར་ལུད་པས་རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར༔ ཅེས་བུམ་ཆུ་བླུད་ཅིང་སྤྱི་བོར་ཀུ་ཤས་བཏབ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེས་རྒྱལ་བསེན་འཇོམས་དམར་ནག་མེ་ཕྲེང་སྤྱན་གསུམ་སྡང་མིག་བགྲད༔ རྒྱལ་བསེན་སྟེང་དུ་ཞབས་གཉིས་གྱོད་ལྟར་བགྲད༔ གུར་དྲག་དབང་བཞི་རྫོགས་པའི་བཀྲ་ཤིས་ཤོག༔ ད་ཕྱག་མཚན་བརྡའི་


CMR010_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ བདག་ལ་ཕྱག་མཚན་དབང་བསྐུར་བསྩལ་དུ་གསོལ༔ དེ་ནས་རྡོ་རྗེ་ལག་ཏུ་ཐོགས༔ གུ་རུ་དྲག་པོའི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ལྷ་ཚངས་པའི་ཁྲུ་གང་པ༔ ཧཱུྃ་དགུ་རོ་དགུ་ཕཊ་དགུས་མཚན་ཅིང་ཡེ་ཤེས་ཀྱི་མེ་འབར་བ་འདིའི་དབང་བསྐུར་བ་ཙམ་གྱིས་སྤང་བྱ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཕར་འཇོམས་ཤིང་ཚུར་གང་གིས་ཀྱང་མི་ཚུགས་པ༔ སྲ་བ༔ བརྟན་པ༔ སྟོང་ཉིད་ཡེ་ཤེས་ཀྱི་རྡོ་རྗེའི་དོན་རྟོགས་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་གནམ་ལྕགས་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རལ་གྲི་ལག་ཏུ་ཐོགས༔ ད་གུ་རུ་དྲག་པོའི་ཕྱག་མཚན་ཡེ་ཤེས་ཀྱི་རལ་གྲི་འབར་བ་འདིའི་དབང་བསྐུར་བ་ཙམ་གྱིས༔ ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས་ནང་གི་བདག་འཛིན་གཅོད་པ་དང་༔ ཐུགས་རྗེའི་རལ་གྲིས་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་དབང་ཐོབ་པར་སྒོམས་ཤིག༔


CMR010_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་རལ་གྲི་འབར་བ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་ཏིཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གྲི་ཁུག་ལག་ཏུ་ཐོགས༔ ད་གུ་རུ་དྲག་པོའི་ཕྱག་མཚན་གནམ་ལྕགས་ཐོག་རྒོད་འབར་བའི་གྲི་གུག་འདི་ཡེ་ཤེས་ལྔས་མཚོན་པའི་ཕྱིར་ཡར་རྩེ་རྡོ་རྗེ་རྩེ་ལྔ༔ ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཕྱིར་ལྟེ་བ་ཟླུམ་པོ༔ ཉག་གཅིག་རྩད་ནས་གཅོད་པའི་ཕྱིར་མར་སྣེ་མཚོན་སོ་གཅིག་པ༔ འདིའི་དབང་བསྐུར་བ་ཙམ་གྱིས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་རྟོགས་ནས་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུས་གཅིག་ལ་ཆོད་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་ཐོག་གི་གྲི་གུག་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་ཀརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྕགས་སྡིག་ལག་ཏུ་ཐོགས༔ ད་གུ་རུ་དྲག་པོའི་ཕྱག་མཚན་སྤྲུལ་པ་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ༔ ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་རྭ་གཡས་ཀྱིས་སྲིད་པའི་རྩེ་ནས་བསྙིལ་བ༔ གཡོན་པས་ས་འོག་གཏིང་ནས་གཡེང་བ༔ ལུས་ལ་རྡོ་རྗེ་


CMR010_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་ཚྭ་ཚྭ་འཕྲོ་བ༔ དེ་ལྟ་བུ་ཞིག་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་པའི་གདོན་ཐམས་ཅད་སྡིག་པས་ཧབ་ཧབ་ཟོས༔ དེང་ཕྱིན་ཆད་རྒྱལ་བསེན་དམ་སྲི་ཐམས་ཅད་རང་གཤེད་རང་ལ་དབབ་ནས་འདུལ་ནུས་པའི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་ལྕགས་སྡིག་མགོ་དགུ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷནྡྷ་ལག་ཏུ་ཐོགས། ད་གུ་རུ་དྲག་པོའི་ཕྱག་མཚན་ཡེ་ཤེས་ཀྱི་ཀ་པཱ་ལ་ལྕང་ལོ་དང་བཅས་པ་བདུད་བཞི་བསྒྲལ་བའི་སྙིང་ཁྲག་གིས་དམར་ལྟེམ་མེ་གང་བ་འདིའི་དབང་བསྐུར་བ་ཙམ་གྱིས་སྐྱེ་མེད་ཡེ་ཤེས་ཀྱི་དོན་རྟོགས་ནས༔ དུག་ལྔ་དབྱིངས་སུ་བསྒྲལ་ཏེ་འཁོར་བ་ཁྲག་གི་རྒྱ་མཚོ་སྐེམ་ནུས་པའི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་བྷནྡྷ་ཁྲག་བཀང་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱགུ་རུ་ཀྲོ་དྷ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁ་ཊཾ་ལག་ཏུ་ཐོགས༔ ད་གུ་རུ་དྲག་པོའི་ཕྱག་མཚན་ཁ་ཊཾ་


