Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཁྲོ་བོ་རོལ་པའི་མདོས་ཐབས་བཟློག་ཐབས་རྒྱས་འབྲིང་བསྡུས་གསུམ་བསམ་གཏན་ཆོ་ག་དང་བཅས་པའི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཁྲོ་བོ་རོལ་པའི་མདོས་ཐབས་བཟློག་ཐབས་རྒྱས་འབྲིང་བསྡུས་གསུམ་བསམ་གཏན་ཆོ་ག་དང་བཅས་པའི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ།next

བཀའ་བརྒྱད་ཁྲོ་བོ་རོལ་པའི་མདོས་ཐབས་བཟློག་ཐབས་རྒྱས་འབྲིང་བསྡུས་གསུམ་བསམ་གཏན་ཆོ་ག་དང་བཅས་པའི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ།


CMR011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཁྲོ་བོ་རོལ་པའི་མདོས་ཐབས་བཟློག་ཐབས་རྒྱས་འབྲིང་བསྡུས་གསུམ་བསམ་གཏན་ཆོ་ག་དང་བཅས་པའི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བཞུགས་སོ༔


CMR011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་རྒྱུད་གསང་བ་འདུས་པ་ལས༔ མདོས་ཀྱི་ལེའུ་གཏོར་ཟློག་གཉིས་པོ་སོ་སོར་གསུངས་སོ༔ མདོས་ལ་མ་མོ་གླིང་བཞི་སྲིད་པའི་སྤྱི་མདོས་ཆེན་པོ་བཀའ་མ་དང་༔ རཀྵ་གཏེར་སྟོན་གྱི་གཏེར་མ་དང་༔ མདོས་ཆེན་གཅིག་ལ་མདོས་ཕྲན་མང་པོས་བསྐོར་བ་ཡོད་དོ༔ ནམ་མཁའ་ཤིང་རིས་དར་དཔྱངས་རུ་མཚོན་གཟུགས་འགྲོས་རེ་རེ་ལའང་སྟོང་དང་ལྔ་བརྒྱ་རེ་དགོས་པ་དེ༔ སྔར་རྒྱལ་བ་གཡུང་སྟོན་པས༔ རྒྱ་ནག་རྒྱལ་པོའི་སྐུ་རིམ་ལ་བཅས་པས་ལྟས་དང་ཆོ་འཕྲུལ་ཆེན་


CMR011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་སྐད༔ དེ་མིན་སུས་བཅས་པའི་ལོ་རྒྱུས་མི་སྣང་ལ་བཀའ་བརྒྱད་གླིང་བཞི་སྲིད་པའི་སྤྱི་མདོས་ནི༔ ཉང་གི་གཏེར་ཁ་ནས་བསྐང་ཆེན་བཞི་ཞེས་པ༔ མཆོད་པ་ཕུད་ཀྱིས་བསྐང་བ༔ དམ་རྫས་མདོས་ཀྱིས་བསྐང་བ༔ སྲོག་ཆགས་རྒྱུས་བསྐང་བ༔ གླིང་བཞི་མདོས་ཀྱིས་བསྐང་བ་དང་བཞི་ལས༔ གླིང་བཞི་སྤྱི་མདོས་གཅིག་དང་༔ ཆོས་དབང་གཏེར་ཁ་ནས༔ ཡོངས་རྫོགས་གླིང་བཞི་སྲིད་པའི་སྤྱི་མདོས་གཅིག་བྱུང་ནའང་༔ ཧ་ཅང་མདོས་ཆས་སོགས་དཀའ་བས་བཅའ་བའི་ཕྱག་ལེན་རྒྱུན་ཁམས་ཕྱོགས་འདིར་འབྱུང་བར་མི་སྣང་ངོ་༔ དེས་ན་སྤུ་ཀོང་རྣམས་སུ་ཁྲོ་བོ་


CMR011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་བཅའ་ཟེར་བའི་སྲོལ་ཆེན་པོ་དར་བ་དང་༔ ཀཿཐོག་པའི་ཕྱག་ལེན་གྲུ་རིས་དང་བཅས་པ༔ མར་ཐང་དུ་མཁའ་དྲུང་གི་ཕྱག་སྲོལ་དར་བ་དང་༔ སྔགས་པ་ཕལ་ཆེར་གྱི་བཅའ་བ་ཐམས་ཅད་ནི༔ ཁྲོ་བོ་རོལ་པའི་སྨུག་ནག་མའི་གཏོར་ཟློག་འདི་ཁོ་ན་ལགས་སོ༔ འདི་ལ་མདོས་ཐབས་དང་ཟློག་ཐབས་གཉིས་ལས༔ མདོས་ཐབས་ལ་རྒྱས་འབྲིང་བསྡུས་གསུམ༔ ཟློག་ཐབས་སྒྲུབ་ཆེན་དང་འབྲེལ་བ་ཕོ་བྲང་ཉི་མ་དགུ་ཤར༔ ཟློག་པ་ཁ་རྐྱང་ལ་རྒྱས་འབྲིང་བསྡུས་གསུམ༔ ཤིན་ཏུ་བསྡུས་པ་རབ་ཏུ་བསྡུས་པ་དང་རྣམ་གྲངས་དགུའོ༔ དེ་རྣམས་ཀྱི་ཟིན་བྲིས་གཏེར་གཞུང་དང་མཛད་ཆོས་མཐའ་ཡས་པ་བྱུང་བ་རྣམས་ཀྱི་དོན་བསྡུས་གོ་བསྟུན་ནས་གང་དང་ཡང་མི་འགལ་ཞིང་༔ ལག་བླང་ཁྱེར་བདེ་བར་བཀོད་པ་ནི་འདི་ལྟར་རོ༔ དང་པོ་སྟ་གོན་དང་དངོས་གཞི་བཅའ་ལུགས་འདོན་ལུགས་སོ༔ ༈ དང་པོ་ནི་ཁྱུང་སོགས་ཙཀ་ལི་ཐམས་ཅད་དང་ནམ་གདུགས་སོགས་ནམ་མཁའ་རྣམས༔ འཁོར་ལོ་ཐམས་ཅད་དང་ཤིང་བྲིས་རྣམས་དང་༔ རི་རབ་ཀྱང་རབ་ཤིང་བྲེ་ལྟ་བུ་སྟེང་མ་རྒྱ་ཆེ་བ༔ དེ་འོག་ཅུང་ཡངས་བ༔ དེ་རྒྱབ་གཉིས་རྒྱ་དོག་ཞད་ཅན་གཙག་རྣམས་མཐོ་བ་ལ༔ ཤར་དཀར༔ ལྷོ་


CMR011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ༔ ནུབ་དམར༔ བྱང་ལྗང་བྱ༔ དེ་ལ་མདོས་གཞི་ཕྱི་ནང་གཉིས་གསུངས་པའི་ནང་མ་བང་རིམ་ཐ་མ་དེ་ཡིན་ནོ༔ མདོས་གཞི་སྒོ་ཁྲི་ཁྱེར་བདེ་བ་ལ་དབུས་སུ་སྲོག་ཤིང་ཟུར་བཞི་ཟུར་ཤིང་འཛུགས་པའི་བུག་པ་དང་༔ ཁྱེར་དུས་བཟུང་བདེ་བའི་ཡུ་བ་བཞི་བྱའོ༔ འདི་བཟློག་མདོས་ཡིན་ཕྱིར་ཕྱི་ལ་ཕུལ་དགོས་པས༔ དུད་ཆེ་འབྲིང་གི་སྒོ་ལས་ཐར་བའི་ཚད་གལ་ཆེའོ༔ གཞན་ཡང་རྩང་ཐུང་མཐོ་རེའམ་མཛུབ་རེ་ཙམ་ལ་ལྷག་རྒྱུ་དང་བཅས་པའི་བཞི་བརྒྱ༔ རྩང་རིང་བརྒྱ་དང་ལྷག་རྒྱུ་བཅས་བཞི་བཅུ་ཙམ༔ སྒོ་རྩང་བཞི་དར་གདུགས་རྒྱལ་མཚན་ཆུང་ངུ་བཞི༔ བྲུབ་ཁུང་ཕུར་པ་བཅུ་སོགས་ཐམས་ཅད་སྔར་ནས་འཛོམས་པར་བྱ་དགོས་སོ༔ ༈ དེ་ནས་ཟློག་ཐབས་ཤིན་ཏུ་རྒྱས་པ་ཕོ་བྲང་ཉི་མ་དགུ་ཤར་ནི་སྒྲུབ་ཆེན་གཏོར་ཟློག་དང་འབྲེལ་པ་ཡིན་ཏེ༔ སྒྲུབ་ཆེན་ནས་གསུངས་པ་ལྟར་ས་ཐིག་ཆོག་བྱས་མ་ཀྲྀ་བསྒྲལ་ལ༔ རྒྱལ་ཐོ་སྒོ་བྱང་དམ་སྲི་མནན་ཞིང་༔ སྔོན་འགྲོ་ཚ་ཚ་བཀའ་བཀླག་སོགས་དང་༔ རྡུལ་ཚོན་གྱི་ཕོ་བྲང་གླིང་དགུ་སྒོ་བཞི་བཅུ་པ་བྲིས་པའི་དབུས་དགུར་ལིང་ག་དགུ་སྟེང་ཕུར་པ་རེ༔ དེ་སྟེང་དཔལ་དགུའི་གཏོར་མ་ཆུང་དང་ཁྱུང་དང་འཁོར་ལོ་ཅན༔


