Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཀྱི་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་དང་གཏོར་ཟློག་དུས་དང་རྒྱུན་ཁྱེར་དུས་ཀྱི་འཛབ་དགོངས་དམིགས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཀྱི་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་དང་གཏོར་ཟློག་དུས་དང་རྒྱུན་ཁྱེར་དུས་ཀྱི་འཛབ་དགོངས་དམིགས་རིམ།next

བཀའ་བརྒྱད་ཀྱི་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་དང་གཏོར་ཟློག་དུས་དང་རྒྱུན་ཁྱེར་དུས་ཀྱི་འཛབ་དགོངས་དམིགས་རིམ།


CMR011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀྱི་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་དང་གཏོར་ཟློག་དུས་དང་རྒྱུན་ཁྱེར་དུས་ཀྱི་འཛབ་དགོངས་དམིགས་རིམ་ཡོད། ཟབ་བོ། །ཨྠྀི༔


CMR011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ འདི་སྒྲུབ་པ་ཆེ་བ་རྣམས་ཀྱི་ཡོ་བྱད་མི་འཛོམས་པས༔ ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་བྱེད་ན༔ རབ་རས་བྲིས་དཀྱིལ་འཁོར་འབྲིང་འབྲུའི་ཚོམ་བུ་ལྷ་གྲངས༔ ཐ་མ་འབྲུའི་ཚོམ་བུ་ལྔ་ཚོམ་བརྒྱད་དྲུག་ཙམ་ཞིག་དང་དགུ་བཀོད༔ དབུས་སུ་བུམ་པ་སྤྱི་ལྟར། དེའི་སྟེང་དུ་སྒྲུབ་གཏོར་རིན་ཆེན་འབར་བ་བཞག །བུམ་པ་མེད་ཀྱང་གཏོར་མས་ཆོག་དེ་མདུན་བསྐྱེད་དམིགས་རྟེན་ནོ། །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མཐར་མཆོད་པ་བསྐོར་བཤམས་བྱའོ། །ཡང་གཏོར་ཟློག་དུས་ཡིན་ན་དེ་རྣམས་མི་དགོས་ཏེ། གཏོར་ཟློག་གི་སྟོད་ཆ་མདུན་བསྐྱེད་དམིགས་རྟེན་བར་མཆོད་པ་སྨད་དགྲ་བགེགས་ཤ་ཁྲག་གོ །རྒྱུན་ཁྱེར་ལ་ཡི་དམ་གཏོར་མའི་སྟོད་ཆེར་མདུན་བསྐྱེད་


CMR011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནོ། །ཡང་ན་བཀའ་བརྒྱད་ཀྱི་ཞལ་ཐང་ངམ་། ཨོ་རྒྱན་གྱི་ཞལ་ཐང་ལ་མདུན་བསྐྱེད་རྟེན་རུང་སྟེ། བཀའ་བརྒྱད་ནི་ཨོ་རྒྱན་ཉིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཡིན་པར་གསུངས་པའི་ཕྱིར་རོ། སྔོན་འགྲོ་དཀར་བགེགས་དང་པོ་ཉིན་པར་བྱ། རྒྱུན་དུ་མི་དགོས། ཚོགས་ཆད་མདོ་དང་པོ་དང་། ཚེས་བཅུ་དགུ་གཏོར་དུས་དང་། གྲོལ་ཁ་དུས་བྱ་རྒྱུན་དུ་མི་དགོས། ལས་བྱང་སྔ་དྲོ་ཉིན་ཕྱེད་དགོང་ཀ་སྲོད་དང་ཐུན་བཞི་བྱ། ཡང་ན་སྔ་དྲོ་དགོང་ཀ་སྲོད་དང་གསུམ་བྱ། ཐ་ན་ཡང་ཉིན་ཚར་གཅིག་མཚན་ཚར་གཅིག་སྟེ། དེ་བས་ཉུང་ཐབས་མེད་དོ། །དེ་ནས་མཚམས་གཅོད་ནས་འཛབ་དགོངས་ཡིན་ཚར་རེའོ། །དེ་ལ་བདག་བསྐྱེད་རྗེས་ནས་མདུན་བསྐྱེད་དབུ་ཉེར་གཅིག་ཅན་དེ་གཏོར་ཟློག་དུས་མ་གཏོགས་མི་དགོས། །མངོན་རྟོགས་


CMR011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅིག་གིས་ཆོག་སྟེ། དབང་བསྐུར་ན་བདག་དཀྱིལ་འཁོར་ཆ་གཅིག །བུམ་པའི་ནང་དུ་དཀྱིལ་འཁོར་ཆ་གཅིག །དབང་གཏོར་དཀྱིལ་འཁོར་ཆ་གཅིག །མདུན་བསྐྱེད་དཀྱིལ་འཁོར་ལ་ཆ་གཅིག་དང་བཞི་དུས་གཅིག་ལ་བསྒོམ་པ་ཡིན་ཀྱང་། སྒྲུབ་པའི་དུས་དཀྱིལ་འཁོར་དང་བུམ་པ་དང་སྒྲུབ་གཏོར་གསུམ་ཁ་དབྱེར་མེད་དུ། མདུན་བསྐྱེད་དཀྱིལ་འཁོར་ཆ་གཅིག་བསྒོམ་པ་ཡིན་ནོ། །བདག་མདུན་མངོན་རྟོགས་ལྟར་ཆ་ལུགས་འདྲ་བས་བསྐྱེད་ནས། ཡེ་ཤེས་པ་མང་པོ་སྤྱན་དྲངས་བདག་མདུན་སོ་སོར་བསྟིམ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ནས། བདག་མདུན་སོ་སོ་ལ་མཆོད་བསྟོད་སོ་སོར་བྱེད་པར་བསྒོམ་ཞིང་། ངག་ནས་ལས་བྱུང་ཚར་གཅིག་གིས་ཆོག་པ་རྙིང་མའི་ཁྱད་ཚོས་སོ། །དེ་ནས་འཛབ་དགོངས་ཀྱི་དམིགས་པ་འདི་ལ་རྒྱུས་པར་མཐའ་ཡས་པ་གཅིག་ཡོད་ཀྱང་དམིགས་པ་ཟིན་དཀའ་བས་འདིར་གཞུང་ཚིག་དང་མཐུན་པར་མདོར་བསྡུས་འདི་ཙམ་གྱིས་འཐུས་སོ། །དེ་ལ་ཐོག་མར་ཞི་བར་བསྙེན་ཅིང་ཁྲོ་བོ་སྒྲུབ་པ་འདི། སྔགས་པ་གསར་བུ་ཡིན་ན་གོང་ནོན་ཅིང་འཇམ་པ་དང་། སྔགས་རྒན་རིང་གི་སྒྲིབ་སྦྱང་འདོན་ན་འདི་ཡང་བཅུག་སྟེ། ཧཱུཾ། གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ། །ཆེ་མཆོག་དཔལ་དགུའི་དབུ་རྒྱུན་ནས། །ཞེས་པ་ནས། མ་གྲུབ་བར་དུ་མི་བཏང་ངོ་། །ཞེས་པའི་བར་གྱིས་འཛབ་བསྐུལ་བཏོན་ནས། དམིགས་པ་ནི། བདག་བསྐྱེད་དཔལ་དགུ་ཁ་བདག་ཁོ་ན་ཡིན་པར་བསྒོམ། དང་པོ་རང་ཆེ་