CMR010_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་འདི་ཡུམ་དོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ངོ་བོ་ཡིན་པ་ལ་རྣམ་པ་མཚོན་ཆའི་ཚུལ༔ དུག་གསུམ་རྩད་ནས་གཅོད་ཕྱིར་རྩེ་གསུམ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཐོད་པ་སྐམ་རློན་རྙིང་གསུམ༔ འཆི་མེད་ཚེའི་བུམ་པ༔ ཕྲིན་ལས་སྣ་ཚོགས་གྲུབ་པའི་རྡོ་རྗེ༔ སྙན་པ་སྒྲོགས་པའི་ཌ་མ་རུ་ཡེ་ཤེས་ལྔ་མཚོན་དར་སྣའི་ཅོད་པན༔ སྙན་བརྒྱུད་འཛིན་པའི་དྲིལ་བུ༔ བྱང་ཆུབ་ཀྱི་ལམ་མཚོན་པའི་ཡུ་བ་དྲང་ཞིང་ལྡེམ་པ༔ ངན་སོང་གི་སྒོ་གཅོད་པའི་མར་སྣེ་རྡོ་རྗེ་ཕྱེད་པ་ཅན༔ འདིའི་དབང་བསྐུར་བ་ཙམ་གྱིས་ཐབས་ཤེས་བདེ་སྟོང་ཟུང་དུ་འཇུག་པའི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་ཁ་ཊཾ་འབར་བ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཆ་གུ་རུ་ཀྲོ་དྷ་ཏྲི་ཤུ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ཞིང་། ཧཱུྃ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེས་རྒྱལ་བསེན་འཇོམས༔ དམར་ནག་མེ་ཕྲེང་སྤྱན་གསུམ་སྡང་མིག་བགྲད༔ རྒྱལ་བསེན་སྟེང་དུ་ཞབས་གཉིས་གྱད་ལྟར་བགྲདཿ༔ གུར་དྲག་བརྡ་དོན་རྟོགས་པའི་བཀྲ་ཤིས་ཤོག༔ ད་ནང་དང་གསང་བའི་དབང་ཞུ་བའི་ཕྱིར་རྗེས་ཟློས་


CMR010_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ བདག་ལ་ནང་དབང་བསྩལ་དུ་གསོལ༔ འོ་དེ་ལྟར་གསོལ་བ་བཏབ་པས་གུ་རུ་དྲག་པོ་ཡབ་ཡུམ་སྙོམས་འཇུག་གི་སྒྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས༔ ཞལ་དུ་ཞུགས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ༔ བྷནྡྷར་འཁྱིལ་བ་འདི་སྤྱི་བོར་བཞག་པ་ཙམ་གྱིས་བདུད་རྩི་མྱུར་ཏེ་ཚངས་བུག་དང་མགྲིན་པ་ནས་ཞུགས༔ ལུས་ཀྱི་རྩ་གནས་ཐམས་ཅད་གང་བས་གསང་བའི་དབང་ཐོབ༔ དེས་ལུས་ལ་བདེ་དྲོད་འབར་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ དེའི་དོན་ལ་མཉམ་པར་བཞག་པས་ཚིག་དབང་རིན་པོ་ཆེ་ཐོབ་པར་སྒོམས་ཤིག༔ དེ་ནས་བདུད་རྩི་ལག་ཏུ་ཐོགས༔ ཧཱུྃ༔ འདི་ནི་ཟག་མེད་བདུད་རྩི་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ ཨོ་ཨཱནྟགུ་རུ་ཀྲོ་དྷ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེས་རྒྱལ་བསེན་འཇོམས༔ དམར་ནག་མེ་ཕྲེང་སྤྱན་གསུམ་སྡང་