CMR011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སྨན་རཀ་མཆོད་པ་བསྐོར་བ་བཤམས༔ ལས་བཞིའི་གཏོར་མ་དང་༔ ལྷོ་ནུབ་མཚམས་སུ་རུ་ཏྲའི་མགོར་ཕོ་ཉའི་གསོལ་ཁ་སོགས་ནས་མཐར་སྡེ་དཔོན་གསོལ་ཁ་ཁྱུང་ཟློག་ཟོར་བཅས༔ དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་མར་མེ་དང་མཆོད་པ་སྣ་བདུན་ཆ་བརྒྱད༔ དེ་རྒྱབ་མདའ་བཞི༔ གྲི་བཞི༔ ཚོན་སྐུད་དྲྭ་བ་རྒྱལ་མཚན་མདའ་དར་མེ་ལོང་དར་འཕན་རྣམས་བཞི་རེ༔ སྟག་གི་སྒྲུབ་སྐོར་རྒྱབ་ནས་རྩང་ར་བསྐོར༔ དེ་རྒྱབ་གང་བདེར་ངར་མདོས་རྔ་མོང་ཟ་ལམ་རྣམས་བཅའ་འོ༔ དེ་ནས་ཐུན་པ་མང་མས་སྔགས་རྒྱུན་འཛབདབྱངས་སུ་གྱེར་བའི་སྟོང་རེའི་སོར༔ རྣལ་འབྱོར་པ་ཚན་གཅིག་གིས་སྟོང་ཚིག་གི་མཆོད་པ་བྱ༔ དེ་དུས་མཆོད་པ་གསོའོ༔ ཚན་གཅིག་གིས་དུས་དྲུག་ཏུ་ལས་བྱང་གཞུང་བསྲངས༔ ཚན་གཅིག་གིས་གསོལ་ཁ་ཐམས་ཅད་དང་ཕུད་བསྐང་སོགས་བྱ༔ ཚན་གཅིག་གིས་བསྐང་བ་བྱ༔ ཚན་གཅིག་གིས་ཉུ་ལེ་བསྐྲད༔ ནུས་པ་ཅན་ཚན་པ་དགུའི་སོ་སོར་དཔལ་དགུ་སོ་སོའི་བསྒྲལ་ལས་བསྟབ་པ་ཟློག་གཞུང་འདོན༔ ཚན་གཅིག་གིས་ཁྱུང་དང་རྔ་མོང་རྒྱལ་མཚན་དགུ་སོགས་འདོན༔ ཞག་བདུན་ནམ་དགུའི་བར་དུ་སྔགས་རྒྱུན་མ་ཆད་པར་བྱས་ལ༔ འབུལ་ཁ་ཉིན་


CMR011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་གཞུང་གི་ཕུར་འདེབས་རྒྱས་པར་བྱས་ལ༔ ཕུར་པ་ཐུན་པས་སྐྱེད་ལ་བསྐོར་བ་སོགས་འགྲིམས་ནས་མཆོད་གཡོག་པས་རྒྱབ༔ དེ་ནས་སྒོ་དབྱེ་གསེར་སྐྱེམས་སོགས་གཞུང་ལྟར་ལས་དཀྱིལ་འཁོར་གྱི་གཏོར་མ་རྣམས་སྒོ་ཁྲིར་ཕྱོགས་ཕྱོགས་སུ་བཀོད་དམ༔ ཕྲེང་དུ་ཁྱེར་ཡང་རུང་༔ ཕྱིར་ཁྱེར་ལ་ཟ་ལམ་ཟོར་རྟ་བྲོ༔ ནང་དུ་ཚེ་ཆོག་དང་རྒྱལ་ཐོ་བསྡུ་བ་སོགས་དང་དབང་དང་དངོས་གྲུབ་ལེན་པ་མར་མེ་སྨོན་ལམ་བཀྲ་ཤིས་བསྡུ་ཆོག་ཐམས་ཅད་སྒྲུབ་ཆེན་ཇི་ལྟ་བ་བཞིན་ནོ༔ འདི་ལ་རབ་རྣལ་འབྱོར་པ་བརྒྱ་རྩ༔ འབྲིང་ལྔ་བཅུ་ཐ་ན་ཡང་སུམ་ཅུ་ཙམ་མེད་ཐབས་མེད་ཅིང་སྔགས་རྒྱུན་དཀའ་བས་སུས་མི་འཁྱོངས་ཕྱིར་ཞིབ་པར་མ་སྨྲས་སོ༔ ༈ སྟབས་བདེ་བ་ལ་མདོས་ཐབས་ཟློག་ཐབས་གང་ལ་ཡང་སྔོན་འགྲོའི་ཚ་ཚ་ས་སྟེགས་སོགས་མི་དགོས་ཏེ༔ འོག་ཏུ་སེམས་ཅན་གང་རུང་གི་གཡང་གཞི་དེ་ཡང་གོད་ལྤགས་ཡིན་ན་གོད་གཅོད་འགྲོ་བས་ལེགས་ཏེ་ངེས་པར་བཤའ་མི་དགོས་སོ༔ དེའི་སྟེང་དུ་ཐིག་དགུ་ལིང་བཏབ་པའི་ལིང་ཚེ་རེ་ལ་ཁྲག་གམ་བཙག་གིས་ཆོས་འབྱུང་ཕྱི་ནག་ནང་དམར་དགུ་བྲི་བ་ཧོམ་ཁུང་དགུ་མཚོན༔ དབུས་མའི་སྟེང་དུ་བྲུབ་ཁུང་དུ་བསད་འཁོར་ལིང་ག་


CMR011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཏུམ་པ་བཅུག་ལ་བཞག༔ སྟེང་དུ་རི་རབ་གཟུགས་ཀྱིས་ཁ་བཅད་དོ༔ གཞན་བརྒྱད་དུ་ཟན་ལིང་ཁྲག་གིས་སྦག་པ་བརྒྱད་བཞག་པ་ནི༔ དཔལ་དགུའི་གཏོར་མའི་ཞབས་སུ་ལིང་ག་བཅུག་གསུངས་པའི་དོན༔ དེའི་སྟེང་དུ་ལྡེང་ཁྲིའམ་ཅོག་ཅེ་བཞག་པའི་སྟེང་དུ་ལྷ་སྐུ་མེད་པའི་རས་བྲིས་ཀྱི་དཀྱིལ་ཐང་ངམ་ཤོག་གུའི་དཀྱིལ་འཁོར༔ མེད་ན་རུ་ཏྲའི་ལྟོ་བར་བྲིས་པའི་འཁོར་ལོ་རྩིབས་དགུ་ཅན་བཏིང་བ་དཀྱིལ་འཁོར༔ དེ་མེད་ན་དེར་གཞི་བཏིང་བ་ལ་ཚོམ་བུ་དགུ་བཀོད་པ་གཞན་གཙོ་འཁོར་བཞི་རེ་འདྲ་བ་ལ༔ ཤར་ལྷོ་འཁོར་ལྔ་བཀོད༔ དེ་རྒྱབ་མུ་ཁྱུད་གཉིས་རིམ་ནང་མ་ལ་ཕོ་ཉ་དང་༔ རྒྱབ་མ་ཕྱི་ཁྱམས་ལ་ལྷ་གྲངས་ཏེ་བསྡུ་ན་གྲངས་མེད་བྱའོ༔ དེ་སྟེང་ཁྲིའམ་ཨོ་བཅིང་སྟེང་མདོས་སམ་གཏོར་ཟློག་བཤམས་པ་ཡིན་ཏེ༔ གཏོར་ཟློག་རང་གི་སྙིང་ཁ་ལས་མི་མཐོ་བ་གལ་ཆེ་བས༔ ཀཿཐོག་སྔགས་པ་རྣམས་ཀྱིས་ཁྲི་མཐོན་པོ་བྱེད་སྐད་དོ༔ ༈ དེ་ནས་མདོས་ཐབས་ལ་ངེས་པར་མདོས་གཞི་གྲུ་བཞི་བྱ༔ དེ་སྟེང་སྲོག་ཤིང་བཙུགས་ལ་རི་རབ་ཤིང་ཡིན་ན་འབྲུ་ཡིས་བཀང་༔ འཇིམ་པ་ལ་བྱེད་ན་ནང་དུ་ཕུབ་རྒོད་ཐང་ལུད་རིལ་མ་སོགས་ཀྱིས་བཀང་ནས་ནང་དུ་རིན་པོ་ཆེ་དང་འབྲུ་བླུག༔ ཡང་ན་