CMR011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གསལ་བའི་དབུ་གཙུག་ཏུ། དབུ་རྒྱན་གྱི་ཚུལ་དུ་ཀུན་ཏུ་བཟང་པོ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། ཐམས་ཅད་གངས་རི་ལ་སྤྲིན་འཁྲིགས་པ་ལྟར་བསྒོམ། ཆེ་མཆོག་དཔལ་དགུ་དང་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཟླ་བའིསྟེང་དུ་ཨོཾ་དཀར་པོ། མགྲིན་པ་ལྕགས་སྟེང་དུ་པདྨའི་གདན་ལ་ཨཱདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་མཐིང་ཀ །ཧཱུཾ་དེ་ལས་འོད་ཟེར་རང་རང་གི་སྙིང་པོས་བསྐོར་བར་བསྒོམས་ལ། དེ་ནས་སྤྱི་བོའི་ཞི་བའི་ལྷ་ཚོགས་ལ་དམིགས་པ་གཏད་དེ་གསལ་བཏབ་ཅིང་སྔགས་བཟླས་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། སངས་རྒྱས་ཐམས་ཅད་མཆོད་སེམས་ཅན་གྱི་སྒྲིབ་པ་སྦྱངས། སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་ཕོག་པས་ཐམས་ཅད་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་ཤ་སྟག་ཏུ་གྱུར། དེ་ཐམས་ཅད་ཀྱིས་སྔགས་སྒྲ་འུར་དི་རི་རི་བཟླས་པས། ནམ་མཁའི་མཐར་ཐུག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཆར་རྒྱུན་ལྟར་བབས་ནས། མ་གྱུར་སེམས་ཅན་ཐམས་ཅད་ལ་ཐིམ་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡེ་ཤེས་ལྔར་བྱིན་གྱིས་བརླབས། དེ་ལྟར་བསྒོམ་ཞིང་། ༀ་ཨ་ལི་ཀ་ལི་ཛྙཱ་ན་པཉྩ་སཏ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ། ཞེས་ཞི་བ་རིགས་བརྒྱའི་སྙིང་


CMR011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱ༔ ཞེས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྙིང་པོ། གཉིས་ཀ་བསྡོམས་པ་བརྒྱའམ་སྟོང་སོགས་སྐབས་དང་བསྟུན་ནོ། །དེ་ནས་སྣང་སྲིད་ལྷར་གསལ་བ་ཐམས་ཅད་སྤྱི་བོའི་རིགས་ལྔ་ཡབ་ཡུམ་ལ་ཐིམ། རིགས་ལྔ་ཡབ་ཡུམ་གྱི་སྐུ་མདོག་ལས་ཨོཾ་དཀར་པོ་། ཨཱཿ དམར་པོ། ཧཱུྃ་མཐིང་ཀ་གསུམ་ཆར་ལྟར་བབས་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་དང་བྱིན་རླབས་ཐོབ། རང་སེམས་སྐྱེ་བ་མེད་པ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་སུམ་རྟོགས་པར་བསྒོམས་ལ། སེམས་ངོ་ཡུད་ཙམ་སྐྱོང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨཾ་ལཱི་མཱི་པུ་ཏ༔ ཞེས་ཅུང་ཟད་ཙམ་ཞིག་བཟླས་སོ། །དེ་ནས་དབྱངས་རོལ་མོ་དང་བཅས་པས་ཀྱང་། ཧཱུྃ། ། ཡེ་ཤེས་ཞི་བའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཞེས་པ་ནས། རཀྟ་ཁཱ་ཧི་བར་གྱི་སྟོང་ཚིག་མཆོད་པ་བྱའོ། །སྟོང་ཚིག་ཟེར་བ་སྒྲུབ་པ་པོ་མང་པོ་ཡོད་ན་སྒྲུབ་ཆེན་དུས་སྔགས་འཛབ་དབྱངས་སུ་འདོན། སྟོང་ཚོའི་སོ་ལ་མཆོད་པ་བྱེད་པ་ཡིན་ཏེ། མི་གཅིག་གི་སྟོང་ཚོ་འགྲོ་མི་ཐུབ་པས་བརྒྱ་ཡན་རིགས་པས་དཔག་སྟེ་བྱའོ། །དེའང་སྒྲུབ་ཆེན་དུས་ཡིན་ན་དཔལ་དགུ་ཞི་བ་དང་བཅུ། བཀའ་སྲུང་དང་བཅུ་གཅིག་ལ་འཛབ་དབྱངས་སུ་མི་གཅིག་པ་རེ་རེ་ཡོད་པ་སྟེ། མི་གཅིག་གིས་འཛབ་དབྱངས་སུ་མི་དགོས་སྔགས་སྒྲ་ཧ་ཅང་ཆེ་བ་དང་། ཆུང་དྲག་འབྲུ་མི་གསལ་བ་མ་ཡིན་ཏེ། ལྕེ་ཐོག་ཏུ་ལོན་ངེས་སི་ལི་ལི་བཟླའོ། །དེ་ནས་ཁྲོ་བོ་སྒྲུབ་པའི་འཛབ་བསྐུལ་འདི་དབྱངས་དང་བཅས་ཏེ།


CMR011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། དབུས་ཕྱོགས་འཁོར་ལོའི་དཀྱིལ་འཁོར་གཞལ་ཡས་ཁང་། །ཟླ་གམ་དབང་ཆེན་ཨེ་ཡི་དཀྱིལ། །བྱོལ་སོང་གཙོ་བརྒྱད་ལྷ་ཆེན་སྟེང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨ་གེ་སར་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །གཉིས་མེད་སོགས་ནས། མ་འགྲུབ་བར་དུ་མི་བཏང་ངོ་། །ཞེས་བརྗོད་ནས་དམིགས་པ་ནི། དང་པོ་རང་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ནག་ཉི་མའི་སྟེང་ན་ལངས་ཏེ་གནས་པའི་མཐར་སྔགས་ཕྲེང་གཡས་སུ་ཀྱི་ལི་ལི་འཁོར་བར་བསྒོམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས་པས་འོད་ཟེར་དེ་ཐམས་ཅད་ཆེ་མཆོག་གི་སྐུ་ཤ་སྟག་ཏུ་གྱུར་ནས་འཇིག་རྟེན་ཐམས་ཅད་གང་། དེ་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་འབྲུག་ལྟར་བསྒྲོགས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བྱིན་རླབས་དངོས་གྲུབ་ཐམས་ཅད་སོ་སོའི་སྐུ་རྣམས་ལ་ཐིམ། སྔགས་སྒྲས་བཀའ་སྲུང་དམ་ཅན་ཐམས་ཅད་ལས་ལ་བསྐུལ་བས། ཕོ་ཉ་ལྕེ་སྤྱང་མ་བརྒྱད། སྐར་ལྟར་འཁྲུགས་ནས། དགྲ་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར། རྡུལ་དུ་བརླག་པར་བསྒོམ་ཞིང་། ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་སྟོང་ངམ་བརྒྱ་སོགས་བཟླས་ནས། ཆེ་མཆོག་གིས་འཇིག་རྟེན་གང་བ་


