Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་བོ་རོལ་པའི་ཟློག་པའི་འཕྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོ་རོལ་པའི་ཟློག་པའི་འཕྱང་།next

ཁྲོ་བོ་རོལ་པའི་ཟློག་པའི་འཕྱང་།


CMR011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རོལ་པའི་ཟློག་པའི་འཕྱང་བཞུགས་པའི་དབུ་གཟིགས་ལགས་སོ།།


CMR011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རོལ་པའི་ཁྲོ་བོའི་དབུ་དགུ་ཁྱུང་དགུ་རྒྱལ་མཚན་དགུའི་འདོན་ཆ་བསྡུས་པ་སྟེ༔ དེ་རྣམས་མ་འཛོམ་ན་མི་འདོན་ནོ༔ དང་པོ་ཟོར་ཀོང་བརྒྱད་ཅུ་རྩ་གཅིག་ཡོད་ན་འདི་འདོན་ནོ༔ ཧཱུྃ༔ སྔོན་ཚེ་ཟློག་པ་གང་ནས་བྱུང་༔ རྒྱ་གར་རྒྱལ་པོ་སང་དྲི་དང་༔ རྒྱལ་པོ་སང་ཀྲི་དར་མ་དང་༔ ཁ་ཆེ་རྒྱལ་པོ་ཧོར་ནག་དང་༔ ཐོ་གར་རྒྱལ་པོ་ཧ་ས་དང་༔ བལ་པོའི་རྒྱལ་པོ་མགྲིན་བཟང་དང་༔ ཨོ་རྒྱན་རྒྱལ་པོ་པདྨ་དང་༔ ལི་ཡི་རྒྱལ་པོ་ཧ་པ་དང་༔ ཟ་ཧོར་རྒྱལ་པོ་ཧསྟི་དང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས༔ ཆོས་སྐྱོང་རྒྱལ་པོ་དེ་རྣམས་ལ༔ བན་བོན་མུ་སྟེགས་སྔགས་བྲུབ་བྱུང་༔ མ་མོ་འབུམ་གྱི་དལ་ཁ་


CMR011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་༔ བེ་གར་རྒྱལ་པོའི་ཆད་པ་བྱུང་༔ སློབ་དཔོན་བུདྡྷཱ་རོ་ལངས་དང་༔ སློབ་དཔོན་གྷ་ཡ་རམ་བུ་དང་༔ སློབ་དཔོན་པྲ་བྷ་ཤཱཀྱ་དང་༔ སློབ་དཔོན་ཤྲཱི་ལ་ཚད་མེད་དང་༔ སློབ་དཔོན་བལ་པོ་པྲ་ཏི་པྲ༔ སློབ་དཔོན་རྡོ་རྗེ་ཐོགས་མེད་དང་༔ སློབ་དཔོན་ཤཱཀྱ་པྲ་བྷ་དང་སློབ་དཔོན་དྷརྨ་ཀོ་ཤ་དང་སློབ་དཔོན་པདྨ་འབྱུང་གནས་རྣམས༔ སོ་སོར་རིམ་བཞིན་སྤྱན་དྲངས་ནས་༔ ཁྲག་གི་ཀོང་བུ་ལོ་ཚད་བཤམས༔ མ་མོའི་དལ་ཁ་དེ་ཡིས་ཟློག༔ བན་བོན་སྔགས་ཟོར་དེ་ཡིས་ཟློག༔ བེ་གར་ཆད་པ་དེ་ཡིས་ཟློག༔ རྒྱལ་པོ་དེ་རྣམས་སྐག་ལས་