CMR011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་དང་གསེར་སྐྱེམས་བདར་རོ༔ རི་རབ་སྟེང་དུ་ཆེ་མཆོག་གཏོར་མ་གྲུ་གང་༔ མ་འབྱོར་ན་མར་རྒྱན་དང་བཅས་པ་གྲུ་གང་ཡོད་པ་བྱ༔ དེ་རྒྱབ་དམར་གཏོར་འཁྱུད་གང་བ་བཞི་ནི་སྲས་བཞི༔ དེ་རྒྱབ་ཀོང་ཟོར་དམར་གཏོར་གྱི་སྙིང་ཅན་དགུས་བསྐོར༔ དེ་རྒྱབ་ཅེ་སྤྱང་མ་བརྒྱད་ལ་སྙིང་གི་གཟུགས་བརྒྱད་དོ༔ དེ་འོག་བང་རིམ་ལ་ཕྱོགས་མཚམས་བརྒྱད་དུ་དམར་གཏོར་ཆེ་བ་བརྒྱད༔ རེ་རེ་ལའང་གཏོར་ཆུང་བཞི་རེས་བསྐོར་ཏེ༔ ཤར་ལྷོ་ན་འཁོར་ལྔ་ཡིན་ནོ༔ དེ་འོག་བང་རིམ་ན་དཔལ་བརྒྱད་རེ་རེའི་ཐད་དུ་ཀོང་ཟོར་དགུ་རེ་བཞག་པས༔ སྤྱིར་ཀོང་ཟོར་བརྒྱད་ཅུ་གྱ་གཅིག་གོ༔ དེ་འོག་བང་རིམ་ཐ་མ་ལ་དཔལ་བརྒྱད་ཀྱི་བཀའ་སྲུང་རྣམས་བཀོད་དེ༔ ཤར་དུ་སྡོམ་ཆང་དུ་བཅང་བའི་ཟན་ཉེར་བརྒྱད་ཁྲག་གིས་བྱུགས་པ་དབང་ཕྱུག་ཉེར་བརྒྱད་དོ༔ ༈ ལྷོ་ཕྱོགས་སུ་གྲི་ཐོགས་གིང་བཞི་ལ་བཤོས་བུ་གྲུ་བཞི་བཞི༔ ཁྲམ་ཐོགས་བདུད་ཕོ་བཞི་ལ་བདུད་བཤོས་གྲུ་གསུམ་བཞི༔ ཤོ་ཐོགས་རྩིས་པ་བཞི་ལ་བཙན་བཤོས་རྩེ་བྲན་བཞི༔ སྲོག་གཅོད་ཤན་པ་བཞི་ལ་བཤོས་བུ་ཟུར་གསུམ་རྩེ་དཀྱུས་བཞི༔ ༈ ནུབ་ཏུ་ཁམས་བརྒྱད་མ་དྲུག་ལ་འབྲང་རྒྱས་སྟེང་དུ་མི་


CMR011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མགོས་བརྒྱན་པ་དྲུག༔ སྨན་ལེབ་གྲུ་གསུམ་སྙིང་གིས་རྒྱན་པ་ཟུང་བཞི་ཞེས་པས་བརྒྱད་བྱས་ལ་གཉིས་རེ་ཐུ་རུས་སྦྲེལ་ལ་ལོང་བ་བརྒྱད་སྦྲེལ༔ ཁྱི་བརྒྱད་ལ་སྡོམ་ཆངས་བརྒྱད༔ སྤྱང་བརྒྱད་ལ་མི་རོ་བརྒྱད༔ ཕོ་ཉ་མཆེ་གཤོག་བཞི་ལ་བཤོས་དམར་བཞི༔ འབྲུག་མོ་བཞི་ལ་བཤོས་གཅུས་བཞི་བྱའོ༔ ༈ བྱང་དུ་ཤྭ་ན་མ་བཞི་ལ་མི་རོ་བཞི༔ བདག་ཉིད་མ་བཞི་ལ་སྙིང་བཞི། བསེ་མོ་བཞི་ལ་ཞག་དང་འོ་མ་དང་ཁྲག་དང་མར་ཁུའི་མཚོ་ཆུང་བཞི༔ གིང་བཞི་ལ་བཤོས་བུ་མཁར་ཐབས་བཞི༔ བདུད་བཞི་ལ་བདུད་བཤོས་བཞི༔ བསེའི་གིང་བཞི་ལ་བཤོས་བུ་རྩེ་རིང་བཞི་བཞག་གོ༔ ༔ ༈་ཤར་ལྷོར་ལས་བྱེད་མ་བཞིའམ་བརྒྱད༔ རྩིས་ཀྱི་མ་གསུམ་གསང་བའི་མ་གསུམ་རོ་ལངས་མ་གསུམ༔ ཕྱོགས་ཀྱི་མ་གསུམ༔ གདོང་མོ་བཞི་རྣམས་ལ་སྙིང་བཤོས་ཉེར་བརྒྱད་དམ་ཉེར་བཞི༔ ༈ ལྷོ་ནུབ་གིང་བཞི་ལ་སྙིང་བཞི༔ མཁའ་འགྲོ་མ་བཞི་ལ་ཐོད་ཁྲག་བཞི༔ ཤུགས་འགྲོ་བཞི་ལ་གཏོར་སྐྱུ་བཞི་བཞག༔ ༈ ནུབ་བྱང་དུ་སྡེ་དཔོན་སུམ་ཅུ་ལ་དམར་གཏོར་སུམ་ཅུ་བཞག་གོ༔ ༈ བྱང་ཤར་དུ་དྲེགས་པ་བཅོ་བརྒྱད་ལ་བཤོས་ནག་སྙིང་བཀལ་བ་བཅོ་བརྒྱད་བཞག༔ ༈ དེ་


CMR011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བར་མཐེབ་སྐྱུས་བསྐོར་བ་འཁོར་ཐམས་ཅད་ཡིན་ནོ༔ དེ་ནས་མདོས་གཞི་འོག་མ་ལྕགས་རིའི་ནང་དུ་རྡུལ་མཚོན་ནམ༔ རས་ལ་བྲིས་པ་ཕྱོགས་བཞིར་བཀྲམ་པར་བདེ༔ མེད་ན་འཇིམ་པ་ལ་བྱས་ཀྱང་རུང་སྟེ༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱི་གཟུགས་གདན་ཐབས་སུ་བྱ༔ དེ་ནས་སྡེ་བརྒྱད་གང་གནོད་པའི་ཡས་སྟགས་བཞི་རེ༔ མཚམས་བཞིར་བཀོད་པར་བཤད་ན་ཡང་༔ འདི་སྤྱི་བཟློག་ཡིན་པས་ཤར་དུ་མཁར་གྱི་སྟེང་དུ་རྒྱལ་པོའི་བཤོས་བུ་ལ༔ བནྡེ་ཀ་ལི་ཁུར་བ་བཞིའམ་གཅིག་ལ་བྱ་རྟ་ཁྱི་སྤྲེལ་དཀར་པོས་བསྐོར་ཏེ༔ གཟུགས་འདི་དག་ཙཀ་ལི་ཡོད་ན་ལེགས་ཀྱིས་མེད་ན་བསྐང་པར་བཏབ་ལ་འཛུགས་སོ༔ ལྷོར་བདུད་བཤོས་ལ་བདུད་ཕོ་རྟ་ནག་ཅན་ཁྲ་ཤིང་ཐོགས་པ་དང་བདུད་མོ་དྲེལ་ནག་ཞོན་པ་ཁྲམ་ཤིང་ཐོད་ཁྲག་ཅན་ནོ༔ ནུབ་ཏུ་ཀླུ་བཤོས་ལ་ཀླུའི་རྒྱལ་པོ་གཅིག་གམ་བཞི་ལ་སྦལ་སྤྲུལ་སོགས་ཀླུ་གཟུགས་བསྐོར་བ༔ བྱང་དུ་བཙན་བཤོས་མཁར་ཐབས་ལ་མི་དམར་རྟ་དམར་ལ་ར་དང་རའི་རྒྱལ་མཚན་བུ་ཆུང་ར་སླག་ཅན་རྩྭ་སྐྱའི་འཕྲུ་ཅན་མང་པོས་བསྐོར་བ༔ ཤར་ལྷོར་ཐན་གང་བྱུང་གཟུགས་སམ་སྙིང་བཙུགས་ལ་ལྟས་ངན་རྒྱལ་མོ་བོང་ཞོན༔ ཁྲམ་ཤིང་དང་


CMR011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དུ་ཐོགས་པ༔ ནད་རྐྱལ་མཆན་དུ་སྦས་པ༔ སྤྱི་བོར་འུག་པ་སྔོན་དུ་སྤྱང་ཀི་རྒྱབ་ཏུ་ཝ་མོ་བརྒྱལ་ཚུལ༔ ལྷོ་ནུབ་ཏུ་སྨན་ལེབ་ལ་བག་མ་བརྒྱན་ཅན་གཅིག་གམ་བཞི་ལ་བུད་མེད་ཐུལ་པ་ཅན་དགུའམ་བཞི་ཙམ་གྱིས་བསྐོར་བར་བྱའོ༔ ནུབ་བྱང་ཕོ་བཤོས་འབྲང་རྒྱས་ཕྱེད་དཀར༔ བྱང་ཤར་ཟུར་གསུམ་ཁྲོམ་རིས༔ ཟུར་བཞི་ལ་མར་མེ་བཞིའོ༔ ༈ དེ་ཡང་གཙོ་བོ་ཆེ་མཆོག་གཏོར་མ་ལ་ལོགས་གཅིག་ཁྲག་གིས་དམར་པོ༔ ལོགས་གཅིག་ཞག་གིས་སྨུག་པོ༔ ལོགས་གཅིག་ནག་པོ་བྱ༔ དེ་མན་ཐམས་ཅད་ཁྲག་བྱུག་གཙོ་བོ་ལ་མར་རྒྱན་མེ་རི་དང་༔ དཔལ་བརྒྱད་ལ་མེ་ལྕེ་རེའོ༔ གཞན་ལ་རྩེ་ཁྲ་ཚག་ཙམ་བྱ༔ ཀོང་ཟོར་གྱ་གཅིག་ལ་མར་རྒྱན་མི་བྱ༔ དེ་ནས་མདོས་ཐབས་འདི་བསྐང་བའི་གོ་ཆོད་ཡིན་པས༔ བང་རིམ་དང་པོ་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན༔ ཟུར་བཞིར་བྱ་ནག་སོགས་བྱ་རིགས་དེ་འོག་གཅན་གཟན་རི་དྭགས༔ དེ་འོག་གཡག་ནག་ལུག་ནག་སོགས་གཡུང་དྭགས༔ དེ་འོག་ཆུ་གནས༔ བར་བར་དུ་ཕྱག་མཚན་སོགས་བསྐང་འབྲས་ཆ་ཚང་བཙུགས་སོ༔ ནང་རྩང་ནི་དབུ་ཕྱག་གྲངས་ཡིན་པས༔ གཙོ་བོ་ལ་དབུ་ཉེར་གཅིག་ཕྱག་ཞེ་གཉིས༔ དཔལ་


