Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱུད་ཁྲོ་བོ་རོལ་པའི་དགོས་ཆེད་ཕན་ཡོན་དང་དམིགས་རིམ་མདོར་བསྡུས།
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱུད་ཁྲོ་བོ་རོལ་པའི་དགོས་ཆེད་ཕན་ཡོན་དང་དམིགས་རིམ་མདོར་བསྡུས།next

བཀའ་བརྒྱུད་ཁྲོ་བོ་རོལ་པའི་དགོས་ཆེད་ཕན་ཡོན་དང་དམིགས་རིམ་མདོར་བསྡུས།


CMR011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཁྲོ་བོ་རོལ་པའི་དགོས་ཆེད་ཕན་ཡོན་དང་དམིགས་རིམ་མདོར་བསྡུས་ཡོད་དོ༔ ༈་འདི་ཞག་ལྔའམ་བདུན་བྱས་ན་མདོས་སྒྲུབ་བམ་གཏོར་སྒྲུབ་ཏུ་འགྲོ་བས་སྔགས་པ་རང་བཀའ་བརྒྱད་ལ་བསྙེན་སྒྲུབ་བྱས་པའི་འབྲེལ་པ་ཐོབ་པས་ཕྱི་མའི་ས་ལམ་ལ་ཕན་ཅིང་ད་གང་རྐྱེན་བཟློག་པའི་ལུང་འདི་རྣམས་ལགས་སོ།།


CMR011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བཀའ༔ སྒྲུབ་པ་བཀའ་བརྒྱད་རྩ་བའི་རྒྱུད་ཆེན་པོ་གསང་བ་འདུས་པའི་ལེའུ་བཞི་བཅུ་ཞེ་གསུམ་ཡོད་པ་ལས༔ རབ་ཏུ་ལོ་སྒྲུབ་རྟགས་དང་སྦྱརཿ༔ འབྲིང་དུ་ཟླ་སྒྲུབ་གྲངས་ལ་སྦྱརཿ༔ ཐ་མས་ཟླ་བདུན་ཞག་ལྔ་རུ༔ དད་བརྩོན་དྲག་པོས་བསྒྲུབས་གྱུར་ན༔ མཚམས་མེད་ལྔ་སྤྱོད་ཟིན་མིས་ཀྱང་༔ དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད༔ དམ་ལྡན་རྣམས་ལ་སྨོས་ཅི་དགོས༔ ཞེས་གསུངས་སོ༔ ཨོ་རྒྱན་ཆེན་པོས༔ གསང་སྔགས་དོན་གྱི་ཡང་སྙིང་འདི་ཁོ་ནའོ༔ སྒྲུབ་ཆེན་འདི་ཡི་མིང་ཙམ་


CMR011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སུས་གང་འཛིན༔ དེ་དང་ཨོ་རྒྱན་ང་ཉིད་སྙིང་ཁྲག་གཅིག་ཏུ་འདྲེས༔ གསང་བའི་རྒྱུད་ཆེན་སྒྲུབ་ཡིག་གང་སུས་འཛིན༔ དེ་ཕྱོགས་བདེ་གཤེགས་དམ་ཅན་ཀུན་འདུས་ནས༔ ཤ་རུལ་སྦྲང་མ་ཅི་བཞིན་ནོ༔ འདི་ཕྱོགས་ཐེ་ཚོམ་ཟ་བའི་མི་གང་སུ༔ ཚེ་འདིར་ཡིད་དུ་མི་འོང་ཀུན་འདུས་ནས༔ མནར་མེད་རྡོ་རྗེ་དམྱལ་སྟེང་དེར་འགྲོ་བས༔ ཀུན་གྱིས་ཐུན་མོང་མ་ཡིན་གསང་དམ་གསུངས༔ ཞེས་དང་གཏེར་བཅུད་ཡོངས་རྫོགས་ངོ་མཚར་རྨད་དུ་བྱུང་༔ གཅེས་འཕང་ཅན་ཅིག་མིང་བརྗོད་མིག་འབྲུལ་སེམས༔ པདྨ་ང་ཡི་སྲོག་གི་དྭངས་མ་སྟེ༔ དུས་གསུམ་རྒྱལ་བའི་