CMR011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཐར༔ སྔོན་ཚེ་ཟློག་པ་དེ་ལྟར་བྱུང་༔ སྔོན་ཟློག་བཀྲ་ཤིས་བྱིན་འབེབས་ལྟར༔ ཁྲག་གི་ཀོང་ཟོར་ལོ་ཚད་འདིས༔ བདག་ཅག་དཔོན་སློབ་ཡོན་བདག་ལ༔ བན་བོན་སྔགས་ཟོར་འདུས་པ་དང་༔ མ་མོའི་ཆད་པ་དལ་ཡམས་དང་༔ བེ་གར་གདུག་པ་ཟློག་སྒྱུར་བྱོ༔ མ་མོའི་ཁྲམ་ཁ་ཟློག་སྒྱུར་བྱོ༔ བྱད་ཁ་ཟོད་གཏོང་ཟློག་སྒྱུར་བྷྱོ༔ དགྲ་བགེགས་ཐོག་ཏུ་ཟློག་སྒྱུར་བྷྱོ༔ ཅེས་ཟློག་བྱུང་དང་༔ ཧཱུྃ༔ ཉི་མ་ཕྱོགས་བཞི་ཕ་གི་ན༔ ཟླ་ཚེས་ཁ་སྦྱོར་ནང་ཤེད་ནས༔ བལ་མོ་ནག་མོ་མཆེད་སྡེ་བཞི༔ ཤར་ན་ཉི་མའི་ག་ཤ་ཅན༔ ལྷོ་ན་ཁྲག་གི་སྲིད་བུ་ཅན༔ ནུབ་ན་འཕྲུལ་གྱི་མེ་ལོང་ཅན༔ བྱང་ན་གཅེར་བུ་རལ་པ་ཅན༔ ཀུན་ཀྱང་ཁྲག་གི་ཀོང་ཟོར་ཐོགས༔ སྔོན་ཚེ་སྔགས་ཟོར་ཟློག་པའི་ལྷ༔ དུས་འདིར་ཟློག་པའི་དཔུང་ལ་གཤེགས༔ ཤ་ཁྲག་ཀོང་བུས་མཆོད་དེ་རོལ༔ ཏི་ཕུར་མ་མ་ཤཱ་ཏེ་བྷྱོ༔ ཏི་ཕུར་ཡ་མ་ཙཀྲ་བྷེ༔ ཏི་ཕུར་ཡ་མ་རུ་ཏི་བྷྱོ༔ ཏི་ཕུར་ཡ་ཝ་ར་ཏི་བྷྱོ༔ ཟོར་ཀོང་གི་ལྷ་བཞིའོ།། ཧཱུྃ༔ དབུས་ཕྱོགས་བྷནྡྷ་སྒོ་མེད་མཁར༔ ཕྱོགས་བཞི་དུང་གསེར་ཟངས་ལྕགས་མཁར༔ དབུས་ནས་མཆོང་གི་མི་མོ་བདུན༔ ཕྱོགས་བཞི་དུང་གསེར་


CMR011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་དང་གཡུའི༔ མི་མོ་བདུན་ཚོ་རེ་རེ་ཡིས༔ ཕྱག་ནས་ཁྲག་གི་ཀོང་ཟོར་འཕེན༔ སྔོན་ཚེ་ཟློག་པའི་དབང་མོ་ཆེ༔ ཤ་ཁྲག་ཀོང་ཟོར་གཏོར་མ་བཞེས༔ བན་བོན་སྔགས་ཟོར་ཕུར་ཟོར་དང་༔ སྔགས་ཀྱི་ཟོར་ཁ་བབ་པ་དང་༔ ཕྱོགས་བཞི་དབུས་དང་ལྔ་པོ་ཡི༔ མ་མོ་འབུམ་གྱི་ཆད་པ་ཟློག༔ བཟློག་གོ་ཀོང་ཟོར་གཏོར་མས་ཟློག༔ བསྒྱུར་རོ་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཀོང་ཟོར་བརྒྱད་ཅུ་གྱ་གཅིག་གི་འཕྱང་ངོ་༔ ཧཱུྃ༔ དཔལ་དགུའི་དབུ་ལ་ཁྱུང་ཆེན་དགུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ གཟི་བརྗིད་སྟོབས་དྲེགས་རིགས་ལས་སྤྲུལ༔ མཐིང་དཀར་སེར་དམར་ལྗང་གུ་སྟེ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཁྱུང་༔ ཁྱུང་གི་གཤོག་སྒྲ་འུ་རུ་རུ༔ ཁྱུང་གི་གཤོག་སྒྲ་ཆེམས་སེ་ཆེམ༔ ཁྱུང་གི་བྲོ་རྡུང་ཁྲིགས་སེ་ཁྲིག༔ ཁྱུང་གི་ཆར་པ་སི་ལི་ལི༔ ནམ་མཁའ་ས་གཞི་བར་སྣང་གང་༔ ཆེ་མཆོག་དབུ་ཡི་ཁྱུང་ཆེན་ནི༔ ཁྱུང་གི་རྡོ་རྗེའི་རྭ་གཉིས་ལ༔ ཕྱག་རྡོར་ཁྲོ་བོ་བཅོ་བརྒྱད་ཤར༔ རི་ལས་ཆུ་ཆེན་འབྲུབ་པའི་བྱད༔ རྡོ་རྗེ་འཇིགས་བྱེད་ལྟས་ངན་ཟློག༔ སྤྱི་གཙུག་ནོར་བུ་འབར་བ་ཡིས༔ ནོར་ལྷ་ཕོ་མོ་བཅུ་དྲུག་སྤྲུལ༔ ནམ་