CMR011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་དབུ་གསུམ་ཕྱག་དྲུག༔ འཁོར་གཏོར་ཆུང་ཞལ་བ་གཅིག་ཕྱག་གཉིས༔ ཀོང་ཟོར་གྱི་གཅིག་ལ་རྩང་གསུམ་རེ་རྩང་ཐུང་༔ ནང་སོགས་ནི་དཔལ་དགུ་ལ་ཁྲམ་ཤིང་རེ་དང་ནམ་མཁའ་རེ་རེ་སྟེ་རང་མདོག༔ དེ་བཞིན་དུ་མདའ་དར་རང་མདོག༔ ཁྲོ་དབུ་དང་འཁོར་ལོ་ཕུར་པ་སོགས་སོ་སོར་བརྒྱན༔ སྤྱིར་ནམ་མཁའ་ཤིང་རིས་ཁྲམ་རིས་མདའ་འཕང་རྣམས་ལྷ་གྲངས་ཡིན་ཀྱང་རི་རབ་ཀྱི་ཕྱོགས་མཚམས་བརྒྱད་དུ་ཆ་རེ་རེ་ཙམ་གྱིས་འཐུས༔ དེ་ནས་ལྕགས་རི་ལ་ཟུར་ཤིང་བཞི་བེང་འདྲ་བ་གྲུ་བཞི་བཞི་ལ་སྟག་སོ་རིས་སམ་སེན་ཐབས་རིས༔ འབྱོར་ན་རྩེ་ལ་རྒྱལ་མཚན་བཞི༔ ཕྲེད་ཤིང་ཕྱི་ལ་ཐོད་པ་སྐམ་རློན་རྙིང་གསུམ་གྱིས་དྲ་བ་དྲ་ཕྱེད་དང་ར་བ༔ དེའི་ནང་ངོས་ལ་པ་ཏྲ་རིས་ཤིང་རིས་རྒྱས་པར་ན་སུམ་ཅུ། ཕོ་ཉ་ཡོངས་རྫོགས་གྲངས་ཀྱི་ཁྲམ་ཤིང་༔ མདའ་འཕང་ཕོ་ཐོང་མོ་ཐོང་དེ་ཙམ་མ་འཛོམས་ན་དཔལ་བརྒྱད་ཕོ་ཉ་ལ་ཁྲམ་ཤིང་བརྒྱད་དང་མདའ་འཕང་ཕྱི་སོར་ཕོ་མོ་བུ་གསུམ་ཐོང་༔ སྡེ་དཔོན་ཕྱི་ནང་དུ་བྲིས་པའི་ཁྲམ་ཤིང་སུམ་ཅུ༔ སྡེ་བརྒྱད་ལ་ཁྲམ་ཤིང་བརྒྱད་རྩང་བརྒྱ་རྩའོ༔ དེ་ལ་གདུགས་ནམ་སྟེང་དུ་ཆེ་མཆོག་ནམ་མཁའི་ངོས་སུ་ཁྱུང་ཆེན༔ དེ་སྟེང་ཉི་ཟླ་ནོར་


CMR011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ༔ ༈ སྣོད་བཙོ་གཞོང་གཙང་མི་དགོས་པ་གཉིས་ཀྱི་ནང་དུ༔ གཅིག་ནང་ངར་མི་རང་ངམ་ཡོན་བདག་གི་གཟུགས་ཆེ་བ་གཅིག་ལ་ལོ་གྲངས་ཀྱི་ཁྲམ་ཤིང་ཕྲག་པ་ལ་བཙུགས༔ གླུད་གོས་དང་ལུས་ལ་དྲུད་པའི་ཆངས་བུ་བཙོག་གླུད་དང་༔ མི་མང་ན་བན་སྐྱ་བུད་མེད་བྱིས་པའི་གཟུགས་དང་བཅས་པ་གཡས་གཡོན་དུ་བཞག༔ སྣོད་གཅིག་ཏུ་དུར་ས་ལ་དུག་སྣ་ཁྲག་སྣ་བསྲེས་ཏེ་རྔ་མོང་གི་གཟུགས་བྱས་པའི་དཔྲལ་བར་སྐྱེས་པ་སྟག་ཚས་དགུ༔ དཔུང་པ་གཡས་ལ་སྔགས་པ་ཐལ་རྡེབ་དགུ༔ དཔུང་པ་གཡོན་ལ་དགེ་སློང་འཁར་གསིལ་ལྷུང་བཟེད་ཅན་དགུ༔ དཔྱི་གཡས་ལ་ཁྱེའུ་འུར་རྡོ་ཐོགས་པ་དགུ༔ དཔྱི་གཡོན་ལ་བུད་མེད་ཐལ་རྡེབ་དགུ༔ རྩིབ་མ་གཡས་ལ་བོན་པོ་རྡོ་ཟོར་ཐོགས་པ་དགུ༔ རྩིབ་མ་གཡོན་ལ་ངར་གླུད་རྐང་དམར་ཐོགས་པ་དགུ༔ དེ་རྣམས་པར་བཏབ་ནས་བསྐང་འབྲས་ལྟར་ཡིན་ཀྱང་༔ ངར་གླུད་མ་གཏོགས་ཙཀ་ལི་བྱས་ན་བདེའོ༔ སྒལ་པའི་སྟེང་དུ་ཕྱེ་ཕུལ་གང་ལ་ཁྱུང་བཅའ་བར་གསུངས་ན་ཡང་༔ ཙཀ་ལི་མེད་ན་བཅའ་དཀའ་སྟེ༔ ཁྱུང་རལ་པ་བཅུ་གསུམ་གཡས་གཡོན་གཤོག་སྒྲོ་ལྔ་རེ༔ མཇུག་སྒྲོ་བརྒྱད་པ་བྱས་ལ་རལ་པ་ལ་དྲེད་མོང་རལ་འཛིང་


CMR011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་བཀོད༔ གཤོག་ཟུར་གཡས་དང་པོར་སེངྒེ་དང་འབྲུག་སྔོན་གཉིས་འཐབས་པ༔ གཉིས་པ་ལ་སྟག་སེང་འཛིང་བ༔ གསུམ་པ་ལ་བུད་མེད་རལ་འཛིངས་གསུམ༔ བཞི་པ་ལ་དབྱིག་གི་ནོར་བུའི་གཟུགས་གསུམ༔ ལྔ་པ་ལ་རི་རབ་མེ་མཆེད་གཟུགས་གཉིས༔ གཡོན་གྱི་གཤོག་ཟུར་དང་པོ་ལ་རྒྱ་མཚོར་དུག་སྦྲུལ་འཁྱིལ་བ་གཅིག༔ གཉིས་པ་མཁའ་ལ་སྟག་མོ་འཕྱོ་བ་དང་༔ གསུམ་པ་མཁའ་ལ་བྱ་རྒོད་སྡེར་འཛིང་༔ བཞི་པ་ལ་གཡུ་ཤ་སྔོན་པོ་རུ་འཛིང་༔ སེངྒེ་ངུ་འབོད་དང་གཉིས༔ ལྔ་པ་ལ་གཡུ་སྒོང་ཡར་བ༔ ལྕགས་ཀྱི་སེར་བ༔ ཤེལ་སྣོད་དུ་དུག་གཡོས༔ ཟངས་སྒོང་འགྲིལ་བ༔ རལ་གྲི་མེ་འབར་ཀླད་ལ་བསྐོར་བ༔ ཉི་མ་སྤྲིན་གྱིས་སྒྲིབ་པ༔ འཚུབ་མ་རླུང་ནག་དང་སེངྒེ་གངས་སྟོད་ལྷུང་དང་ཤེལ་སྒོང་ཡལ༔ སྤྲིན་ཆེན་དམར་དང་བོང་བུ་བཅུད་ཆེན་ཟག༔ དེ་རྣམས་གཟུགས་མ་ནོར་བར་བཀོད་དོ༔ མཇུག་སྒྲོ་བརྒྱད་ལ་གསེར་སྦྲང་ཁྲ་བོ་དང་༔ ལྕུག་ཕྲན་ཟོར་གྱིས་བཅད་པ་དང་གླུད་སྤུ་རྣམས་བཀོད༔ རྔ་མོང་གི་མཐར་ཟོར་ཀོང་ས་ལ་བྱས་པ་བརྡའ་ཙམ་བཅུ་གསུམ་དུག་སྣ་ཁྲག་སྣ་ཐུན་སྣ་རྣམས་བླུག༔ མདུན་དུ་དམར་གཏོར་གཅིག་བཞག་