CMR011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བའམ། སྤོས་ཤེལ་དྭངས་མས་རྡུལ་བླང་བ་ལྟར། ཐམས་ཅད་རང་གི་ཡུམ་གནམ་ཞལ་མའི་ཐུགས་ཀར་འུར་གྱིས་འདུས། འོད་དུ་དཀར་མེར་གྱིས་ཞུ་ནས་བྷ་གར་འཁྱིལ་བ་དེ། རང་ཉིད་ཆེ་མཆོག་རྡོ་རྗེ་སྤུ་གུས་རྔུབ་སྟེ་ཡར་དྲང་ནས། རང་ལུས་དངོས་གྲུབ་ཀྱི་བདུད་རྩིས་མེར་གྱིས་གང་། བདུད་རྩི་དྭངས་མ་ཐུགས་ཀའི་ཧཱུྃ་དང་མགྲིན་པའི་ཨཱདང་སྤྱི་བོའི་ཧཱུཾ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག་ཐུན་མོང་ཐམས་ཅད་ཐོབ། བདག་ཆེ་མཆོག་བཀྲག་མདངས་ཉི་ཟླ་འབུམ་ལས་ལྷག་པར་གྱུར་པར་བསྒོམ་མོ། །དེ་ནས་མཆོད་པ་ཁ་གསོ་གྲུབ་ན་ལེགས། མ་ཐོན་ན་ཡང་རུང་སྟེ། ཧཱུྃ། ཆེ་མཆོག་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཞེས་པ་ནས། རཀྟ་ཁཱ་ཧི་བར། སྟོང་ཚིག་གི་མཆོད་པ་དང་རོལ་མོ་བྱའོ། །དེ་སྤྱིར་དཔལ་དགུ་ཁ་རང་ཉིད་ཡིན་མོད་ཀྱིས། རང་ཉིད་ཤར་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་བཛྲ་ཧེ་རུ་ཀའི་ང་རྒྱལ་བཟུང་། དེའི་ཐུགས་ཀར་ཉི་མ་ལ་ཧཱུཾ་སྔགས་ཀྱིས་བསྐོར་བར་བསྒོམ་པ་ནས། དམིགས་པ་ཐམས་ཅད་གོང་དང་འདྲ་བ་ལས། ཁྱར་པར་འཇིག་རྟེན་ཐམས་ཅད་ཡང་དག་ཧེ་རུ་ཀས་གང་བར་བསྒོམས་ལ། ཧཱུྃ། ཤར་ཕྱོགས་འཁོར་ལོའི་གཞལ་ཡས་ཁང་། ། གཞན་འདྲ་བ་ལ། རུ་ཊ་ཕོ་མོ་བསྣོལ་བའི་སྟེང་། །ཞེས་དང་། བཅོམ་ལྡན་བཛྲ་ཧེ་རུ་ཀ །ཡུམ་ཆེན་ཀྲོ་ཏཱི་ཤྭ་རི་མ། །ཞེས་བསྒྱུར་བ་གཞན་དང་འདྲ་བ་ལས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔


CMR011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྒྱའམ་སྟོང་དང་། ཡུམ་གྱི་མཁའ་ནས་དངོས་གྲུབ་བསྡུས། ནས། ཧཱུྃ། ཡང་དག་ཐུགས་ཀྱི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཞེས་སོགས་སྟོང་ཚིག་གི་མཆོད་པ་བྱའོ། །དེ་ནས་རང་ཉིད་ལྷོའི་གཙོ་བོ་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་འཕོས་ལ། ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་གཞལ་ཡས་ཁང་། ནས། །ཆུ་གླང་ཕོ་མོ་བསྣོལ་བའི་སྟེང་། ནས། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །ཡུམ་ཆེན་བཛྲ་བེ་ཏ་ལི། །སོགས་གཞན་གཞུང་ལྟར་བརྗོད་ནས། རང་ཉིད་གཤིན་རྗེའི་གཤེད་ཀྱི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་སོགས་ཐམས་ཅད་འདྲ་ལ། གཤིན་རྗེའི་གཤེད་ཀྱི་སྐུའི་འཇིག་རྟེན་གང་ནས་སྔགས་སྒྲ་སྒྲོགས་པར་བསྒོམ་ཞིང་། ཨོཾ་ཧཱིཏྠི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྒྱ་སྟོང་བཟླས་ནས་ཡུམ་གྱི་མཁའ་སོགས་གོང་ལྟར། ཧཱུྃ། འཇམ་དཔལ་སྐུ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཞེས་སོགས་སྟོང་ཚིག་མཆོད་པ་བྱའོ། །དེ་ནས་རང་ཉིད་ནུབ་དབུས་རྟ་མགྲིན་པདྨ་དབང་ཆེན་གྱི་ང་རྒྱལ་དུ་འཕོས་ལ། ཧཱུྃ། ནུབ་ཕྱོགས་འཁོར་ལོའི་གཞལ་ཡས་ཁང་། སོགས། །ཀླུ་རྒྱལ་ཕོ་མོ་བསྣོལ་བའི་སྟེང་། །སོགས། བཅོམ་ལྡན་རྟ་མགྲིན་པདྨ་དབང་། །ཡུམ་ཆེན་ཨེ་ཀ་ཙཱ་ཏི་མ། །སོགས་བསྒྱུར་ལ་འཛབ་བསྐུལ་གྱུར་ནས། །རྟ་མགྲིན་གྱི་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་བཀོད་པ་སོགས་


CMR011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྟ་མགྲིན་གྱིས་འཇིག་རྟེན་གང་བ་དང་། མཐར་ཡུམ་ལ་བསྡུ་བ་རྣམས་འདྲ་བ་ལས། ཨོ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླས་ནས། ཧཱུྃ། པདྨ་གསུང་གི་ལྷ་ཚོགས་སྤྱན་འདྲེན་གཤེགས་། །སོགས་སྟོང་ཚིག་གི་མཆོད་པ་བྱའོ། །དེ་ནས་རང་ཉིད་བྱང་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་གཞོན་ནུའི་ང་རྒྱལ་བཟུང་ལ། ཧཱུྃ། བྱང་ཕྱོགས་འཁོར་ལོའི་གཞལ་ཡས་ཁང་། ནས། །ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། །སོགས་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཆེ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཞེས་སོགས་བསྒྱུར་ལ་ཛབ་བསྐུལ་གྱེར། དེ་ནས་རང་རྡོ་རྗེ་གཞོན་ནུའི་ཐུགས་ཀར་སྔགས་སོགས་དང་། ཕུར་པས་འཇིག་རྟེན་གང་བ་དང་། མཐར་ཡུམ་ལ་བསྡུ་བ་གོང་ལྟར་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་ཁཾ་ཧཱུྃ་ཕཊ། ཅེས་བཟླས་ནས། ཧཱུྃ། ཕྲིན་ལས་ཕུར་པའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཞེས་སོགས་སྟོང་ཚིག་གི་མཆོད་པ་བྱའོ། །དེ་ནས་རང་ཉིད་ཤར་ལྷོའི་གཙོ་བོ་བླ་མེད་ཧེ་རུ་ཀའི་ང་རྒྱལ་བཟུང་ལ། ཧཱུྃ། ཤར་ལྷོ་འཁོར་ལོའི་གཞལ་ཡས་ཁང་། ནས། ། མ་མོ་བསྣོལ་བའི་གདན་སྟེང་དུ། །ཞེས་པ་ནས། བཅོམ་ལྡན་བླ་མེད་ཧེ་རུ་ཀ་།ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ། །ཞེས་སོགས་འཛབ་བསྐུལ་གྱེར་ནས། བླ་མེད་ཧེ་རུ་ཀའི་ཐུགས་ཀར་སྔགས་ཕྲེང་