CMR011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྲིན་ཆེན་དྭངས་བའི་བྱད༔ ཆུ་རྒྱུན་ཆད་པའི་ལྟས་ངན་ཟློག༔ སྤྱན་མིག་དམར་ཟླུམ་བསྒྲད་པ་ལ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སྤྲུལ༔ འོད་ཟེར་གནམ་ལྕགས་འཕྲོ་བའི་བྱད༔ ཕྱོགས་རྣམས་འཕོ་བའི་ལྟས་ངན་ཟློག༔ ལྕགས་ཀྱི་སྡེར་མོ་རྡོ་རྗེའི་མཆུ༔ དབང་ཆེན་ཁྲོ་བོ་ལྔ་བཅུ་བརྒྱད༔ ས་རྣམས་སྟེང་དུ་འཕྱོ་བའི་བྱད༔ སྣ་ཚོགས་སྤྲུལ་པའི་ལྟས་ངན་ཟློག༔ སྦྲུལ་ཟ་སྦྲུལ་གྱིས་སྐུ་ལ་བརྒྱན༔ མཁའ་ལྡིང་རྒྱལ་པོ་ལྔ་རུ་ཤར༔ རི་རབ་ཤིང་གི་ཏོལ་བའི་བྱད༔ བཅུད་ཆེན་འགྱུར་བའི་ལྟས་ངན་ཟློག༔ ཧཱུྃ༔ བྱ་ཁྱུང་རྒྱལ་པོ་ཁྱེད་རྣམས་ཀྱི་ང་པས་གདོང་ཅན་ལྟས་ངན་ཟློག༔ གཤོག་པས་འདབ་ཆགས་ལྟས་ངན་ཟློག༔ སྡེར་མོས་སྡེར་ཆགས་ལྟས་ངན་ཟློག༔ མཆུ་ཡིས་ལྟོ་འགྲོའི་ལྟས་ངན་ཟློག༔ རྭ་ཡིས་རྭ་ཅན་ལྟས་ངན་ཟློག༔ སྦྲུལ་གྱིས་ཀླུ་ཡི་ལྟས་ངན་ཟློག༔ སྟོང་པའི་ཏིང་འཛིན་ཕོ་ཉས་ཟློག༔ ཆུ་དར་ཐོགས་པའི་བྱ་ཁྱུང་གིས༔ བནྡེ་བརྒྱ་ཡིས་མཐུ་བྱད་དང་༔ གཤིན་རྗེའི་ཁྲམ་ཁ་རླུང་འཁོར་ཟློག༔ གླང་མའི་བྱང་བུ་ཐོགས་པའི་ཁྱུང་༔ མ་མོའི་དམག་ཚོགས་ཐུན་ཁ་ལྟས་ངན་ཟློག༔ ཟངས་བྱང་ཐོགས་པའི་བྱ་ཁྱུང་