CMR011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གོ༔ རྔ་མོང་དེ་མདོས་ཆེན་གྱི་གཡས་སུ་བཤམས༔ རྒྱབ་ཏུ་ཟོར་སྣོད་གཅིག་ལ་ཟོར་གཞུང་ལྟར་བཅས་ལ་བཀོད༔ མདོས་ཀྱི་མདུན་དེར་ཟངས་སམ་སླ་ངའམ་རྫ་གསར་པ་གཙང་མའི་ནང་དུ༔ འབྲུ་ནག་གི་ཟན་མི་མགོ་ཙམ་གྱི་ཕྱེད་ལ་གཙོ་མོ་དང་ཕྱེད་ལ་འཁོར་བཅའ་བར་བཤད་ཀྱང་༔ གཙོ་མོ་ལ་མཛུབ་གང་ལས་མི་ཆུང་བ༔ འཁོར་པར་བཏབ་ནས་ཁྲག་བྱུག་ཀྱང་རུང་ལ་འཁོར་ཙཀ་ལི་གཅིག་ལ་བྲིས་ཏེ་རྒྱབ་ངོས་སུ་བཙུགས་ཀྱང་སྟབས་བདེ་བ་ཡིན་ཏེ༔ བུད་མེད་ཁྲག་གི་རལ་པ་ཅན་གཅིག་ལ་དེ་འདྲ་བ་བཅུ་གསུམ་གྱིས་བསྐོར་བའི་མདུན་དེར༔ གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་གཅིག་དང་༔ སྙིང་སྣ་དུམ་བུ་དང་༔ མེད་ན་སྙིང་གཟུགས་དང་༔ རིན་ཆེན་དང་སྨན་ཕུད་བླུག༔ ཉའི་མཁྲིས་པ་མེད་ན་ཉའི་གཟུགས་བཞག༔ གཙོ་བོའི་ཕྱག་གཡས་གཏོར་མ་དང་གཡོན་ཀོང་ཟོར་བཞག༔ མདོས་ཀྱི་མདུན་དེར་རེ་ནག་གམ་ཕྱར་ནག་བཏིང་དུ་ཁ་ཕྱིར་བསྒྱུར་ལ་བཞག་པ་ནི་སྲིན་མོ་ཟ་ལམ་གྱི་བཅས་སོ༔ ཞི་བའི་གཏོར་མ་ཆེ་མཆོག་གི་སྟེང་དུ་བཞག་ཅེས་པ་ནི༔ ཕུགས་གཏོར་མཐོ་བཅུག་པ་བླ་མའི་གཏོར་མས་འཐུས་ལ༔ གལ་ཏེ་སྤྲོས་པ་ལ་དགའ་ན་སྡེར་ཆུང་ནང་དེར་ཞི་བའི་གཏོར་མ་ཟླུམ་པོ་


CMR011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པད་འདབ་ཅན་མེ་ཏོག་གིས་བརྒྱན་པ་ཞིག་ནམ་གདུགས་ཀྱི་སྟེང་དུ་བཞག་གོ༔ ཤ་དཔུང་པའི་ལྷུ་ཚིགས་ལ་ཁ་མིག་མིའི་ངོ་བྲིས་ལ༔ དེ་དང་མཉམ་དུ་བསྒྲལ་རྒྱུའི་ཟན་ལིང་གཏོར་ཆུང་མང་པོ་དང་༔ སྣོད་གཅིག་ཏུ་ཐུན་ཕུར་པ་སོགས་དང་ཐོ་ལུ་གཅིག་རྣམས་བཞག་གོ༔ གཞན་ཕུགས་གཏོར་ཆ་ཚང་ཚོགས་གཏོར་འབུལ༔ ཡར་མཆོད་གཞི་དང་ཕྱིར་མདོས་མདུན་དུ་མཆོད་པ་སྣ་བདུན་ལེགས་པར་བཤམས༔ དེས་མདོས་རྒྱས་པའི་བཅའ་ཚོགས་ཧ་ལམ་ཆ་ཚང་བའོ༔ ༈ མདོས་འབྲིང་པོ་བྱེད་ན་གཞན་ཐམས་ཅད་སྔོན་གྱི་དེ་ལྟ་བུ་ལ༔ དཔལ་དགུའི་གཏོར་མ་སྔར་ལྟར་ལ་གཙོ་བོ་ལ་རྩང་དབུ་དགུ་ཕྱག་བཅོ་བརྒྱད་གྲངས་ཀྱིས་ཆོག༔ དཔལ་དགུའི་འཁོར་གྱི་གཏོར་ཆུང་བཞི་པོ་མི་དགོས༔ ཀོང་ཟོར་བཞི་རེས་བསྐོར༔ གཙོ་བོ་ལ་སྙིང་བཞི་རེས་བསྐོར༔ གཞན་ཕོ་ཉའི་གཏོར་མ་སྣ་ཁ་རེ་རེ་ཚང་བ་དང་༔ དབང་ཕྱུག་མ་ལ་ཡང་མདུན་དུ་བསྡུ༔ སྡེ་དཔོན་སུམ་ཅུ་གཙོ་ཆེ་བས་མི་བསྡུ་བར་རི་རབ་ཀྱི་ཕྱོགས་ཀུན་ནས་བཀྲམ་ལ་བཀོད༔ ལྕགས་རི་ནང་གི་བཤོས་བུ་སོགས་གལ་ཆེ་བ་གཅིག་གམ་བཞི་བྱས་ཐམས་ཅད་མི་དགོས་སོ༔ དཔལ་དགུའི་ཁྲམ་ཤིང་ནམ་མཁའ་དགུ་


CMR011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རི་རབ་ཕྱོགས་མཚམས་སུ་མདའ་འཕང་བརྒྱད་དང་༔ གཡས་ཕོ་ཐོང་གཡོན་མོ་ཐོང་མདུན་བུ་ཐོང་རྒྱབ་རྒྱང་བུ་རེ་རེ་བྱ༔ བསྐང་འབྲས་ནི་བཙུགས་ལྕགས་རི་ལ་སྡེ་དཔོན་ཁྲམ་ཤིང་ཕྱི་ནང་གཉིས་ཀ་ལ་བྲིས་ཏེ་བཅོ་བརྒྱད་བསྡུས༔ ཤིང་རིས་མདའ་འཕང་གང་འཛོམ་ཙམ༔ ཟུར་ཤིང་འཕྲེད་ཤིང་འཛོམ་ན་ལེགས༔ མེད་ཀྱང་རུང་རྩང་རེ་བཞི་ཙམ་བྱ༔ རྔ་མོང་ཟ་ལམ་མེད་ཀྱང་རུང་༔ བཅས་ཀྱང་ཆོག་གོ༔ ༈ མདོས་བསྡུས་པ་ལ་སྤྱིར་གོང་ལྟར་རི་རབ་སོགས་བྱས་ལ་ཀོང་ཟོར་གཉིས་རེས་ཆོག༔ སྙིང་གཉིས་དང་གཙོ་བོ་ལ་ལྔ༔ དཔལ་བརྒྱུད་ལ་དམར་གཏོར་རེ་རེ༔ དེ་འོག་ཀོང་ཟོར་བཅོ་བརྒྱད༔ དེ་འོག་ཕོ་ཉའི་བཤོས་བུ་སྣ་རེ་ལ་རེ་རེ༔ སྡེ་དཔོན་སུམ་ཅུ་དམར་གཏོར་གསུམ་ལ་བསྡུ༔ ལྕགས་རི་ལ་སྡེ་བརྒྱད་ཡས་དེ་བཤོས་བུ་ཁ་རྐྱང་ལས་གཟུགས་མི་དགོས༔ རྔ་མོང་ཟ་ལམ་མེད༔ ཟོར་དང་ངར་མི་གཉིས་ནི་བྱའོ༔ ཟོར་མི་འཕེན་ན་མི་བཅའོ༔ དེ་ནས་ཟློག་པ་རྒྱས་བསྡུས་འབྲིང་གསུམ་གང་བཅའ་ཡང་༔ མདོས་གཞི་གྲུ་བཞི་མི་དགོས༔ ནམ་མཁའ་ཤིང་རིས་མདའ་འཕང་སོགས་མི་དགོས་སོ༔ ཟློག་ཐབས་རྒྱས་འབྲིང་གཉིས་ལ་མཆོད་གཞི་


