Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
བསྐང་རྫས་བྱིན་རླབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་རྫས་བྱིན་རླབས།next

བསྐང་རྫས་བྱིན་རླབས།


CMR011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་རྫས་བྱིན་རླབས་བཞུགས་སོ།། ཨོཾ་ཧཱིཔདྨནྟ་ཀྲྀཏ་བཛྲ་སོགས་ཀྱིས་བགེགས་དང་མ་དག་པ་བསང་། ཨོཾ་སྭ་བྷ་ཝས་དངོས་འཛིན་སྦྱང་། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་ལྕགས་རི་མུ་ཁྱུད་དང་བཅས་པ༔ རི་རབ་ཀྱི་སྟེང་དུ་རླུང་མེ་ཐོད་སྐྱེད་དེའི་སྟེང་དུ་ཀ་པཱ་ལ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལྦུ་བ་ལ་གཟུགས་མཛེས་པ་སྣ་ཚོགས་འཕྱུར་བ༔ རྦ་རླབས་ལ་སྒྲ་སྙན་པ་སྣ་ཚོགས་གྲག་པ༔ ངད་པ་ལ་དྲི་ཞིམ་པ་སྣ་ཚོགས་ཀྱི་ངད་ལྡང་བ། ལྗགས་ལ་བརྡར་བས་རོ་བརྒྱ་དང་ལྡན་པ༔ ལུས་ལ་རེག་བྱ་འཇམ་ཞིང་གསོལ་བས་ཟག་མེད་ཀྱི་བདེ་བ་བསྐྱེད་པ༔ དེའི་ཕུད་རླངས་ལ་འདོད་ཡོན་གྱི་ལྷ་མོས་ནམ་མཁའ་གང་བ་རྒྱུན་མི་འཆད་པར་འཕྲོ་ཞིང་༔ སོ་སོ་རང་རང་གི་མཆོད་རྫས་དུ་མ་ཐོགས་ཏེ༔ ལྷ་སོ་སོའི་དབང་པོ་དྲུག་ལ་མཆོད་ཅིང་ཐིམ་པས་མཉེས་ཤིང་ཐུགས་དམ་གྱི་རྒྱུད་བསྐང་བར་བྱེད་པ༔ བཀྲ་ཤིས་པའི་ལྷ་མོ་བརྒྱད་དང་མཆོད་པའི་ལྷ་མོ་བཅུ་དྲུག་གིས་རང་རང་གི་མཆོད་རྫས་དུ་མ་ཐོགས་ནས༔ བདེ་བ་ཆེན་པོས་ལྷ་སོ་སོའི་དགྱེས་པ་བསྐང་བར་བྱེད་པ༔ རྒྱལ་


CMR011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྣ་བདུན༔ ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང་༔ ཉེ་བར་སྤྱོད་པའི་མཆོད་པ་བདུན་ལ་སོགས་པ༔ ལྷ་དང་མིའི་ལོངས་སྤྱོད་སྤྲིན་ལྟར་གཏིབ་ཅིང་ཆར་ལྟར་འབེབས་པ༔ སོ་སོའི་རྟེན་རྫས་དང་༔ སྒྲུབ་རྫས་དང་༔ མཆོད་རྫས་དང་༔ བསྐང་རྫ་ས་ཐམས་ཅད་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ༔ བྱ་གཅན་རི་དྭགས་ཆུ་གནས་ཐམས་ཅད་ཀྱང་ཆེ་བ་ཚོ་བ་སྟོབས་དང་ལྡན་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ༔ རེ་རེ་ལའང་གྲངས་མེད་པ་འཕྲོ་ཞིང་འབྱུང་བ་དེ་ལྟ་བུའི་གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པ་དེ་ལྷ་དང་སྲུང་མ་ཐམས་ཅད་ཀྱི་སྤྱན་སྔར་ཡོངས་སུ་རྫོགས་པ་རེ་རེ་འབྱུང་ཞིང་༔ གྲངས་མེད་པ་འཕྲོ་བས་ནམ་མཁའི་མཐར་ཁྱབ་ཅིང་༔ འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར༔ ཨོཾ་སརྦ་དྷརྨ་པུ་ཙ་པཉྩརཏྣ་ཀ་ཡ་ཀོ་ཏི་བྷི་བྷ་ཝཀ་སྭ་བྷ་ཤུདྡྷོཉཧཾ༔ ཨོཾ་སརྦ་དྷརྨ་ཨ་བཱི་བརྟ་ཧི་ཀོ་ཧ་ཡ་ན་གྷ་ནི་སྭ་བྷཱ་ཝ་ཤུདྡྷོཉཧཾ༔ དཔག་ཏུ་མེད་ཅིང་བྱིན་གྱིས་རླབས་པའི་སྔགས་སོ༔ སརྦ་དུཏྟཾ་གིཙྪ་གྲིཧཱ་གརྫ་གརྫ་ཧཱུྃ་ཕཊ༔ དེ་ནི་ནུས་པ་བསམ་གྱིས་མི་ཁྱབ་པའི་སྤེལ་བའི་སྔགས་སོ༔ བསྐང་རྫས་བྱིན་རླབས་སྔགས་འདི་གསུམ་ཕྲིན་


CMR011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱ་མཚོའི་རྒྱུད་ནས་གསུངས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབསྐང་རྫས་བྱིན་རླབས།next