CMR011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གིས༔ རྒྱལ་པོའི་བཀའ་ཆད་ནད་བབས་དང་༔ བན་བོན་ཡོངས་ཀྱི་མཐུ་བྱད་ཟློག༔ ཆུ་ཤིང་བྱང་བུ་ཐོགས་པའི་ཁྱུང་༔ ཀླུ་ཡི་བྱད་དང་གནོད་པ་ཟློག༔ སྐྱེར་པའི་ཡམ་ཤིང་ཐོགས་པའི་ཁྱུང་༔ ཐེའུ་རང་སྟོང་གི་གནོད་པ་ཟློག༔ གླང་མའི་བྱང་བུ་ཐོགས་པའི་ཁྱུང་༔ བཙན་གྱི་གནོད་པ་ཤོ་ཁ་ཟློག༔ སེང་ལྡེང་བྱང་བུ་ཐོགས་པའི་ཁྱུང་༔ གཤེད་ཁ་གཟའ་ཆེན་གནོད་པ་དང་༔ བནྡེའི་ལྷ་ཡི་གནོད་པ་ཟློག༔ སེ་རྒོད་བྱང་བུ་ཐོགས་པའི་ཁྱུང་༔ ཡམ་རྗེ་བདུད་ཀྱི་གནོད་པ་ཟློག༔ ཙན་བྱང་བུ་ཐོགས་པའི་ཁྱུང་༔ རཀྵ་སྲིན་པོའི་གནོད་པ་ཟློག༔ དེ་ལྟར་ཁྱུང་དགུ་བྱང་བུ་དགུས༔ རྔ་བརྡུང་སྟོང་གི་བྱད་ཁ་ཟློག༔ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོ་རྡེབ༔ གཡས་ན་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ན་བསྐོར་བས་ཀླུ་སྲིན་སྡུད༔ ཀླད་ལ་བསྐོར་བས་བདུད་དཔུང་འཇོམས༔ སྲོག་དབུགས་དབང་བྱེད་ལས་ལ་ཁྱབ༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ ཅེས་ཁྱུང་དགུའི་འཕྱང་ངོ་༔ ཧཱུྃ༔ དཔལ་དགུའི་བཀའ་


CMR011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གཏོར་མའི་སྟེང་༔ རྒྱལ་མཚན་དགུའམ་བཅུ་བཀོད་པ༔ དབུས་ཀྱི་ཁྱུང་ནག་མེ་གཤོག་ཅན༔ དགྲ་བགེགས་ལིང་ག་ཁྱེར་བ་ཡིས༔ སྡེ་བརྒྱད་ཆོ་འཕྲུལ་སྣ་ཚོགས་སྒྱུར་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ གཤིས་ངན་གུམ་པ་བཅོ་བརྒྱད་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ སྤྱི་ཆགས་སྒོས་ཆགས་ལྟས་ངན་ཟློག༔ མོ་ངན་པྲ་ལྟས་ངན་པ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཤར་གྱི་རྨ་བྱ་རོ་ཟན་འདིས༔ རྨ་བྱ་གཡེང་བའི་ལྟས་ངན་ཟློག༔ མི་ཡི་དུག་སྦྱོར་གཡོས་པ་དང་༔ ལྷ་འདྲེ་འཁྲུག་པའི་ལྟས་ངན་ཟློག༔ གང་ཟོས་དུག་ཏུ་སོང་བ་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་ཟློག༔ ཤར་ལྷོའི་ཤ་ཕོ་ངུ་འབོད་འདིས༔ ནད་ཁ་རིམས་ཁ་གཡོས་པ་ཟློག༔ ཤ་ཕོ་རུ་འཛིང་ལྟས་ངན་དང་༔ ཉ་མོ་རྔ་འཛིང་ལྟས་ངན་དང་༔ ནག་མོ་སྦར་འཛིང་ལྟས་ངན་དང་༔ དུར་ཁྲོད་ཝ་བརྒྱལ་ལྟས་ངན་ཟློག༔ ལྷོ་ཡི་སྟག་མོ་རོ་ཟན་འདིས༔ དགྲ་བགེགས་སྟག་ལྟར་འཕྱོ་བ་ཟློག༔ སྲེ་མོང་བྱི་རོ་ཁྱེར་བ་དང་༔ འདྲེ་མོའི་ཁ་ནས་སྡོམ་ཁྱེར་དང་སྔ་དགྲ་དར་དང་ཕྱི་དགྲ་སེམས༔ མདུན་ནས་སྒུག་དང་