CMR011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནི་གོང་དང་འདྲ་ལ༔ རྒྱས་པ་ལ་དེའི་སྟེང་ཅུང་ཟད་མཐོ་བར་ཕུབ་ཆེན་ཕུབ་རྒོད་སོགས་ཀྱིས་བཀང་༔ འཇིམ་ཞལ་དང་རྩང་བཙུགས་པའི་འཇིམ་ར་བྱས་པའི་དབུས་སུ་ཆེ་མཆོག་གཏོར་མ་འཁོར་བཞི་དང་ཀོང་ཟོར་དགུས་བསྐོར༔ དེ་རྒྱབ་སྙིང་དགུའོ༔ ཕྱོགས་མཚམས་དཔལ་བརྒྱད་ལ་འཁོར་བཞི་རེ༔ ཤར་ལྷོར་འཁོར་ལྔ༔ བརྒྱད་ཀ་ལ་ཀོང་ཟོར་དགུ་རེས་བསྐོར༔ དེ་རྒྱབ་དཔལ་དགུའི་ཕོ་ཉའི་བཤོས་བུ་རྣམས་གོང་ལྟར་སོ་སོར་རྒྱས་པར་བསྐོར༔ ཕྱི་རྩང་ནང་རྩང་གོང་ལྟར་བཙུགས༔ མདའ་དར་དགུ་ཁྱུང་དགུའི་འཁོར་ལོ་ཕུར་པ་སོགས་གོང་ལྟར་ལས་དར་གདུགས་ཕུབ་སོགས་བསྐང་བ་སྤྱི་ལྟར་ལོགས་སུ་བཅའ་ལ་རྒྱབ་ཏུ་བཞག༔ རྔ་མོང་ཟ་ལམ་ངར་མི་གོང་ལྟར་བཅའོ༔ ༈ གཏོར་ཟློག་འབྲིང་ནི་ལྕགས་འགུ་ཆེན་པོར་འཇིམ་ཞལ་བྱས་པར༔ དཔལ་དགུའི་གཏོར་མ་ལ་འཁོར་མེད་པར་ཀོང་ཟོར་དགུ་རེས་བསྐོར༔ ཕྱི་རྩང་ནང་རྩང་མདའ་དར་ཁྱུང་སོགས་གོང་དང་འདྲ་བ་ལ༔ བཙོ་ཆུང་ངམ་ཀ་ཏོ་ར་ལྟ་བུར་དམར་གཏོར་རྩེ་དགུ་པ་གཅིག་ལ་ཕོ་ཉའི་བཤོས་བུ་ཐམས་ཅད་ཀྱིས་སྤུངས་པ་ལྟར་བསྐོར་ཏེ་གཡས་སུ་བཞག༔ བསྐང་གཏོར་སྡེར་ཆེན་གང་གཡོན་དུ་


CMR011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཞག༔ ཟོར་བཅས་པ་རྒྱབ་ཏུ༔ ངར་མདོས་མདུན་དུ་བཞག༔ ཟ་ལམ་རྔ་མོང་མི་དགོས་སོ༔ ༈ གཏོར་ཟློག་བསྡུས་པ་ནི་ལྕགས་ཆུང་འཇིམ་ཞལ་བྱས་པར་དཔལ་ད་གཏོར་མ་ལ་རྩང་རེ་རེ་བཙུགས་པས་ཀོང་ཟོར་འདུས༔ གཙོ་བོ་ལ་ཟན་སྦར་ཆང་བཞི༔ ཤར་དུ་སྙིང་གཟུགས་བཞི༔ ཤར་ལྷོར་བཞི༔ གཞན་བཀའ་སྲུང་གི་བཤོས་བུ་ཐམས་ཅད་སྣ་རེ་མཐེབ་སྐྱུ་ཙམ་པ་བརྡ་མཚོན་རེ་མཐེབ་སྐྱུ་ལྟར་སོ་སོའི་འགྲམ་དུ་བླུག༔ རྩོང་རེ་དང་ཁྱུང་གི་ཙཀ་ལི་དར་གདུགས་བྱ༔ ཁྲོ་དབུ་འཁོར་ལོ་སོགས་མེད་ཀྱང་ཆོག༔ འོག་ཏུ་གཡང་གཞི་ལིང་ཚེ་དགུ་ལ་ཟན་ལིང་༔ དེ་སྟེང་གཞི་ལ་ནས་ཚོམ་དགུ་བྱས་པའི་སྟེང་དུ་བཤམས༔ བསྐང་བ་གཅིག་ཕུགས་གཏོར་གྲལ་བཅའ་བ་སྟེ༔ སྔར་ནས་ཕྱག་ལེན་རྒྱུན་ཡོད་པའི་སྔགས་རྒན་ཀུན་གྱིས་དེ་ཙམ་མོ༔ ༈ གཏོར་ཟློག་ཤིན་ཏུ་བསྡུས་པ་ནི༔ ཟངས་ལྕགས་ཀྱི་སྡེར་རམ་ཐོད་པར་དམར་གཏོར་གཙོ་འཁོར་དགུ་ལ་མཐེབ་སྐྱུས་བསྐོར་བ་དཔལ་དགུ་བཀའ་སྲུང་དང་བཅས་པ༔ རྩེ་ལ་ཁྱུང་གཅིག་པར་བཏབ་ལ་བཙུགས༔ ཟན་ལིང་གཅིག་བསྒྲལ་རྒྱུ་བྱ༔ ཚར་གཅིག་འདོན་ནས་ཕུལ་ལམ་འཕེན་པ་སྟེ༔ མངའ་རི་རིག་འཛིན་ཆེན་པོ་


CMR011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་སྡེ་པས་བཙོན་དུ་བཟུང་༔ ལྕགས་བླུགས་བང་བར་བཅུག་ནས་གཟེ་ལྕགས་སྤྲད་པ་ན༔ ནམ་ཕྱེད་མགོན་པོ་མ་ནིང་བྱོན་ནས་བང་བ་དང་ལྕགས་ཕྱེས་ཏེ་ཁོང་ཁྱེར་ཏེ་བསམ་ཡས་མཆོད་རྟེན་དཀར་པོའི་རྩེ་ལ་བཞག་པས་ཁོང་བྲོས་ནས་ལུང་པའི་ཕུ་བྲག་ཕུག་སྟོང་པ་གཅིག་ཏུ་ཐར་བ་དང་༔ ཁོ་རང་གིས་གསང་ཆེན་ལ་གཏོར་མ་གཙོ་བོ་དགུ་བརྡ་ཙམ་རྡོ་ལེབ་སྟེང་དུ་བཅས་གསང་ཆབ་ཀྱིས་བྲན་ནས་ཁྲོ་བོ་རོལ་པ་ཐུགས་ཐོགས་ནས་ཚར་གཅིག་བཏོན་ནས་འཕངས་བས་གཏོར་མ་མེ་དཔུང་ཆེན་པོར་གྱུར་ཏེ་སོང་བས༔ བསམ་ཡས་སྡེ་པ་ཧུར་ཐུམ་དུ་ཤི་ནས་རབས་ཆད་སྐད༔ དེའི་ཕྱག་ལེན་ཡིན་ཟེར་བའི་ངག་རྒྱུན་འདུག་གོ༔ འདི་ཚེས་བཅུ་དགུ་གཏོར་ཞོར་ལ་བྱས་ན་རང་གི་རྐྱེན་སེལ་ལོ༔ ༈ གཏོར་ཟློག་རབ་ཏུ་རྒྱས་པ་བསམ་གཏན་ཆོ་ག་ནི༔ རབ་རྣལ་འབྱོར་པ་བསྐྱེད་རྫོགས་ལྟ་དགོངས་ལྡན་པས་བཅའ་ཚོགས་རྒྱས་པ་མ་ལྕོགས་ན་བྱ་སྟེ༔ བཀའ་བརྒྱད་བདེ་གཤེགས་མདོས་ཆེན་གཏོར་ཟློག་གི་རྩ་ཚིག་གཏེར་གཞུང་ལྷད་མེད་ལས༔ བྷན་ལྕང་ལོ་འབྲུ་བཅུད་གཏོར་མར་བཅས༔ མི་མཐུན་དགྲ་བགེགས་གདུག་པའི་བསམ་སྦྱོར་ཟློག༔ བམ་ཆེན་ཤ་འམ་མེད་ན་སྲོག་ཆགས


CMR011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཤ༔ དེ་ཡང་མེད་ན་ཟན་གྱི་ཉ་བོ་ལ༔ དགྲ་བགེགས་གང་གནོད་དེ་དམིགས་བསྒྲལ་བར་བྱ༔ གཏོར་མ་བཅུ་འམ་ཡང་ན་བཟང་པོ་གཅིག༔ ཤ་སྣ་ཁྲག་སྣ་ཡང་ན་མེ་ཏོག་ཚོགས༔ བརྒྱན་རྣམས་ཀུན་དང་ལྡན་པའི་དམར་གཏོར་བཤམས༔ ཞེས་གསུངས་པའི་དོན་ཏེ༔ བྷིནྡའམ་ཟངས་ལྕགས་ཀྱི་སྡེར་མར་དམར་གཏོར་བཟང་བ་གཅིག་གི་རྩེ་ལ་མེ་རི་དང་ཁྱུང་ནི་དཔལ་དགུ༔ མེ་ཏོག་འདབ་བརྒྱད་ནི་དཀྱིལ་འཁོར༔ མཐེབ་སྐྱུ་དགུ་ཁ་ཕྱིར་བསྟན་པ་ཕོ་ཉ༔ ཤ་ཁྲག་རྩང་གིས་བརྒྱན༔ ཟན་ལིང་ངམ་ཤོག་ལིང་མགོ་ཐུར་དུ་བཙུགས་སོ༔ དེ་ནི་ཕུགས་གཏོར་དང་བསྐང་ཟློག་ཐམས་ཅད་དེས་ཆོག་པ་སྟེ༔ མེ་ཏོག་དཀྱིལ་འཁོར་གཏོར་མའི་སྟོད་མཆོད་པ༔ བར་བསྐང་རྫས༔ སྨད་གྲ་བགེགས་ཤ་ཁྲག་ཟློག་གཏོར་དུ་དམིགས་ནས་ཕྲིན་ལས་རྒྱས་བསྡུས་གང་འདོད་བྱས་ཏེ་རྒྱུན་ཁྱེར་ཞག་མང་བྱེད་པའམ༔ འཕྲལ་དུ་ཚར་གཅིག་གིས་ཕུལ་ཡང་རུང་སྟེ༔ དེས་ནི་བཅའ་ཚོགས་རྒྱས་བསྡུས་ཐམས་ཅད་རྫོགས༔ ༈ དེ་ནས་འདོན་ལུགས་འགྲིགས་ནི༔ བཀའ་བརྒྱད་བཀའ་མའམ་ཉང་ལུགས་ལས་བྱང་རྒྱས་པ་ཀློང་ཆེན་རབ་འབྱམས་པས་བསྒྲིགས་པ་དང་༔ ཞིག་པོ་གླིང་པས་བསྒྲིགས་པ༔ འབྲིང་པོ་