CMR011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྙིང་འདི་ཁོ་ནའོ༔ ཞེས་དང་༔ ཡི་དམ་རྩ་བར་གསང་བ་ཡོངས་རྫོགས་བསྒྲུབ༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་འདི་ཀ་ཟབ༔ འདི་འཆང་ཨོ་རྒྱན་ང་དང་འབྲལ་བ་མེད༔ རིག་འཛིན་བརྒྱད་འདུས་དམ་ཅན་བྲན་དུ་ཁོལ༔ ཉམས་སུ་མི་ལེན་རྒྱུད་རྐང་མི་འཛིན་པའི༔ མི་ལ་བྱིན་ན་ཨོ་རྒྱན་ང་ཉིད་བསླུས༔ དམ་ཅན་ཚོགས་ཀྱིས་འདི་ལ་བྱ་ར་མཛོད༔ ཅེས་དང་༔ བཀའ་བརྒྱུད་གཞུང་སྣ་གཅིག་ལ་མི་བརྟེན་པའི༔ སྔགས་པ་མཐུ་རྩལ་ཆེ་ཡང་མཐར་བརླག་འགྲོ༔ གཉན་པོ་མེད་པའི་བཙན་དུག་ཟ་བ་འདྲ༔ དེ་ཕྱིར་བཀའ་བརྒྱད་སྒྲུབ་གཞུང་སྣ་གཅིག་བསྒྲུབས༔ རིག་འཛིན་གོ་འཕང་མྱུར་བགྲོད་སྨོས་ཅི་དགོས༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་འཆོངས༔ ཞེས་གསུངས་པའི་ཕྱིར༔ སྔགས་པ་རྣམས་ཀྱིས་ཡི་དམ་འདི་ལ་བྱེད་པ་གལ་ཆེ་བར་སྣང་ཞིང་༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་དོན་སླད་དུ༔ བྱད་དང་རྦོད་གཏོང་ལྟས་ངན་ཡེ་འདྲོག་དང་༔ དུས་འཁྲུག་ནད་རིམས་སྔགས་པ་ནང་འགྲས་དང་༔ རྒྱལ་པོས་ཆད་པ་ཕ་རོལ་དམག་ལ་སོགས༔ མི་མཐུན་བཟློག་ཕྱིར་ཁྲོ་རོལ་གཏོར་ཟློག་གི༔ ཉམས་ལེན་མན་ངག་གནད་ཀྱི་གདམས་པ་


CMR011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཤད༔ ཅེས་སོགས་ནས༔ གློ་བུར་བརྒྱད་ཅུ་རྩ་གཅིག་དང་༔ ནད་རིགས་བཞི་བརྒྱ་རྩ་བཞི༔ ཡེ་འདྲོག་སུམ་བརྒྱ་དྲུག་པ༔ མོ་ངན་རྨི་ལམ་ངན་པ༔ ཕྱོགས་ངན་རྦོད་གཏོང་༔ ཆོས་ཟོར་བོན་ཟོར་ངན་པ་ཐམས་ཅད་ཟློག་པར་བྱེད་པའོ༔ ཡོངས་རྫོགས་གཏོར་ཟློག་དྲག་པོ་ཞེས་བྱ་བ་འདི་ནི་གར་ཐོད་ཐོད་དུ་མི་བྱའོ༔ གསང་འདུས་རྒྱུད་ལས༔ ཨོ་རྒྱན་པདྨས་བསྡུས་ཞེས་དང་༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ༔ བསམ་སྦྱོར་ངན་པ་གཏོང་བ་བཟློག་པ་དང་༔ སྔགས་པ་ནང་རྒྱས་ཆོད་གཏོང་ལྟས་ངན་དང་༔ ཆོ་འཕྲུལ་བཟློག་ཕྱིར་ཁྲོ་རོལ་གཏོར་ཟློག་བཤད༔ ཅེས་དང་འདི་ལྟར་བྱས་ན༔ བསམ་སྦྱོར་ངན་པ་གདུག་རྩུབ་ཆོད་གཏོང་དང་༔ ལས་ངན་ཆག་ཆེན་ལྷ་འདྲེའི་གཡོས་ལ་སོགས༔ མི་མཐུན་ཐམས་ཅད་ཟློག་པར་ཐེ་ཚོམ་མེད༔ འདི་ལྟ་བུའི་ཟློག་པ་ནི༔ འཛམ་གླིང་བོད་ཡུལ་མ་གྲགས་ཏེ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ རྒྱུད་ལས་བཏུས་ཏེ་བཙས་སུ་བཞག༔ ཅེས་དང་༔ གསང་བ་ཡོངས་རྫོགས་རྒྱུད་དག་ལས༔ བར་ཆད་ཀུན་སེལ་གཏོར་ཟློག་ནི༔ ཞེས་པ་ནས༔ གློ་བུར་བརྒྱད་ཅུ་རྩ་བཞི༔ ཡེ་འདྲོགས་སུམ་བརྒྱ་