CMR011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ནས་དེར༔ མི་མཐུན་སྦྱོར་རྩུབ་ལྟས་ངན་ཟློག༔ ལྷོ་ནུབ་བུད་མེད་འཐབ་འཛིང་དེ༔ ནག་མོའི་སྐྱོ་འཛིང་ལྟས་ངན་ཟློག༔ ངན་དགུ་དུག་བཅུ་ཤོམས་པ་དང་༔ རྒྱ་འདྲེ་སྟོང་འདྲེ་ལང་བ་དང་༔ གཡོས་ཚད་དུག་ཏུ་སོང་བ་དང་༔ ཁྱོ་ལ་བུད་མེད་འཁུན་རྣམས་ཟློག༔ ནུབ་ཕྱོགས་མི་དམར་སྦལ་གདེང་གིས༔ ཤི་མིག་གསོན་ལ་ལྟ་བ་དང་༔ དུར་ནས་འོ་དོད་འབོད་པ་དང་༔ ཕ་ཁུའི་རྒན་སྲི་ལང་བ་དང་༔ མ་བུའི་བྱུར་སྲི་ཐམས་ཅད་དང་༔ བྱིསྦའི་ཆུང་སྲི་ལ་སོགས་པ༔ རྐྱེན་ངན་གནོད་འཚེ་ལྟས་ངན་ཟློག༔ ནུབ་བྱང་སེང་གེ་དགྲ་སྙིང་བྲ༔ མི་ཆེན་དམང་བབ་ལྟས་ངན་ཟློག༔ སེང་གེ་ལྷུང་བབ་ལྟས་ངན་ཟློག༔ ཆེ་བཙུན་ནང་འཁྲུག་ལྟས་ངན་ཟློག༔ རྗེ་བློན་བཀའ་ཆད་ལྟས་ངན་ཟློག༔ བྱང་ཕྱོགས་ལྕགས་ཀྱི་སྤྱང་མོ་ཡིས༔ ཕུར་པའི་དབལ་བོར་འཕེན་པ་ཟློག༔ ཁྲག་ཟོར་རྦོད་གཏོང་ངན་པ་ཟློག༔ ཡུངས་ཀར་ཟོར་མདའ་འཕེན་པ་ཟློག༔ །སྔགས་པས་སྔགས་ཟོར་འཕེན་པ་ཟློག༔ མུ་སྟེགས་པར་བུའི་ངན་སྔགས་དང་༔ ཕྲ་མེན་མ་ཡིས་ཉེས་བྱེད་ཟློག༔ བྱང་ཤར་མི་ནག་སྤྱང་གདོང་གིས༔ མི་ནག་འོ་དོད་འབོད་པ་


CMR011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ གཅན་སྤྱང་མི་རོ་ཁྱེར་བ་དང་༔ སྤྱང་ཀིས་འོ་དོད་འབོད་པ་དང་༔ བདུད་ཀྱིས་ཁྲམ་ལ་བཏབ་པ་དང་༔ བཙན་འགོང་ཟ་འདྲེ་ལངས་བ་ཟློག༔ དཔལ་གྱི་བཀའ་སྡོད་གཏོར་མའི་སྟེང་༔ བྱ་རོག་འུག་པ་ཞོན་པ་ཡིས༔ བྱ་རྒོད་སྡེར་འཛིང་ལྟས་ངན་ཟློག༔ འུག་པ་སྲོད་ལ་དགོད་པ་དང་༔ བྱ་རོག་བྲང་འདྲེད་སྐྱུར་བ་དང་༔ འདབ་ཆགས་གཅིག་ལ་གཅིག་ཞོན་དང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས༔ བཟློག་གོ་བསྒྱུར་རོ་ལྟས་ངན་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཅེས་རྒྱལ་མཚན་དགུའི་འཕྱང་ངོ་༔ རྔ་མོང་ཁྱུང་ཞོན་གྱི་ཟློག་པ་བདག་གིས་བསྡུས་པའི་གཞུང་དང་མན་ངག་བཞིན་ཆས་རྣམས་འཛོམས་པར་བྱས་ལ་འདི་སྐད་དོ༔ ༈ གཉིས་པ་རྔ་མོང་གི་ཟློག་པ་ནི༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀའི༔ ལྟས་ངན་ཟློག་པའི་མཐུ་བོ་ཆེ༔ དགྲ་བགེགས་བསྒྲལ་བའི་དྲག་རྩལ་ཅན༔ ལྟས་ངན་ཟློག་པའི་དུས་ལ་བབ༔ བྷྱོ་བྷྱོ་ལྟས་ངན་དགྲ་ལ་བྷྱོ༔ བསྐྱར་བསྒྱུར་ལྟས་ངན་དགྲ་ལ་སྒྱུར༔ ཟོར་ཟོར་ལྟས་ངན་དགྲ་ལ་ཟོར༔ བཟློག་བཟློག་ལྟས་ངན་དགྲ་ལ་ཟློག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀའི༔ ལྟས་ངན་ཟློག་པའི་ཕོ་ཉ་