CMR010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བགྲད་རྒྱལ་བསེན་སྟེང་དུ་ཞབས་གཉིས་གྱད་ལྟར་བགྲད༔ གུར་དྲག་དབང་མཆོག་ཡོངས་རྫོགས་བཀྲ་ཤིས་ཤོག༔ འོ་དེས་དབང་དངོས་གཞི་རྫོགས་པ་ཡིན་ཀྱང་གཏོར་མའི་དབང་མ་བསྐུར་ན་ཐུན་མོང་གི་དངོས་གྲུབ་ཕྱིར་འགྱང་བར་བཤད་པས་གཏོར་དབང་གིས་རྗེས་སྐྱོང་བ་ནི༔ གཏོར་མ་འདི་དང་དབྱེར་མེད་པའི་གུ་རུ་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་ལྷ་ཚོགས་རྣམས་སྤྲིན་འཁྲིགས་པ་ལྟར་སྔགས་སྒྲ་འབྲུག་སྟོང་དུ་ལྡིར་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་ངེད་ཀྱི་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྩལ་ནས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས༔ དྲག་པོའི་སྐུ་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ལ་སེམས་མ་བཅོས་པར་ཞོག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐོད་ཕྲེང་རྩལ་སྡེ་ལྔ༔ སྤྲུལ་སྐུ་པདྨ་འབྱུང་གནས་རིགས་ལ༔ བཅོམ་ལྡན་འདས་གུ་རུ་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་ལྷ་ཚོགས༔ ཡུམ་མཆོག་ཕག་མོ་རིགས་གསུམ༔ སྐུ་འཇམ་དཔལ་ཁྲོས་པའི་གཤིན་རྗེའི་གཤེད༔ གསུང་འཇིག་རྟེན་དབང་ཕྱུག་ཁྲོས་པའི་རྟ་མགྲིན༔ ཐུགས་མཐུ་


CMR010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐོབ་ཁྲོས་པའི་ཕྱག་རྡོར༔ ཡོན་ཏན་དབྱངས་ཅན་ཁྲོས་པའི་ཁྲོས་མ་ནག་མོ༔ ཕྲིན་ལས་སྒྲིབ་སེལ་ཁྲོས་པའི་གནོད་སྦྱིན་མེ་དབལ༔ ཀླུ་འདུལ་ཁྱུང་ཆེན་དཀར་ནག༔ རྡོ་རྗེ་དྲག་པོ་རྩལ༔ རཏཱ་དྲག་པོ་རྩལ༔ པདྨ་དྲག་པོ་རྩལ༔ ཀརྨ་དྲག་པོ་རྩལ༔ སྟེང་ཕྱོགས་ཀྱི་ཁྲོ་བོ་ཧཱུཾ་ཀུ་ར༔ ཤར་ཤར་ལྷོའི་ཁྲོ་བོ་དབྱུག་པ་སྔོན་པོ༔ ལྷོའི་ཁྲོ་བོ་གཤིན་རྗེའི་གཤེད་པོ༔ ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན་པོ༔ ནུབ་ཀྱི་ཁྲོ་བོ་རྟ་མགྲིན་རྒྱལ་པོ༔ ནུབ་བྱང་གི་ཁྲོ་བོ་གཞན་གྱིས་མི་ཐུབ་པ༔ བྱང་གི་ཁྲོ་བོ་བདུད་རྩི་འཁྱིལ་པ༔ བྱང་ཤར་གྱི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ༔ འོག་གི་ཁྲོ་བོ་སྟོབས་པོ་ཆེ༔ སྒོ་སྲུང་ཆེན་པོ་བཞི་ལ་སོགས་པ་བླ་མ་རིག་འཛིན་ཁྲོས་པ་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ཀྱིས༔ རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བ་དང་༔ བྱིན་གྱིས་བརླབ་ཏུ་གསོལ༔ རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གག་ལྷོག་གཟེར་གསུམ་སྨྱོ་འབོག་བརྒྱལ་ནད་ལ་སོགས་པ་ནད་ཐམས་ཅད་ཞི་ཞིང་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ༔ བདུད་བགེགས་ལོག་


CMR010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གྱི་གནོད་པ་ཐམས་ཅད་བཟློག་པར་མཛོད་ཅིག༔ ལུས་ངག་ཡིད་གསུམ་བསྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བར་མཛད་དུ་གསོལ༔ ཨོཾ་ཨཱཧཱུྃ་ཧྲཱིཿ ཨ་རྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ཨོཾ་ཨཱཊཿཧཱུྃ་ཨ་ཅིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱཧཱུྃ་ཕཊ༔ ཨོཾ་ཨ་ཅིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཨ་ཕཊ༔ བཛྲ་ཧཱུྃ༔ ཡཀཾ་ཕཊ༔ རཀྵ་ཧཱུྃ༔ ཨོ་ཨ་ཅིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ༔ ཨཱཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་རཀྵ་རཀྵ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ དཔལ་ལྡན་བླ་མ་དམ་པའི་བཀྲ་ཤིས་ཤོག༔ དངོས་གྲུབ་མ་ལུས་གཏན་ལ་འབེབས་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་མཛད་པའི༔ མ་མོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ གནོད་བྱེད་དགྲ་བགེགས་ཐམས་ཅད་སྒྲོལ་མཛད་པའི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ འདིར་དྲག་པོ་ཕྱི་ནང་གསང་བ་ཡང་གསང་གི་དབང་སོ་སོར་བསྐུར་བ་དང་གཅིག་ཏུ་བསྡུས་པ་གཉིས་གསུངས་པ་ལས༔ འདི་གཅིག་ཏུ་