CMR011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པོ་གླིང་པའི་སློབ་མ་ཞིག་གིས་བསྒྲིགས་པ༔ བསྡུས་པ་ཉང་ལུགས་ནག་ཐུས༔ གྲུ་རུ་ལུགས་རྒྱས་པ་ཀློང་ཆེན་པས་བསྒྲིགས་པ༔ འབྲིང་པོ་ཆོས་དབང་གི་གདུང་རྒྱུད་ཅིག་གིས་བསྒྲིགས་པའི་པར་མ༔ བསྡུས་པ་ནག་ཐུས་ཏེ༔ དེ་རྣམས་གཙོ་བོ་གང་བྱེད་གཅིག་གིས་འཛབ་དགོངས་ཡན་ཆད་གཞུང་བསྲངས་ནས༔ དེ་ནས་གཏོར་ཟློག་གཞུང་དང་དེའི་ཆ་ལག་ཤིན་ཏུ་མང་བ་རྣམས་ནི་ཉང་ལུགས་ལ་རྒྱས་བསྡུས་གཉིས་རེ༔ ཆོས་དབང་ལུགས་ལ་འབྲིང་པོ་རེ་ཡོད་པས་གང་འདོད་འདོན་རེས་བྱེད་དེ༔ ཉང་གུར་ལུགས་གཉིས་བསྲེ་འདོན་གྱི་སྲོལ་ཆེན་པོ་སྣང་ངོ་༔ དེ་ལ་ཚོ་ཆེན་དྲུག་སྤྱད་པ་གལ་ཆེ་ཞེས༔ བཞི་སྟོད་དང་གཅིག༔ རྒྱལ་བ་སྤྱི་བསྐུལ་དང་གཉིས༔ ཕུར་ཐུན་དང་གསུམ༔ ཐུན་དྲུག་དང་བཞི༔ དྲུག་བསྟོད་དང་ལྔ༔ དོན་བདུན་དང་དྲུག་ཡིན་སྐད་དོ༔ དེ་ནི་ཀཐོག་ལུགས་སོ༔ སྔོན་འགྲོ་སྐྱབས་སེམས་དཀར་བགེགས་དང་མཚམས་བཅད་ལྷ་དབུ་ཉེར་གཅིག་ཅན་བསྐྱེད་ནས་མཚམས་བཅད་དོ༔ གུ་རུ་ལུགས་ཀྱི་ནག་ཐུས་གཞུང་བསྲང་༔ འཛབ་བསྙེན་བསྐང་གསོ་དང་ཕོ་ཉ༔ གབ་པ་དོན་བདུན་དང་དྲུག་བསྟོད་སོགས་བྱཱ༔ གཏོར་ཟློག་འདོན་ཞིང་ཚར་ཁ་


CMR011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་པར་གབ་མི་སྤྱད་པ་མར་ཐང་ལུགས་ཡིན་ཟེར་བ་ཐོས༔ སྔོན་འགྲོ་མཚམས་ལྷ་གོང་ལྟར་ལ་ཐུགས་སྒྲུབ་དང་ནག་ཐུས་འདོན༔ བསྐང་བ་བྱ༔ ཕོ་ཉ་བསྐུལ་ཞིང་གཏོར་ཆུང་འབུལ༔ དོན་བདུན་དང་ཕུར་ཐུན་ཚོམ་བསྐུལ༔ དེ་ནས་གཏོར་ཟློག་གཞུང་འདོན༔ དེ་གོང་ཚོགས་དང་ཆད་མདོ་བྱེད༔ གབ་མི་སྤྱད་པ་སྤུ་བོ་ལུགས་ཡིན་ཟེར་ནས་བྱེད་པའི་རྒྱུན་འཇགས་པ་མཐོང་སྟེ༔ ཁུང་ཐུབ་པ་མིན་ནམ་སེམས༔ དེ་ལ་གཞུང་ལས་ཆ་ལག་གཅིག་ཀྱང་མི་སྣང་བས་སོ༔ གཞན་སྔོན་གྱི་ཟིན་བྲིས་མི་འདྲ་བ་བདུན་ཙམ་མཐོང་སྟེ༔ ལ་ལ་ཁུངས་ཐུབ་ཀྱང་སྟབས་མི་བདེ༔ ལ་ལ་རྨོངས་པས་མཐོང་བའི་རྒྱུན་ལྟར་སོང་བས་མང་བར་སྣང་ངོ་༔ སྒྲུབ་ཆེན་དང་འབྲེལ་བའི་ལུགས་ནི་བྲིར་མི་ལོང་ཞིང་དགོས་པ་ཆུང་༔ རྒྱས་པ་ཀཿཐོག་ལུགས་དེ་ཡང་ཧ་ཀྱང་མང་དྲགས་པས་འདོན་ཚོད་ཟིན་དཀའོ༔ ༈ འདིར་བསྡུས་པ་ལ་མདོས་ཐབས་དང་ཟློག་ཐབས་གང་བྱེད་ཀྱང་༔ སྐྱབས་སེམས་དཀར་བགེགས་སོགས་ཐུགས་སྒྲུབ་བམ་རང་གི་ཡི་དམ་གཙོ་བོ་གང་ཡིན་དེས་འཐུས་ལ༔ འདི་རང་ལ་རྙིང་མ་སྤྱི་ཡི་སྔོན་འགྲོ་བསྡུས་པ་དེ་བྱས་ན་ལེགས༔ དེ་ནས་ནག་ཐུས་ལས་བྱང་གཞུང་བསྲང་ངོ་༔ འཛབ་


CMR011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རེ་རེ་ལ་བརྒྱ་རེ་དང་༔ སྟོང་ཚིག་གི་མཆོད་པ་བྱ༔ བསྡུ་ན་འཛབ་དགོངས་ཐམས་ཅད་དུས་གཅིག་བསྙེན་ནས་སྟོང་ཚིག་མཆོད་པ་གཅིག་ཏུ་བསྡུ༔ དེ་ཡན་ནི་ཁྱད་མེད་ལ༔ དེ་ནས་རང་གི་ཡི་དམ་ཆོས་སྐྱོང་གི་ལྷ་གཞུང་ཆག་མི་རུང་བ་གང་ཡོད་འདོན༔ དེ་ནས་ཚོགས་བྱས་ལ་ཚོགས་ཕུད་ཀྱིས་ཕུགས་གཏོར་གསོས་ལ༔ གཏོར་བསྔོས་ཆག་མེད་གང་ཡོད་ཁཱ་ཧི་བྱ༔ ཚོགས་བར་པས་བསྐང་གཏོར་གསོ་ལ་ཉང་ལུགས་ཀྱི་མདངས་བསྐང་རྒྱས་པའམ༔ ཆོས་དབང་ལུགས་ཀྱི་བསྡུས་པ་གཉིས་དལ་ཁོམ་དང་བསྟུན་ལ་འདོན༔ སྐབས་དེར་ཡི་དམ་ཆོས་སྐྱོང་གི་བསྐང་བ་ཆག་མི་རུང་བ་གང་ཡོད་འདོན༔ དེ་ཡང་མདོས་དུས་བསྐང་བ་ལོགས་ན་མེད་པས་མདོས་བྲན་ལ་བསྐང་བ་བྱིན་བརླབས་བྱས་ལ་བསྐང་བ་རྣམས་འདོན༔ ཟློག་པ་རྐྱང་པ་ལ་བསྐང་བ་གསོ་བའི་ཁྱད་པར་ཡོད༔ བསྐང་བའི་མཇུག་ནས་མདོས་འདོན་ཏེ༔ ཆོས་དབང་ལུགས་ཀྱིས་མི་མངོན་དབྱིངས་བསྐུལ་ལ༔ དབྱིངས་ནས་སྐུ་བསྐྱོད་དམ་རྫས་འདི་བཞེས་ལ༔ ཞེས་ཚིག་ཁ་བསྒྱུར་བ་དང་༔ དེ་ནས་ཕོ་ཉ་སྒོས་བསྐུལ་རྒྱས་པ་འདོན་ཏེ༔ འདོན་ཡོན་རྒྱན་པའི་མདོས་གཏོར་བཞེས་ཞེས་ཚིག་ཁ་བསྒྱུར༔ དེ་ནས་