CMR011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། འཇིག་རྟེན་བླ་མེད་ཧེ་རུ་ཀས་གང་བ་དང་། བསྡུ་ཚུལ་གོང་ལྟར་ལས། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ། ཅེས་བཟླས་ནས། ཧཱུྃ། མ་མོ་རྦོད་གཏོང་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་སྟོང་ཚིག་གི་མཆོད་པ་བྱའོ། །དེ་ནས་རང་ཉིད་ལྷོ་ནུབ་གཙོ་བོ་རིག་འཛིན་ཐོད་པ་རྩལ་ཆེན་གྱི་ང་རྒྱལ་བཟུང་ལ། ཧཱུྃ། ལྷོ་ནུབ་འཁོར་ལོའི་གཞལ་ཡས་ཁང་། ནས། །དར་ཟབ་གདན་ཁྲི་བརྩེགས་པའི་སྟེང་། ནས། །བཅོམ་ལྡན་རིག་འཛིན་རྡོ་རྗེ་ཆོས། །ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ། །སོགས་བརྗོད་ལ། ཐུགས་ཀར་ཧཱུྃ་ལ་སྔགས་བསྐོར་བ་དང་། རིག་འཛིན་གྱི་འཇིག་རྟེན་གང་བ་སོགས་སྤྲོ་བསྡུ་གོང་ལྟར་ལས། ཨོཾ་བཛྲ་གུ་རུ་སརྦ་ཧཱུྃ་ཕཊ། ཅེས་བཟླས་ནས། ཧཱུྃ། རིག་འཛིན་སློབ་དཔོན་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་སྟོང་ཚིག་གི་མཆོད་པ་བྱའོ། །དེ་ནས་རང་ཉིད་ནུབ་བྱང་གི་གཙོ་བོའི་ང་རྒྱལ་བྱས་ལ། ཧཱུྃ། ནུབ་བྱང་འཁོར་ལོའི་གཞལ་ཡས་ཁང་། ནས། །ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། ནས། །བཅོམ་ལྡན་དྲེགགས་པ་ཀུན་འདུལ་དཔལ། །ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ། །ཞེས་སོགས་ཛབ་བསྐུལ་གྱུར་ནས། ཐུགས་ཀར་ཧཱུྃ་ལ་སྔགས་སོགས་ཐམས་ཅད་འདྲ་བ་ལས། དྲེགས་པ་ཀུན་འདུལ་གྱི་འཇིག་རྟེན་གང་བ་དང་ཡུམ་ལ་བསྡུ་བ་སོགས་གོང་


CMR011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལས། ཨོཾ་བཛྲ་སརྦ་དུཥཱན་ཧཱུཾ་ཕཊ། བཟླས་ནས། ཧཱུྃ། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་སྟོང་ཚིག་གི་མཆོད་པའོ། །དེ་ནས་རང་ཉིད་བྱང་ཤར་གྱི་གཙོ་བོའི་ང་རྒྱལ་བྱས་ལ། ཧཱུྃ། བྱང་ཤར་འཁོར་ལོའི་གཞལ་ཡས་ཁང་། ནས། །དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་། །བཅོམ་ལྡན་སྟོབས་ལྡན་ནག་པོ་ཆེ། །ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ། །ཞེས་སོགས་གྱེར་ནས། ཐུགས་ཀའི་ཧཱུཾ་ལ་སྔགས་དང་སྟོབས་ལྡན་ནག་པོས་འཇིག་རྟེན་གང་བ་དང་། ཡུམ་ལ་བསྡུ་བའི་བར་བྱས་ཏེ། ཨོཾ་བཛྲ་སརྦ་དུཥྛན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཅེས་བཟླས་ནས། ཧཱུྃ༔ དམོད་པ་དྲགས་སྔགས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་མཆོད་བསྟོད་དང་། དེ་ནས་དཔལ་དགུ་ཁ་རང་ཉིད་ཡིན་པར་མོས་པ་ཙམ་བྱས་ལ། དཔལ་དགུའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཔལ་དགུ་ཁའི་ཕོ་ཉ་བྲན་གཡོག་ཐམས་ཅད་ལ་ཕོག་པས། ཅི་བགྱིས་བཀའ་ཉན་གསུང་སྡོད་འདར་ལྡི་ལི་ལི། སྔོན་གྱི་དམ་ཚིག་དྲན་ནས་དགྲ་བགེགས་གནོད་བྱེད་ཐམས་ཅད་བསད་གཏུབ་ཟོས། དཔལ་དགུའི་གཤོག་པ་གཡས་གཡོན་གྱི་རྩེ་ན་ཁྱུང་དཀར་ནག་གཉིས་རེ་ཡོད་པ་ལས། སྤྲུལ་པའི་ཁྱུང་གིས་ནམ་མཁའ་བར་སྣང་གང་བས་གནོད་བྱེད་ས་བདག་ཀླུ་གཉན་གཏད་ཁ་ལྟས་ངན་རྐྱེན་ཆག་ངན་པ་ཐམས་ཅད། གཤོག་པ་གཡབ་པའི་རླུང་ཤུགས་ཀྱིས་རྒྱ་མཚོའི་ཕར་ཁར་


CMR011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། མཆུས་ཟོས་སྡེར་མོས་བྲད། རྭ་ཅོས་བརྡུང་ནས་རྡུལ་དུ་བརླགས་པར་བསྒོམས་ལ། ཧཱུྃ། ཡང་སྤྲུལ་ཁྱུང་ཆེན་བཀའ་སྡོད་རྣམས། །སྐུ་གསུང་ཐུགས་ཀྱི་རོལ་པ་ལས། །བཀའ་བཞིན་ཕྲིན་ལས་སྒྲུབ་པའི་དཔལ། །བཟླས་བརྗོད་བསྙེན་པའི་མཆོད་པ་འབུལ། །ༀ་ཁྲོ་ག་རུ་ཊ་ཧཱུྃ་ཕཊ། སརྦ་དྷཱ་ཀི་ནཱི་ས་མ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པ་བརྒྱ་ཙམ་བཟླས་ནས། ཧཱུྃ༔ ཁྱུང་ཆེན་བཀའ་སྡོད་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་མཆོད་པ་བྱ་སྟེ། ཁྱུང་རྣམས་སྤྲུལ་གཞིའི་གཤོག་རྩེའི་ཁྱུང་ལ་ཐིམ་པར་བསྒོམ། དེ་ལྟར་སོ་སོར་བསྙེན་ནས་སྤྱི་དྲིལ་འདི་ཐུན་མཚམས་སུ་བཟླས་ཏེ། རྒྱུན་ཁྱེར་ལ་གོང་གི་སོ་སོར་མ་ལྕོགས་ན། འདི་ཁོ་ནས་ཀྱང་ཆོག་པ་ཡིན་ཏེ། བདག་བསྐྱེད་དཔལ་དགུ་ཁ་ཡིན་པ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ལ་ཕོག །དེས་ཐུགས་རྒྱུད་བསྐུལ་ཏེ་སངས་རྒྱས་ཐམས་ཅད་ལ་འོད་ཟེར་ཆེན་པོས་མཆོད་ནས་བྱིན་རླབས་བསྡུས། མདུན་བསྐྱེད་ལ་ཐིམ། མདུན་བསྐྱེད་ལས་འོད་ཟེར་དམར་པོ་མེའི་རང་བཞིན་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བསྲེགས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས། བདག་གི་སྡིག་པ་སྒྲིབ་པ་ནད་གདོན་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་པར་བསྒོམ་ཞིང་། དེ་ནས་དྲག་སྔགས་སོ་ལྔ་པ་བཟླས་ཏེ། ཨོཾ་ནི་རིགས་ལྔ་ཡེ་ཤེས་ལྔ། བཛྲ་