CMR011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ༔ མོ་ངན་རྨིས་ངན་ཕྱོགས་ངན༔ དམག་སྣ་རྦོད་གཏོང་བོན་ཟོར་ཆོས་ཟོར༔ ངན་པ་ཐམས་ཅད་ཟློག་པར་བྱེད་དོ༔ ཡོངས་རྫོགས་གཏོར་ཟློག་དྲག་པོ་ཞེས་བྱ་བ་འདི་རབ་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱ༔ གསང་འདུས་རྒྱུད་ལས་ཨོ་རྒྱན་བདག་གིས་བཏུས༔ ཞེས་དང་༔ གཏོར་མས་ཟློག་པའི་གཟེར་ཁ་ལས༔ བནྡེ་བརྒྱ་ཡིས་འཁོར་ལོ་བསྐོར་བ་ཡང་༔ ལས་འདི་ཡིས་ནི་ཟློག་པར་འགྱུར༔ གལ་ཏེ་བཟློག་པར་མ་གྱུར་ན༔ པདྨ་བདག་གིས་མ་ཤེས་ཀྱི༔ མ་མོའི་དམག་དཔུང་བྱུང་ཡང་ཟློག༔ མ་མོའི་ཐུན་ཁ་ཟློག་པ་འདི་ཟབ་བོ༔ རྒྱལ་པོའི་བཀའ་ནད་ཐམས་ཅད་ཟློག༔ ཀླུ་ཡི་བྱད་དང་གནོད་པ་ཟློག༔ ཐེའུ་རང་སྟོང་གི་གནོད་པ་ཟློག༔ བཙན་གྱི་ཤོད་ཁ་ཐམས་ཅད་ཟློག༔ གཤེད་ཆེན་གཟའ་ཡི་གནོད་པ་ཟློག༔ བནྡེ་ལྷ་ཡི་གནོད་པ་ཟློག༔ ཡམས་རྗེ་བདུད་ཀྱི་གནོད་པ་ཟློག༔ རཀྵ་སྲིན་པོའི་གནོད་པ་ཟློག༔ གཏོར་མ་དགུ་ལ་བྱ་ཁྱུང་དང་༔ བྱང་བུ་དགུ་ཡི་ཟློག་པ་བྱ༔ རྔ་བརྡུང་སྟོང་དང་འགྲས་ཀྱང་ཟློག༔ དྲག་སྔགས་སོ་ལྔས་རྒྱབ་བརྟེན་བྱ༔ ཞེས་གསུངས་སོ༔ ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ ལྟས་ངན་