CMR011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔོན་སུམ་ཅུའི་གསོལ་ཁ་འདོན་ཏེ་མཚམས་མཚམས་སུ་མཐུན་པའི་དམ་རྫས་མདོས་བཞེས་ལ་ཞེས་ཚིག་བསྒྱུར༔ དེ་ནས་ཁ་བཀང་བའི་འཕྱོངས་རྣམས་འདོན༔ དེ་ནས་ཚོགས་ཐ་མའི་ཟན་དུམ་རེ་དང་ཤ་དུམ་རེ་དང་༔ གཏོར་ཆུང་རེ་དང་ལིང་ཆུང་རེ་རེ་ནས་བཤམས་པའམ༔ མདུན་དུ་གཞི་ནག་པོ་ལ་དུས་གཅིག་བཤམས༔ ཕུར་པ་ཐུན་རྫས་དང་བཅས་པ་མདུན་དུ་བཤམས་ནས༔ གཞུང་གི་ཆེ་མཆོག་གི་བསྒྲལ་ལས་བྱ་སྟེ༔ ཡོན་བདག་ལ་དམིགས་པ་སྤྱོད་ལ་ཤ་དཔུང་ལྷུ་ལ་ཁ་མིག་བྲིས་པ༔ གནོད་བྱེད་དངོས་སུ་དམིགས་ལ་བསྒྲལ་ལས་དུས་དགྲ་དཔུང་ཆོག༔ བགེགས་དཔུང་ཤིག་བརྗོད་ཅིང་ཐོ་ལུམ་གྱིས་དཔུང་པ་བཅག་བཅུག་པའི་ཤ་དུམ་རེ་དང་འབྲུ་ནག་སྐབས་སུ་མདོས་སུ་འབུལ་བཅུག༔ ཆེ་མཆོག་གི་ཟློག་གཞུང་འདོན༔ ཁྲམ་མདོས་ཀྱི་ཆེ་མཆོག་ལེའུ་འདོན༔ དེ་བཞིན་དུ་བསྒྲལ་ལས་དང་ཟློག་གཞུང་ཁྲམ་མདོས་གསུམ་གབ་སྤྱད་ལ་འདོན༔ དེ་ཡང་མཆོད་གཡོག་འཛོམ་ན་དམར་སྦེང་དུས་རཀྟས་བྲན་པ་དང་༔ བསྟབ་པ་དུས་ལིང་རོ་ཤ་དུམ་གཏོར་སྐྱོགས་སམ་ཐོད་ཏིང་གིས་འབུལ་བ་དང་༔ གཏོར་མ་འབུལ་བའི་ཚིག་གིས་གཏོར་ཆུང་འབུལ་བ་དང་༔ བཅོལ་གཏད་དུས་


CMR011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ལིངྒ་ཆེ་བ་ཡར་གཏད་ཚུལ་དང་༔ བློ་གདབ་དུས་ཁ་ཕྱིར་གྲུ་ནས་ཡོད་ན་ལག་དར་ཆུང་བ་གཅིག་རྡེབ་ཚུལ་དང་༔ མེད་ན་ཐལ་མོ་རྡེབ་བཅུག༔ ཟློག་གཞུང་མཇུག་ན་མཾ་ས་ཁཱ་ཧི་སོགས་བྱུང་དུས༔ ཤ་དཔུང་པའི་དུམ་བུ་དང་འབྲུ་སྣ་མཆོད་ལ་བདུད་རྩིས་བྲན༔ དེ་ནས་བདེན་སྟོབས་དང་ཐན་བཟློག་རྒྱལ་མཚན་ཟློག་པ་སོགས་འདོན༔ ཚོགས་ལ་རོལ༔ ལྷག་མ་མདོས་ཟུར་དུ་ལྕགས་རིའི་ནང་དུ་བླུགས་ལ་རྩང་བསྟོད་འདོན༔ དེ་ནས་གལ་ཆེ་ན་སྔགས་བྱང་འདོན༔ བསྡུ་ན་དྲག་སྔགས་སོ་ལྔ་པ་ཤམ་བུ་ཅན་བརྒྱ་རྩ་བརྒྱད་བསྙེན་ནོ༔ དེ་ཡན་ཉིན་ཐུན་ཡིན་ནོ༔ སླར་ཡང་མུན་རུབ་ནས་ལས་བྱང་ནས་འཛབ་དགོངས་ཡན་ཚར་གཅིག་བྱ༔ ཚོགས་གཅིག་བྱས་ལ་ཕུད་ཕུལ་ནས་གཏོར་བསྔོས་བསྡུས་པ་གཅིག་བྱ༔ བར་པས་བསྐང་བ་གསོ་ལ་བཀའ་བརྒྱད་བསྐང་བ་བསྡུས་པ་བྱ༔ མི་མངོན་དབྱིངས་བསྐུལ་མདོས་ལ་བསྒྱུར་བ་དེ་དང་ཕོ་ཉ་རྒོས་བསྐུལ་བསྡུས་པ་ལ༔ དམ་རྫས་མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཞེས་བསྒྱུར་བ་གཅིག་འདོན༔ བཤགས་བྱང་དམོད་བྱུང་བསྡུས་པ་དེ་འདོན༔ ཚོགས་ཐ་མའི་བསྒྲལ་ལས་ལས་བྱང་ལྟར་ཉུང་ངུ་བྱས་ལ་མདོས་སུ་ཕུལ་ནས༔


CMR011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བསྡུས་པའི་ཁྲོ་རོལ་ཟློག་པའི་རྩ་ཚིག་དེའི་གཞུང་འདོན༔ གོང་འོག་སྐྱུར༔ དེ་ནས་ཚོགས་རོལ་ལྷག་མ་ཕུལ༔ གཞི་བདག་ལ་དཀར་གཏོར་བསྔོ༔ དམར་གཏོར་གཅིག་ལ་ན་མོ་རྩ་བརྒྱུད་སོགས་འགུགས་གཞུག་བྱས་ལ་རང་རང་གི་ཆོས་སྐྱོང་གི་གཏོར་འབུལ་གང་དགོས་འདོན་པའི་མཇུག་ཏུ་བཀའ་བརྒྱུད་ཆད་མདོ་བརྟན་སྐྱོང་འདོན༔ མེ་རུ་བཙུགས་ནས་མདོས་ཟོར་ཤ་ཁྲག་སོགས་ཟློག་ཐུང་འདོན་ནས་ཕྱིར་ཕུལ༔ སེང་གདོང་གཤིན་རྗེ་སོགས་ཟློག་པ་དང་ཡང་ཟློག་སྔགས་ཕྲེང་སྐོར་ཙམ་འདོན༔ ཐལ་མོ་རྡེབ༔ གཏོར་སྣོད་སྦུབ༔ རྟ་བྲོ་ཉུང་ངུ་འདོན༔ ཕྱིར་ནངས་ཐུགས་སྒྲུབ་ཐུགས་རྗེ་ཆེན་པོ་སོགས་ནས་གོང་དུ་བཤད་པ་ལྟར་བྱའོ༔ དེ་ལྟར་མདོས་དང་ཟློག་པ་འདྲ་བ་ལ༔ མི་འདྲ་བའི་ཁྱད་ནི༔ ཟློག་པ་ཁ་རྐྱང་ལ༔ ཕོ་ཉ་སྒོས་བསྐུལ་རྒྱས་པ་ལ་ཚིག་བསྒྱུར་བ་དང་༔ སྡེ་དཔོན་གསོལ་ཁ་དང་ཁྲམ་ཟློག་དང་འཕྱངས་ཁ་སྐོང་རྣམས་མི་བྱ་གཞན་འདྲའོ༔ འབུལ་ལུགས་ཀྱང་ཟློག་པ་རི་ནའམ་གཏོར་སྒྲུབ་བྱེད་ན་ཁྱིམ་ན་ཡང་རུང་གི༔ མདོས་འདི་ཁྱིམ་ན་འབུལ་མི་རུང་ངོ་༔ གཞན་འབུལ་ལུགས་འདྲ༔ མདོས་ལ་རྫོང་འདེབས་དང་གཡང་ལེན་རྣམས་བྱའོ༔ ར་དགེ་ཞེས་ཟན་རའི་


CMR011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཤིག་སྔོན་དུ་ཁྱེར་ཏེ་དམར་གཏོར་གཅིག་ལ་མགར་ནག་གི་བསྐུལ་བ་དང་མཉམ་དུ་སྔོན་ལ་ཟོར་ལྟར་འཕེན་པ་ནི༔ ཀཿཐོག་པའི་བཀའ་སྲུང་རྣོ་སོ་རེད་པའི་དོན་ཡིན་གྱི༔ རང་རེས་དགོས་རྒྱུ་མི་སྣང་ངོ་༔ གཞན་གོང་འོག་གི་འགྲིགས་བསྡུས་པ་འདིའི་ལུགས་བསྒྲིགས་ཚུགས་བྱས་པས་འཐུས་སོ༔ ཞེས་པ་གཞན་ལུགས་ཕྱོགས་ཙམ་གོ་བར་བྱ་བ་དང་༔ རང་ལུགས་བསྡུས་པ་ལག་ཏུ་བླངས་ཚུལ་འདི་ནི་རཱ་ག་ཨ་སྱས་བཀོད་པའོ༔ སརྦ་མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་ཁྲོ་བོ་རོལ་པའི་མདོས་ཐབས་བཟློག་ཐབས་རྒྱས་འབྲིང་བསྡུས་གསུམ་བསམ་གཏན་ཆོ་ག་དང་བཅས་པའི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ།next