CMR010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ལུགས་ཡིན༔ འདི་ནི་ཟབ་མོ་བརྡའི་དབང་ཡིན་པས་དབང་བཞིའི་གོ་རིམ་མ་ངེས་ན་ཡང་དོན་ལ་དབང་བཞི་ཡོངས་རྫོགས་ཐོབ་པ་ཡིན༔ གུ་རུ་དྲག་པོའི་སྒྲུབ་པ་གཞན་རྣམས་ནི་སྔོན་དུ་ཞི་བའི་བསྙེན་པ་ཚན་ཆེར་མ་སོང་ན་སློང་དང་ཆོ་འཕྲུལ་རྩུབ་མོ་འབྱུང་བར་བཤད་ནའང་༔ འདིའི་ཕྱི་སྒྲུབ་དང་གསང་སྒྲུབ་གཉིས་ནི་ཞི་དྲག་སྦྲག་མ་ཡིན་པས་འཇམ་ཞིང་ནོན་ཆེ་བ་ཡིན་པས༔ གསར་བུས་ཀྱང་བསྙེན་རུང་༔ བསྙེན་པའི་ཕན་ཡོན་ནི༔ ཨུ་རྒྱན་ཉིད་ཀྱི་ཞལ་ནས༔ ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས༔ ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱི་དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོའི་ཚོགས་


CMR010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་སྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་། དངོས་གྲུབ་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ༔ དྲག་པོ་བླ་མའི་ཐུགས་སྒྲུབ་སྙིང་པོ་འདི༔ དུས་གསུམ་སངས་རྒྱས་ཀུན་གྱི་བྱིན་རླབས་ཤིང་༔ དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་བསྡུས་པའི་སྙིང་པོ་ཡིན༔ བརྒྱ་ཙམ་བཟླས་ན་ལས་ངན་སྒྲིབ་པ་འབྱོང་༔ སྟོང་ཙམ་བཟླས་ན་ཕྱི་ནང་བར་ཆད་སེལ༔ ཁྲི་ཙམ་བཟླས་པས་སྡེ་བརྒྱད་བྲན་དུ་འགྱུར༔ འབུམ་ཙམ་བཟླས་ན་མཆོག་གི་དངོས་གྲུབ་ཐོབ༔ ཐོས་དང་དྲན་དང་བརྗོད་པ་ཙམ་གྱིས་ཀྱང་༔ སྣང་སྲིད་ལྷ་འདྲེ་ལས་ལ་ཁོལ་བར་འགྱུར༔ ཞེས་གསུངས་པས་ལྷ་འདི་བསྒོམ་ཞིང་སྔགས་འདི་བཟླ་བསམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དེང་ནས་བརྩམས་ཏེ་བདག་བྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ ཁྱེད་ཀྱིས་སློབ་མར་བཟུང་བ་དང་༔ ཆ་ཡིས་ཀྱང་


CMR010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱད་དུ་གསོལ༔ འོ་དེ་ལྟར་དབང་ཐོབ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མཎྜལ་ཕུལ༔ ས་གཞི་སྤོས་སོགས། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ རྒྱམ་རྒྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཅོ་བརྒྱད་ཉིན་ལ་བཅོམ་ལྡན་འདས་གུ་རུ་དྲག་པོ་ཨུ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དངོས་སུ་གནང་བའོ༔ འདིའི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་བཞི་ལས་དབང་སྒྲུབ་སོ་སོར་བྱེད་ཅིང་དབང་ཡང་སོ་སོར་ལན་བཞི་བསྐྱར་ནས་བསྐུར་དགོས་ནའང་༔ ཕྱོགས་གཅིག་ནས་བསྐུར་རུང་བར་བཤད་པ་ལྟར་ཕྱོགས་གཅིག་ཏུ་བསྡུས་ཏེ་མཚམས་སྦྱར་སོགས་ཀྱིས་ཁ་བསྐངས་ནས་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་གཏེར་སྟོན་གྱི་སྤྲུལ་སྐུ་ལ་བར་ཆད་མེད་པ་དང་༔ འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུར་དྲག་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་གཅིག་ཏུ་བསྡོམས་པ།next