CMR011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་ཟློག་པ་ནི༔ ཞེས་ཁྱུང་བཅས་གསུངས་ཤིང་༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་དང་པོ་ལ༔ ཕྲེང་ཐོགས་རྣམས་ཀྱིས་ཆོས་བཞིན་མི་བྱེད་དེ༔ སྔགས་པ་རྣམས་ཀྱིས་དམ་དམེ་ནང་རྒྱས་བྱེད༔ བཙུན་པ་འདུལ་ཁྲིམས་མི་བསྲུང་ཡི་དམ་མེད༔ ཀུན་ཀྱང་སྐྱེ་བ་ལས་ཀྱི་སྲིན་པོར་གྱུར་ནག་པོས་བདུད་དང་མུ་སྟེགས་བསྟན་པ་དར༔ མཐུ་བྱེད་སྨོད་གསུམ་དལ་ཡམས་ཆར་ལྟར་འབེབས༔ དེ་དུས་འཕྲལ་གྱི་ཆོ་གས་མི་ཟློག་སྟེ༔ ཆེ་མཆོག་ཀུན་འདུས་དྲེགས་པ་ཀུན་སྒྲོལ་འདི་གུ་རུ་བདག་གིས་ཐུགས་ཀྱི་དཀྱིལ་དུ་སྦས༔ ལས་ཅན་གཅིག་གིས་བསྟན་པ་སྲུང་བར་ཤོག༔ ཅེས་གསུངས་སོ༔ ཕྱི་རབས་བསྐལ་པ་སྙིགས་ནས་ནད་དང་གདོན་རྣམས་དར༔ བྲུབ་དང་རྦད་འདྲེ་གཏད་སོལ་ངག་གནོན་དུ་མ་བྱེད༔ རིམས་སོགས་གནོད་པ་བརྒྱ་དང་བཅུ་གཉིས་འབྱུང་༔ དེ་རྣམས་ཟློག་བྱེད་ཁྲོ་རོལ་འདི་ཡིན་ཏེ༔ མ་ཟློག་གང་ཡང་མེད་པས་ལྟས་ངན་སྟོང་བཟློག་བསྟན༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡུལ་ཁམས་ཐམས་ཅད་ནད་རིམས་སྣ་ཚོགས་ཀྱིས༔ ཟས་ནོར་ལོངས་སྤྱོད་ཐམས་ཅད་ཕྱགས་མས་འདེབས༔ མི་ཕྱུགས་འགྲོ་བ་ཐམས་ཅད་དམྱལ་ཐག་གཅོད༔ དེ་དག་ཞི་


CMR011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་རྣམས་བདག་གིས་སྟོན༔ ཆག་ཆེན་ཉམ་ང་གཞན་གྱིས་མི་བཟློག་གསོན་བྲལ་འབྱུང་༔ དེ་རྣམས་ཟློག་བྱེད་ཁྲོ་བོ་རོལ་པའི་ལས་ཆེན་འདི་ཡིན་ཏེ༔ དེ་ཟློག་ཞི་བར་བྱེད་པ་འདི་ལྟར་ཟུངས༔ གཏོར་ཟློག་གཞུང་ལྟར་བྱས་ནས་ནི༔ ཞེས་ཁ་སྒྱུར་ལས་ཚོགས་རྣམས་གསུངས་སོ༔ དེ་ཡང་ཆེ་མཆོག་སྤྱི་ཟློག་འདི༔ ཏན་ཏྲ་གང་ལས་གྲོལ་ན༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས་གྲོལ༔ རྒྱུད་གང་ལ་གཏོགས་ན་ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལོ་ལ་གཏོགས༔ དགོས་པ་ཅིའི་ཕྱིར་ན༔ ལྷ་མ་ཡིན་ཐམས་ཅད་ཀྱི་གཡུལ་ཟློག་པའི་ཕྱིར་ན་དགོས༔ ཆེ་མཆོག་མཉམ་ཉིད་ལས༔ ཆེ་མཆོག་ལ་དད་པ་བྱས་ལ༔ སྣང་སྲིད་དྲེགས་པ་ལས་ལ་བཅོལ་བའོ༔ དེ་ཡང་ཆེ་མཆོག་ཧེ་རུ་ཀའི་ཟློག་པ་འདི་ལ་གསུམ་སྟེ༔ དྲེགས་པ་སྤྱི་ཟློག་མདོས་སུ་བཏང་བ་དང་གཅིག༔ ཁྱུང་ལ་བརྟེན་ནས་ལྟས་ངན་ཟློག་པ་དང་གཉིས༔ ཡུམ་ལ་བརྟེན་ནས་སྐག་སྒྱུར་ངར་ཟློག་ཏུ་བཏང་བ་དང་གསུམ་མོ༔ དེ་རྣམས་རྣལ་འབྱོར་པ་བདག་གམ༔ ཡོན་བདག་ཚང་པོ་ཆེའམ༔ རང་གི་སྡེ་གང་ཡང་རུང་བ་ལ༔ དལ་ཡམས་ཆེན་པོ་བབ་པའམ༔ རྡོ་རྗེ་སློབ་དཔོན་ཡུན་རིང་བསྙུངས་ཀྱིས་ཟིན་པའམ༔ བྱད་ཁ་