CMR011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས། མ་ཧཱ་ཀྲོ་ཏ་ནི་ཆེ་མཆོག་ཁྲག་འཐུང་གི་ལྷ་ཚོགས། པདྨ་ནི་རྟ་མགྲིན་པདྨ་དབང་ཆེན་གྱི་ལྷ་ཚོགས། ཀྲོ་ཏཱི་ཤྭ་རཱི་ནི་མ་མོ་རྦོད་གཏོང་དང་ཡུམ་གྱི་ལྷ་ཚོགས། བཛྲ་ནི་ཡང་དག་ཐུགས་ཀྱི་ལྷ་ཚོགས། ཀཱི་ལི་ཀཱི་ལ་ཡ་ནི་རྡོ་རྗེ་གཞོན་ནུའི་ལྷ་ཚོགས། མ་ཧཱ་ཡཀྵ་ནི་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས། ཀཱ་ལ་རཱུ་པ་ནི་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། ཀརྨ་ནི་ལས་ཀྱི་རིགས་དང་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས། རཾ་རཾ་ནི་མེ་སྟེ་ཡེ་ཤེས་ཀྱི་མེས། ཛྭ་ལ་རཾ་གྱིས་བསྲེགས་ཤིག །ཧཱུྃ་སྡུག་བསྔལ་འཛོམས་པ། ཕཊ་ཀྱིས་ཚར་བཅད་ཅིང་གཏོར་བ་སྟེ། །བདེ་གཤེགས་འདུས་པའི་ནུས་པ་དྲིལ་བ་དེ། །གསང་སྔགས་ཀུན་གྱི་བཅུད་ཡིན་པས། །ནུས་པ་ལྕེ་ཡི་བརྗོད་མི་ལོངས། །ལས་མཐའ་བརྒྱ་དང་རྩ་བརྒྱད་འགྲུབ། །ཐུན་མོང་དངོས་གྲུབ་བརྒྱ་ཡང་ཐོབ། །མཆོག་གི་དངོས་གྲུབ་བརྒྱ་ཡང་ཐོབ། །ཅེས་གསུངས་སོ། །དེས་ན། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་སོ། དེ་ནས་ཐུན་མཚམས་དེར་ངག་བཏང་དགོས་བྱུང་ན་རུང་།


CMR011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ངག་འཁོར་ཡུག་ཏུ་བཅད་ན་མཆོག་ཡིན་ནོ། །ཡང་ལས་བྱུང་ཚར་གཅིག་བཏང་སྟེ་བསྙེན་སྒྲུབ་སྔར་ལྟར་བྱའོ། །དེ་ལྟར་ཐུན་བཞིའམ་གསུམ་དུ་འབད་དེ། ། གྲངས་ནི་སོ་སོར་མི་རྩི་བར། སྔགས་ཐམས་ཅད་སྤོམ་སྟེ་གྲངས་བཟུང་ཆོག །དེའི་དོན་ནི་ལྷ་དང་སྔགས་རྣམ་གྲངས་མང་ན་ཡང་། ལྷ་ཐམས་ཅད་སྤྱིར་གྱིས་ཆོས་སྐུ་གཅིག་ཡིན་པ་དང་། ཁྱད་པར་དུ་འདི་ཐམས་ཅད་ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་རྗེ་ཞི་བ་ཞི་བ་བཞི་བཅུ་རྩ་གཉིས། དེས་མི་འདུལ་བ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས། སྐུ་ལ་གཤིན་རྗེ་གཤེད། གསུང་ལ་རྟ་མགྲིན། ཐུགས་ལ་བཛྲ་ཧེ་རུ་ཀ །ཡོན་ཏན་ལ་ཆེ་མཆོག །ཕྲིན་ལས་ལ་ཕུར་པ། གཟི་བརྗིད་ལ་མ་མོ། རིག་ལ་རིག་འཛིན། དྲེགས་པ་ལ་དྲེགས་འདུལ། སྟོབས་ལ་སྟོབས་ལྡན་ནག་པོ་སྟེ། དེ་ཐམས་ཅད་ཀུན་ཏུ་བཟང་པོ་དང་ཆེ་མཆོག་ཉིད་ལས་བྱུང་བ་གཞན་མ་ཡིན་ནོ། །འོ་ན་ཆེ་མཆོག་དེ་ཅི་ཞེ་ན། བཀའ་བརྒྱད་རྒྱུད་གསང་བ་འདུས་པ་ལས། དེ་ལ་ཡབ་ཀྱི་མིང་འདོགས་ནི། །དགྱེས་པ་རྡོ་རྗེ་ཞེས་ཀྱང་བྱ། །བླ་མེད་ཧེ་རུ་ཀ་ཞེས་ཀྱང་བྱ། བདེ་མཆོག་འཁོར་ལོ་ཞེས་ཀྱང་བྱ། ཆེ་