CMR011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ བསྒྱུར་བྱེད་རྔ་མོང་སྟོབས་པོ་ཆེ༔ ཟློག་བྱེད་རྔ་མོང་དཔྲལ་བ་ན༔ སྐྱེས་པ་དམག་ལ་ཆས་པ་དགུ༔ སྐྱེས་པས་མདའ་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ རྔ་མོང་དཔུང་པ་གཡས་པ་ན༔ སྔགས་ནག་དགྲ་བོ་བསྒྲལ་བ་དགུ༔ སྔགས་པས་ཕུར་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ རྔ་མོང་དཔུང་པ་གཡོན་པ་ན༔ བནྡེ་ཐལ་མོ་རྡེབ་པ་དགུ༔ དགྲ་བཅོམ་བཙུན་པའི་དམོད་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ ཟློག་བྱེད་རྔ་མོང་དཔྱི་གཡས་ན༔ ཁྱེའུ་འུར་རྡོ་ཐོགས་པ་དགུ༔ ཁྱེའུ་རྡོ་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ སྒྱུར་བྱེད་རྔ་མོང་དཔྱི་གཡོན་ན༔ བུད་མེད་དུལ་མོ་ཐོགས་པ་དགུ༔ ཡུགས་སའི་དུལ་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ རྔ་མོང་རྩིབ་ལོགས་གཡས་པ་ན༔ བོན་པོ་ངན་སྔགས་འདོན་པ་དགུ༔ བོན་པོའི་སྔགས་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ རྔ་མོང་རྩིབ་ལོགས་གཡོན་པ་ན༔ ངར་གླུད་རྐང་དམར་དགུ་པོ་འདི༔ ཞང་ཞུང་གླུད་ཟོར་འཕེན་པ་ཡི༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་བྷྱོ༔ སྟེང་གི་མཁའ་


CMR011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱུང་ཆེན་ལྡིང་༔ ཁྱུང་རལ་མ་མོ་བཅུ་གསུམ་མཆོད༔ ནམ་མཁའ་སྨུག་ནག་འཐིབས་པའི་བྱད༔ དྲེད་མོང་རལ་འཛིངས་ལྟས་ངན་ཟློག༔ གཡས་གཤོག་ཟུར་ལ་ཁྲོ་བཅུ་འབར༔ སེང་གེ་འབྲུག་སྔོན་འཐབ་པའི་བྱད༔ གནམ་ལྕགས་འབར་བའི་ལྟས་ངན་ཟློག༔ གཉིས་པར་གསང་བའི་ཁྲོ་ཆེན་བཅུ༔ གླང་ཆེན་སྣ་ལ་འཕྱོ་བའི་བྱད༔ སྟག་སེང་འཛིང་བའི་ལྟས་ངན་ཟློག༔ གསུམ་པར་སྤྱི་དཔལ་ཁྲོ་བཅུ་འབར༔ གནམ་ལ་སྤྲིན་དམར་མཆེད་པའི་བྱད༔ བུད་མེད་རལ་འཛིངས་ལྟས་ངན་ཟློག༔ བཞི་པར་རྫོགས་ཆེན་ཁྲོ་བཅུ་འབར༔ སྐར་མདའ་ཐང་ལ་ལྷུང་བའི་བྱད༔ དབྱིག་གི་ནོར་བུ་ལྟས་ངན་ཟློག༔ ལྔ་པར་ཏ་ཀྲིད་བཅུ་དྲུག་སྤྲུལ༔ རི་རབ་མེ་ཆེན་མཆེད་པའི་བྱད༔ ལྕི་བ་ཟས་ཀྱི་ལྟས་ངན་ཟློག༔ གཡོན་གྱི་གཤོག་ཟུར་དང་པོ་ལ༔ སྲོག་རྩ་མ་མོ་བདུན་ཤར་བས༔ རྒྱ་མཚོ་དུག་སྦྲུལ་འཁྱིལ་བའི་བྱེད༔ མེ་ཏོག་བཅུད་ཉམས་ལྟས་ངན་ཟློག༔ གཉིས་པར་ཨེ་ཀ་དྲག་མོ་དྲུག༔ མཁའ་ལ་སྟག་མོ་འཕྱོ་བའི་བྱད༔ ལྕི་བ་བསྐྱོད་པའི་ལྟས་ངན་ཟློག༔ གསུམ་པར་སྲིན་མོ་འབར་མ་བདུན༔ མཁའ་ལ་བྱ་རྒོད་སྡེར་འཛིང་བྱད༔ གཏེར་གྱི་