CMR011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཧེ་རུ་ཀ་ཞེས་ཀྱང་བྱ། བདེ་གཤེགས་འདུས་པའི་སྐུ་མཆོག་ཉིད། །ཅེས་གསུངས་སོ། །དེས་ན་སྔགས་ཐམས་ཅད་སྤོམ་པ་བདུན་འབུམ་ཉི་ཁྲི་ནི་གྲངས་ཀྱི་བསྙེན་པ་དང་། དུས་ནི་རྒྱུད་དེ་ཉིད་ལས། དེ་ལྟར་བསྙེན་སྒྲུབ་རིམ་པ་དག །རབ་ཏུ་ལོ་སྒྲུབ་རྟགས་ལ་སྦྱར། །འབྲིང་དུ་ཟླ་སྒྲུབ་གྲངས་ལ་སྦྱར། །ཐ་མ་ཞག་བདུན་ཞག་ལྔ་རུ། ། དད་བརྩོན་དྲག་པོས་འདི་བསྒྲུབས་པས། །བདག་སྲུང་རྩ་བའི་བསྙེན་པའོ། །རྟགས་ནི་རྒྱུད་ལས། མ་འགྲུབ་རང་ལ་ངན་སྲིད་ན། །ཉམ་དམའ་དཔའ་ཞུམ་སྟོབས་ཞན་དང་། །མདོག་ལོག་སྐད་འགགས་མིས་མི་ཉན། །རྨི་ལམ་དུ་ཡང་གྲོགས་མེད་འཁྱམས། །གོས་མེད་མཚོ་དང་ཆུ་སྐྱོགས་འབྱུང་། །གཏོར་མ་དུས་ཡོལ་ཆག་ཡོད་ན། །ཁྲལ་འདོད་ཉེ་དྲུང་འབྲེལ་པ་འཁང་། །སྒོ་ནོན་རང་ཡང་ལྟོགས་སྙོམ་བྱེད། །ཉམས་གྲིབ་མི་གཙང་གོས་སྲིད་ན། །ཡུགས་ས་མཛེ་ཅན་གཉེན་ཁྲོས་དང་། །གནམ་ངན་ཁ་བ་བུ་ཡུག་འཚུབ་། །འདམ་རྫབ་དུ་བ་བུ་ཡུག་འཚུབ། །བསྐང་བ་བཤགས་པ་རྒྱུན་དུ་བྱ། །ཞེས་གསུངས་པ་ལྟར་རྟགས་ངན་པར་བྱུང་ན་ཉམས་ཆག་དང་རྐྱེན་ཁ་ཡོད་པས། དེ་ལ་བསྐང་


CMR011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཤགས་པ་རྒྱུན་དུ་བྱའོ། །ཐུན་མཚམས་སུ་མདངས་བསྐང་ཆེ་ཆུང་རྣམས་འདོན། ཚོགས་དང་གཏོར་མ་བཟང་དུ་བྱའོ། །ཟན་ལིང་ལ་གནོད་བྱེད་འགུགས་གཞུག་བྱས་ལ་དམར་གཏོར་དུ་བཅུག་ནས། ཕོ་ཉ་སྒོས་བསྐུལ་ཡང་འདོན་ནོ། གེགས་སེལ་ལོ། །ཡང་རྒྱུད་ལས། །དེ་ལྟར་སྒྲུབ་པའི་འགྲུབ་རྟགས་བཤད། །བསྙེན་པ་རྫོགས་པའི་རྟགས་སུ་ནི། །དཔལ་ཆེན་ལ་སོགས་བདེ་གཤེགས་ཚོགས། །ཡང་ན་རང་གིས་ཞལ་མཐོང་ཞིང་། །ངག་གི་བདེན་པ་འགྲུབ་པ་དང་། །ཉམས་སྣང་རི་ལ་འཛེགས་པ་དང་། །རི་བོའི་རྩེ་ན་འདུག་པ་དང་། །དར་གདུགས་རྒྱལ་མཚན་ཕྱར་བ་དང་། །བུད་མེད་ཚོགས་འདུས་བསྐོར་བ་བྱེད། །སྡིག་སྒྲིབ་དག་པའི་རྟགས་ལ། ལུས་ལ་རྣག་ཁྲག་འཛག་པ་དང་། །ལུས་ལ་ཁྲག་འཛག་སེམས་ཅན་ཐོན། །བྷནྡྷ་ཕུར་པ་བརྡེག་ཅིང་འབར། །སྐུ་དང་འོད་སྒྲ་ལྷ་མོར་སྟོན། །དམ་རྫ་ས་ཁོལ་ལམ་དུ་བ་འབྱུང་། ། ལས་སྦྱོར་འགྲུབ་པའི་རྟགས་སུ་ནི། །ཞི་བས་འཇིགས་བརྒྱད་སྐྱོབ་པར་ནུས། །རྒྱས་པས་འབྱོར་དྲུག་སྤེལ་བར་ནུས། །དབང་གིས་སྡུད་ཅིང་དབང་དུ་ནུས། །དྲག་པོས་དགྲ་


CMR011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྒྲོལ་བར་ནུས། །ཉམས་སུ་བླ་འགུགས་དམིགས་པས་གསོད། །བསམ་པའི་དོན་འགྲུབ་ཞག་དུས་ཐོན། །རྨི་ལམ་དུ་ཡང་དུང་འབུད་དང་། །རྔ་སོགས་རོལ་མོ་འབུད་དཀྲོལ་དང་། །སྐྱོགས་འཕང་ཧོ་དང་རྫིང་རྡོལ་དང་། །མཆོད་རྟེན་ལྷ་ཁང་དཔལ་བེ་བརྩེགས། །གསོལ་བཏབ་མི་རྣམས་བྲན་དུ་ཁོལ། །མཚན་རྟགས་དེ་རྣམས་ཐམས་ཅད་ཀྱང་། །རབ་དངོས་ཡང་ཡང་རྟགས་ཐོན་ཞིང་། །འབྲིང་དུ་ཐུན་ཁོལ་བདུད་རྩི་ཁོལ། །འདི་སོགས་ཉམས་ལ་སྣང་བ་ཡིན། །ཐ་མ་རྨི་ལམ་བརྟེན་པོ་འབྱུང་། །ཞེས་པ་དང་དེའི་གནད་རྒྱུད་ལས། དེ་ལྟར་མཚན་མ་བཟང་དང་ངན། །གང་ལྟར་སྣང་ཡང་གཏང་སྙམ་འདུག །རློམས་སེམས་རྟོགས་པ་མི་བསྐྱེད་པར། །དངོས་གྲུབ་བླང་ཞིང་ངན་པ་བཟློག༔ ཅེས་གསུངས་པ་ལྟར། བཟང་བ་ལ་ཧ་ཅང་དགའ་བྲོད་མི་བྱ་སྟེ། དངོས་གྲུབ་ལེན་ཆོག་བྱ། ངན་པ་ལ་རྣམ་རྟོག་མི་བྱ། ཉམས་ལེན་གསལ་འདེབས་བྱ་ཞིང་། ། བསྐང་བ་དང་ཕོ་ཉ་སྒོས་བསྐུལ་གྱིས་བགེགས་བསལ་ལོ། །འདི་ལ་རྒྱས་པར་བསམ་གྱིས་མི་ཁྱབ་པ་ཡོད་དེ། འདིར་གོ་བདེ་བར་ཉུང་ངུར་བསྡུས་སོ། །དེ་ཡང་ཐུགས་ཀར་ཧཱུྃ་ལ་


CMR011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོས་བསྐོར་བ་བསྙེན་པ། དེ་གཡས་སུ་དྲག་ཏུ་འཁོར་བ་ཉེ་བར་བསྙེན་པ། དེ་ལས་འོད་ཟེར་འཕྲོས་པས་སྣང་སྲིད་ཐམས་ཅད་ལྷའི་སྐུས་བཀང་སྔགས་སྒྲ་བསྒྲོགས་པས། སངས་རྒྱས་ཀྱི་བྱིན་རླབས་བསྡུས་ཕོ་ཉ་ལས་ལ་བསྐུལ་བ་སྒྲུབ་པ། དེ་ཐམས་ཅད་ཡུམ་ལ་བསྡུས་ནས་དངོས་གྲུབ་རང་ལ་བསྟིམ་པ་སྒྲུབ་པ་ཆེན་པོའོ། །དེ་ནས་ལས་ལ་སྦྱོར་བ་ནི། ལོ་སྒྲུབ་ལ་ཟླ་གཅིག །ཟླ་སྒྲུབ་ལ་ཞག་བཞི་ཙམ། ཞག་བདུན་ཡིན་ན་ཞག་གཅིག །གཏོར་ཟློག་དུས་ཡིན་ན་ཡུད་ཙམ་ཕྲེང་བསྐོར་རེ་རེ་སྟེ། རང་ཉིད་ལས་འོད་ཟེར་དཀར་པོ་འཕྲོས་པས། མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་བསིལ་ཞིང་བདེ་བའི་རང་བཞིན་ཅན་འཕྲོས་ནས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག །རང་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསྒོམས་ལ། ནམ་ལངས་ནས་ཉི་ཤར་ཚུན་གྱི་ཐུན་ལ། སྔགས་ཐམས་ཅད་སོ་སོའི་ཤམ་དུའམ། བསྡུ་ན་དྲག་སྔགས་སོ་ལྔ་པའི་


CMR011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་དུ། འཇིགས་པ་བརྒྱད་སོགས་སྡིག་སྒྲིབ་ནད་གདོན་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་ཕཊ་སྭཱ་ཧཱ། ཞེས་སྦྱར་ཏེ་དེ་ཡང་སྔགས་མཇུག་ཕཊ་ཀྱིས་གོང་ཧཱུྃ་གི་འོག་ཏུའོ། །ཉི་དྲོས་ནས་ཕྱེད་བར་དུ། རང་ཉིད་ལས་འོད་ཟེར་སེར་པོ་འཕྲོས། མདུན་བསྐྱེད་ལ་ཕོག་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གསེར་བཙོ་མ་ལྟ་བུར་འཕྲོས། རང་དང་བསྲུང་བྱ་ཐམས་ཅད་ལ་ཕོག་ཅིང་ཐིམ་པས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བསྒོམས་ལ། སྔགས་ཐམས་ཅད་ཀྱི་ཕཊ་སྤང་བ་ལ། ཧཱུཾ་གིས་མཆན་ནས། ། འབྱོར་བ་དྲུག་སོགས་ཚེ་དང་བསོད་ནམས་ཐམས་ཅད་པུཊྚི་ཀུ་རུ་ཡེ་ཧཱུཾ། ཞེས་སྦྱར་ལ་བཟླའོ། །ཉིན་ཕྱེད་ཡོལ་ནས་ཉི་མ་ཐལ་ཁའི་བར་དུ། རང་ཉིད་ལས་འོད་ཟེར་དམར་པོ་གློག་ལྟ་བུ་འཕྲོས། མདུན་བསྐྱེད་ལ་ཕོག་པས་མདུན་བསྐྱེད་ལྷ་ཚོགས་ལས། འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས་པས། སྲིད་པ་གསུམ་གྱི་ཡོན་ཏན་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་བསྒོམ་ཞིང་། སྔགས་ཐམས་ཅད་ཀྱི་ཕཊ་སྤང་། ཧཱུྃ་གི་གོང་དེར། ཁམས་གསུམ་སྲིད་གསུམ་གྱི་ཡོན་ཏན་ཐམས་ཅད་


CMR011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཤཾ་ཀུ་རུ་ཡེ་ཧཱུྃ། ཞེས་བཟླས་སོ། །ཉི་མ་ནུབ་ནས་སྲོད་འཁོར་བར་ལ། རང་ཉིད་ལས་འོད་ཟེར་མཐིང་ནག་འཕྲོས་ནས་མདུན་བསྐྱེད་ལ་ཐིམ། ལྷ་ཚོགས་རྣམས་ལས་འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པའི་རང་བཞིན་ཅན་ཕྱོགས་བཅུར་འཕྲོས་པས་ཕྱིའི་དགྲ་བགེགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་ཚར་བཅད། འོད་ཟེར་རང་ལ་ཐིམ་པས། དུག་ལྔ་དུག་གསུམ་སྡིག་སྒྲིབ་ཐམས་ཅད་ཚར་བཅད་དེ་མེད་པར་བྱས་པར་བསྒོམས་ནས། སྔགས་ཐམས་ཅད་ཧཱུྃ་གི་མཆེན་ནས། དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཀུ་རུ་ཡེ་ཕཊསྭཱ་ཧཱ། ཞེས་བཟླས་ཏེ་དེ་ནི་ལས་སྦྱོར་རོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཚང་ནས་སམ། སྒྲུབ་པའི་དུས་སུ་རྟགས་བཟང་པོ་ནམ་བྱུང་དུས་དངོས་གྲུབ་ལེན་པ་ནི། ༈ རང་གི་ཐུགས་ཀ་ནས་འོད་ཟེར་མདུན་བསྐྱེད་ལྷ་ཚོགས་ལ་ཕོག་པས། དངོས་གྲུབ་སྩོལ་བའི་དུས་ལ་བབ་པར་མཁྱེན་ནས། ལྷ་ཐམས་ཅད་ཀྱི་དཔྲལ་བ་ནས་འོད་ཀྱི་ཐིག་ལེ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པ་ནས་འོད་ཀྱི་ཐིག་ལེ་དམར་པོ་ཨཱཉྩས་མཚན་པ། ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་མཐིང་ག་ཧཱུྃ་གིས་མཚན་པ་གསུམ་


CMR011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་ཀྱིས་ཆད་དེ། འོད་ཟེར་བཀྲག་མདངས་བསམ་གྱིས་མི་ཁྱབ་པ་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བྱོན་ནས། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དུས་གཅིག་ལ་ཐོབ་པར་བསྒོམས་ཤིང་། ཧཱུྃ། ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །ཞེས་སོགས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཅེས་པའི་བར་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ ཞེས་བརྒྱ་ཙམ་བཟླས་ལ་ནང་མཆོད་སྲིན་ལག་གིས་ལྕེ་ལ་བཞག །གནས་གསུམ་དུ་ཐིག་ལེ་བྱའོ། །གཏོར་ཟློག་དུས་ཡིན་ན་མདའ་དར་དང་ཁྱུང་སྐུ་དངོས་གྲུབ་ཏུ་བླངས་ལ་རང་གི་གནས་གསུམ་དུ་གཏུགས། མར་རྒྱན་བླངས་ལ་ཅུང་ཟད་ལྕེ་ལ་བཞག །གནས་གསུམ་དུ་བྱུག་གོ །དེ་ནས་སྒྲུབ་པ་ཡིན་ན་ཚོགས་དང་ཚད་མདོ་སོགས་ལས་བྱང་གི་བསྡུ་རིམ་ཡན་ཆད་ལས་བྱང་ལྟར་ཚང་བར་བྱའོ། །གཏོར་ཟློག་ཡིན་ན་འདོན་འགྲིགས་ལྟར་མདོས་ཕུལ་བ་སོགས་ཐམས་ཅད་བྱའོ། །གོང་གི་བསྙེན་སྔགས་དེ་རྣམས་ལ་འདྲ་མིན་མང་དུ་འོང་བ་ནི། ཡི་གེ་མ་དག་པ་མིན། གཏེར་གོང་འོག་དང་གནས་སྐབས་སོ་སོར་ཡིན་པས། ཆོས་དབང་ལུགས་ཀྱི་ལས་བྱང་ལ་གཙོ་བོར་བྱེད་ཚེ་སྔགས་འདིར་བཀོད་པ་རྣམས་དག་པས་ཐེ་ཚོམ་མི་བྱའོ། །དེ་ལྟར་