CMR011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཉམས་ལྟས་ངན་ཟློག༔ བཞི་པར་སྲིན་མོ་རྒྱལ་མོ་དགུ༔ གཡུ་ཤ་སྔོན་མོ་རུ་འཛིངས་བྱད༔ སེང་གེ་ངུ་འབོད་ལྟས་ངན་ཟློག༔ ལྔ་པར་ཉི་ཤུ་རྩ་བརྒྱད་སྤྲུལ༔ རྣོ་དབལ་ངར་དང་རྨ་བྱ་གཡེང་༔ གཡུ་སྒོང་ཡར་དང་ལྕགས་སེར་འབེབས༔ ཤེལ་དཀར་དུག་གཡོས་ཟངས་སྒོང་འདྲིལ༔ མི་བཟད་འབར་བ་ཀླད་ན་བསྐོར༔ ཉི་མ་སྤྲིན་སྒྲིབ་འཚུབ་རླུང་དང་༔ སེང་གེ་གངས་ལྷུང་ཤེལ་སྒོང་ཡར༔ སྤྲིན་ཆེན་ཡར་དང་བཅུད་ཟག་སོགས༔ ལྟས་ངན་སུམ་ཅུ་སླར་ལ་ཟློག༔ མཇུག་སྒོ་བརྒྱད་ལ་གདོང་མོ་བཞི༔ རྒྱལ་མོ་སྤྲུལ་བཞིའི་ཕྲེང་བ་ཤར༔ གསེར་སྒོང་ཁྲོ་བོའི་ཟུར་བསྟན་དང་༔ ལྕུག་ཕྲན་ཟོར་གྱིས་འདེབས་པ་དང་༔ གཟའ་སྐར་འཁྲུག་པའི་ཁྱད་བྱུང་བ༔ ཟོར་རྒྱལ་རྩེ་ལ་སྦྱད་པ་ཆགས༔ དེ་ཡི་ལྟས་ངན་དགྲ་ལ་ཟློག༔ ཁྲ་གསུམ་སྦྲུལ་ཁྱེར་ཀླུ་གཉན་ཐན༔ བྱ་གསུམ་སྡེར་འཛིང་ཕུང་སྲིའི་ཐན༔ རྒོད་བཞི་གཤོག་འཛིང་གནམ་ལྷའི་ཐན༔ བྱ་གཉིས་ས་རྐོ་མ་བདུད་ཐན༔ འདབ་ཆགས་བྱ་ཞོན་སྲི་ལངས་ཐན༔ འདབ་ཆགས་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་ཟོར་དང་གཏོར་མས་ཟློག༔ བསྒྱུར་རོ་རྔ་མོང་འདི་ཡིས་