CMR011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་བ་ཡོངས་རྫོགས་ལ་ཡི་དམ་བྱས་ཤིང་བསྙེན་ན་བདེ་བར་གཤེགས་པ་ཞི་དང་ཁྲོ་བོ་གསང་སྔགས་ཀྱི་ལྷ་ཐམས་ཅད་འགྲུབ་སྟེ། མཚན་ཞི་ཁྲོ་གསང་བ་ཡོངས་རྫོགས་ཟེར་བའི་དོན་དེ་ལྟར་རོ། །ཕན་ཡོན་ཨོ་རྒྱན་རིན་པོ་ཆེའི་གསུངས་པ་ནི་འདི་ལྟར་ཏེ། སྙིང་པོ་བཟླས་པ་ལ་བརྩོན་ནས། བསྐུལ་ཞིང་གསོལ་བ་བཏབ་པ་ཙམ་གྱིས་ཐུགས་རྗེ་སྐྱེ་སྟེ། ཆོས་སྐུ་དང་གཟུགས་སྐུ་གཉིས་རང་དབང་མེད་པར་ཤར་ཏེ། རང་གི་ལས་དང་མོས་པ་མཐུན་པར་ཞལ་ངེས་པར་སྟོན། འདི་ཉིད་སྐུའི་དངོས་གྲུབ་ཀྱང་སྣང་སྟེ། བདེ་གཤེགས་གཅིག་སྒྲུབ་རྒྱལ་བ་ཀུན་དང་མཇལ། །ཞེས་བྱའོ། །གསུང་འགྲུབ་པའི་རྟགས་སུ་སྒྲ་སྙན་ཐོས་ཤིང་གསུང་དངོས་སུ་འབྱོན་པ་དང་། ངག་ནུས་པ་ཐོན་པ་དང་། ངག་བདེན་པ་ཐོབ་པ་དང་། ལུང་སྟོན་ཆོས་འཆད་ནུས་པ་འབྱུང་ངོ་། །ཐུགས་ཀྱི་དངོས་གྲུབ་ཐོབ་རྟགས་སུ། །སེམས་ཕྱིན་ཅི་མ་ལོག་པའི་དོན་མཐོང་བ་དང་། ཆོས་ཉིད་སྐྱེ་མེད་དོན་རྟོགས་ཏེ། མ་བསླབ་པའི་རིགས་པ་རང་བྱུང་ཁོང་ནས་འཆར་བ་དོན་ཤེས་རྣམ་མཁྱེན་ཕྱོགས་མེད་དུ་འཆར་རོ། །ཐུན་མོང་གི་དངོས་གྲུབ་ལ་སོགས་འབྱུང་བ་ནི། སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ། བྱིན་


CMR011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དབང་གི་དངོས་གྲུབ། འཚོ་བ་ཟས། དྲག་རྩལ་མཐུ། བཙན་ཕྱུག་ནོར། རྒྱུད་འཛིན་སྲས། ཀུན་གྱིས་གཙུག་ཏུ་ཁུར་བ། ནད་གདོན་བར་ཆད་ཞི་བ་ལ་སོགས་དངོས་གྲུབ་ཐམས་ཅད་འབྱུང་ངོ་། །ཁྱད་པར་དུ་རྣལ་འབྱོར་པ་ལུས་བདེ། སྐྲ་དཀར་གཉེར་མ་མེད་ཅིང་ལུས་ལ་གློ་བུར་དུ་ནད་ཀྱིས་མི་ཚུགས། གསུང་བཟང་ཀུན་ཉན། སེམས་ཅན་སྡུག་བསྔལ་ལས་གྲོལ་བ་དག་འབྱུང་ངོ་། །དངོས་སུ་སྣང་བ་ཕུར་པ་ལས་འོད་འཕྲོས། སྒྲ་འབྱུང་དྲི་ཞིམ་པོ་དང་འཕར་བ་དང་། བཞད་པ་དང་། མེ་འབར་བ་ལ་སོགས་འབྱུང་ངེས་སོ། །དམ་ཅན་རྦད་ཅིང་འགུགས་གཞུག་བྱས་པས་བརླ་རྟགས་སུ། ར་སྐད་འབྲི་སྐད་དངོས་སུ་འོང་བ་དང་། བླའི་སེམས་ཅན་དང་རྭ་དང་རི་དྭགས་བསད་པ་དང་། སྙིང་སྟོན་པ་མགོ་བཅད་པ་ལ་སོགས་འབྱུང་ངོ་། །རྣལ་འབྱོར་པ་མྱ་ངན་ལས་འདས་པའི་ཚེ་ནའང་། ལུས་ཀྱི་སྐུ་འགྲུབ་རྟགས་སུ་སྐུ་གདུང་ཆེན་པོ་འབྱུང་། ངག་གསུང་འགྲུབ་རྟགས་སྒྲ་དང་། ལྗགས་མེའི་མི་ཚིག་པ་འབྱུང་ངོ་། ཡིད་ཐུགས་འགྲུབ་རྟགས་སུ་རིང་བསྲེལ་འཇའ་ཚོན་འབྱུང་ངོ་། །ཞེས་གསུངས་སོ། །དེས་ན་ཚེ་འདིར་ངག་ནུས་ཆེ་


CMR011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། འདྲེ་གདོན་ཐུལ་བ་ཙམ་ཁོ་ན་ལ་མི་བསམ་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་ནས། འབད་མེད་ལྷུན་གྲུབ་ཀྱི་འགྲོ་བ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་སེམས་བསྐྱེད་ཀྱིས་ཟིན་པར་བྱ་སྟེ། བསྙེན་སྒྲུབ་བྱ་བ་དང་། གཞན་དུ་ཁྲོ་རོལ་བཅའ་ཚེ་ཡང་བསྙེན་པ་དང་དམིགས་པ་གཏོར་སྒྲུབ་ཏུ་དམིགས་ནས་བྱས་པས། རང་གཞན་གྱི་བར་ཆད་སེལ་བ་དང་། ཐུན་མོང་གི་དངོས་གྲུབ་ཞོར་ལ་འབྱུང་ཞིང་། ཕྱི་མ་མཆོག་གི་དངོས་གྲུབ་ཐོབ་པར་ཤེས་པར་བྱོས་ཤིག །ཅེས་པ་བཀའ་བརྒྱད་ཀྱི་དབང་མོ་ཆེ་བསྐུར་སྐབས་དང་། ཕྱག་ལེན་ཅུང་ཙམ་འཆད་པའི་དུས་ལ། གུ་རུ་སྔགས་འཆང་གིས་སྒྲུབ་པ་གཅིག་བྱེད་པའི་ཁས་ལེན་བྱས་པ་ལ་བརྟེན་ནས། ༧ སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་སྟེ། སྔགས་པ་གསར་བུ་མང་པོ་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་ཀྱི་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་དང་གཏོར་ཟློག་དུས་དང་རྒྱུན་ཁྱེར་དུས་ཀྱི་འཛབ་དགོངས་དམིགས་རིམ།next