CMR011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ དོམ་གསུམ་རོ་ཁྱེར་མ་མོའི་ཐན༔ སྦྲུལ་ནག་ཐུར་རྒྱུག་ཀླུ་དམུའི་ཐན༔ དུར་ཁྲོད་ཝ་བརྒྱལ་ཕུང་སྲིའི་ཐན༔ ནེ་ཚོ་སྦྲུལ་ཁྱེར་ཆུང་སྲིའི་ཐན༔ སྤྱང་གསུམ་ངུ་འབོད་བཙན་རྒྱལ་ཐན༔ བཤའ་བུད་ནག་ཁྱེར་ལྷ་བདུད་ཐན༔ ཐོ་རས་ཁྱི་ངུ་ཡ་བདུད་ཐན༔ སྡེར་ཆགས་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་ཀོང་ཟོར་གཏོར་མས་ཟློག༔ བསྒྱུར་རོ་རྔ་མོང་ཁྱོད་ཀྱིས་སྒྱུར༔ སྡེ་འཁྲུག་གླང་མགོ་ཀླུ་བཙན་ཐན༔ སྟེལ་གྲུམ་ཤེལ་མིག་ཡ་བདུད་ཐན༔ རྔ་མོང་རོ་བཀལ་ཕུང་གསུམ་ཐན༔ ཕྲུ་གུ་མགོ་བརྙན་དགྲ་སྲིའི་ཐན༔ རྟིལ་སྟེང་བྱ་བབ་དམ་སྲིའི་ཐན༔ མིང་སྲིང་བུ་བྱུང་སྲིད་ལོག་ཐན༔ བོང་བུ་སྦྲུལ་ཐུར་མ་བདུད་ཐན༔ བོང་ཐེལ་མགོ་གསུམ་མ་ཡམས་ཐན༔ རྨིག་ཟླུམ་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་ཀོང་ཟོར་གཏོར་མས་ཟློག༔ བསྒྱུར་རོ་རྔ་མོང་ཁྱོད་ཀྱིས་སྒྱུར༔ སྤྲེའུ་རྟ་ཞོན་ཕུང་སྲིའི་ཐན༔ འདབ་ཆགས་དྲེལ་ཞོན་རྒྱལ་བློན་ཐན༔ ཕྲུ་གུས་མ་ཟོས་མ་ཡམས་ཐན༔ སྦལ་པས་སྦྲུལ་བཟུང་ཀླུ་གཉན་ཐན༔ བུད་མེད་འཐོབ་འཛིང་དམ་སྲིའི་ཐན༔ དྲེད་མོང་བྲང་བརྡུང་མ་བདུད་ཐན༔ ཕོ་མོས་ལྷ་མནོལ་ལྷ་ཀླུའི་ཐན༔ གདོང་ཅན་ལྟས་ངན་ཉི་ཤུ་


CMR011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ བཟློག་གོ་གཏོར་མ་ཟོར་གྱིས་ཟློག༔ བསྒྱུར་རོ་རྔ་མོང་ཁྱོད་ཀྱིས་སྒྱུར༔ ངུར་པས་མཛོ་ཞོན་མ་མོའི་ཐན༔ སྲོད་ལ་བྱ་ཕོ་གཟིར་བ་དང་༔ ནམ་གུང་འོག་རྟ་འཚེར་བ་དང་༔ ཐོ་རངས་སྒོ་ཁྱི་ངུ་བ་དང་༔ ཐད་ནས་ཤིང་ཆེན་ཆག་པ་དང་༔ ལྟག་ལྐོག་བྲག་ཆེན་རལ་བ་དང་༔ སྡེ་བརྒྱད་འཁྲུག་པའི་ལྟས་ངན་ཡིན༔ རྔ་མོང་ཟོར་དང་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཅེས་རྔ་མོང་གི་འཕྱང་ངོ་། །ཞེས་རཱ་ག་ཨ་སྱས་བསྡུས་ཏེ་བྲིས་པ་ལ་ཉེས་འགལ་མཆིས་ན་བཀའ་བརྒྱད་ལྷ་ཚོགས་རིག་འཛིན་བཀའ་སྲུང་ཡོངས་རྫོགས་དྲུང་དུ་བཤགས་སོ༔ འདི་ཕྱིའི་སྒྲིབ་པར་མ་གྱུར་པར་བྱིན་གྱིས་བརླབ་ཏུ་གསོལ༔ དགེ་བ་མཆིས་ན་དེང་འདིར་འབད༔ ངལ་བའི་དགེ་བ་གང་ཐོབ་དེས༔ ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་རྫོགས་པ་དང་༔ ཕྱི་རབས་ཀྱི་སྔགས་འཆང་འདི་ལ་མོས་པ་ཐམས་ཅད་ལ་འཕེལ་ནས༔ ཡོན་མཆོད་འབྲེལ་ཐོགས་ཐམས་ཅད་ལ་ཕན་པ་དང་བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་༔ ཕྱི་མ་ཡང་བདེ་གཤེགས་བཀའ་བརྒྱད་ཀྱི་ལྷ་ཚོགས་དང་རིག་འཛིན་པདྨ་འབྱུང་གནས་ཀྱི་རྗེས་སུ་བཟུང་སྟེ་ཡོན་མཆོད་འབྲེལ་བ་ཐོབ་ཚད་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག༔ མངྒ་ལཾ།། །། ༧ འབང་སྒང་གནས་མདོའི་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོ་བོ་རོལ་པའི་ཟློག་པའི་འཕྱང་།next