CMR011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཟུག་པའམ༔ མུ་སྟེགས་ཀྱི་སྡེ་ལངས་ན༔ དྲེགས་པ་སྤྱི་ཟློག་གི་མདོས་སུ་བཏང་སྟེ༔ ཞེས་དང་༔ རྣལ་འབྱོར་པ་བདག་དང་ཡོན་བདག་གང་ཡང་རུང་བ་ལ༔ རྨི་ལམ་ངན་པའམ༔ མོ་ལྟས་ངན་པའམ༔ ཐན་ལྟས་ངན་པ་བྱུང་བ་ན༔ བྱ་ཁྱུང་གི་ཟློག་པ་བྱ་བ་ནི༔ ཞེས་དང་༔ ཆེ་མཆོག་ཕྲིན་ལས་ཀྱི་མངའ་བདག༔ དབང་ཕྱུག་ནག་མོའི་བཀའ་སྒྱུར་ནི༔ འཚེར་རྩུབ་ཆེ་བའམ༔ མཚེར་ཀ་དྲག་པོ་ཟུག་པའམ༔ ནད་པ་ཡུན་རིང་པའམ༔ ཟློག་པ་གཞན་གྱིས་མ་འགྲུབ་ན༔ གཏོར་མདོས་ངར་ཟློག་ཏུ་བྱ་བ་ནི༔ ཞེས་བཅའ་ཚོགས་འདྲ་མིན་མང་དུ་གསུངས་ཀྱང་༔ ཐམས་ཅད་སྤྱི་ཟློག་འདི་ལ་ཚང་བའོ༔ ཡང་རྩ་རྒྱུད་གསང་བ་འདུས་པ་ལས་རྣལ་འབྱོར་དམ་ཉམ་མཁའ་འགྲོ་འཁྲུགས༔ དེ་དག་མདོས་ཀྱིས་བསྐང་ཕྱིར་དང་༔ ཉམས་ཆག་གསོ་དང་མཚོན་འཁྲུག་གཅོད༔ ནད་གདོན་གནོད་པ་ཞི་བྱེད་ཅིང་༔ ཚེ་དང་བསོད་ནམས་ལོངས་སྤྱོད་སྤེལ༔ སྣང་སྲིད་དབང་སྡུད་དགྲ་བགེགས་སྒྲོལ༔ དམ་ཅན་ལས་འགྲུབ་ཕུར་ཁ་ཟློག༔ རྟོགས་ཚོགས་ལྷ་རུ་ངོ་སྤྲད་ཅིང་༔ བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར༔ ཡོངས་རྫོགས་གླིང་བཞི་སྤྱི་མདོས་


CMR011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཤད༔ རྣམ་དག་སྤྲོས་བྲལ་ཆོས་སྐུ་ལ༔ བྱིན་རླབས་ལོངས་སྐུ་མཚན་དཔེ་ལྡན༔ ཐུགས་རྗེས་སྤྲུལ་སྐུ་བསམ་ཡས་ཀྱང་༔ བསྡུ་ན་བཀའ་བརྒྱད་ཡོངས་རྫོགས་ཡིན༔ ལས་དང་ཡེ་ཤེས་ཚུལ་དུ་སྣང་༔ ལྟ་སྤྱོད་ཟུང་འཇུག་མདོས་ཀྱིས་བསྐངས༔ ཞེས་པ་དང་༔ དབྱིངས་ནས་མདོས་ཕྱུང་འགྲོ་དོན་བྱ༔ སླར་ཡང་ཆོས་ཀྱི་དབྱིངས་སུ་བསྟིམ༔ དངོས་གྲུབ་ཐམས་ཅད་མདོས་ལས་འབྱུང་༔ ཞེས་སོགས་རྒྱ་ཆེར་བཀའ་སྩལ་པའི་དོན་ཡང་༔ ཁྲོ་རོལ་མདོས་ཐབས་འདི་ལ་དོན་འཐུས་པ་ཡིན་ནོ༔ དེ་ཡན་ནི་ཕན་ཡོན་དང་དགོས་ཆེད་ཀྱི་ལུང་བྱང་ངོ་༔ ༈ དམིགས་རིམ་ཞིབ་པར་བརྗོད་མི་དགོས་ཏེ༔ རྙིང་མ་གྱེར་སྒོམ་ཡིན་པས་འདོན་ཆའི་ཚིག་རིས་ལྟར་བཤད་སྒོམ་ཡིན་ནོ༔ དེ་ལ་ཉང་ལུགས་རྒྱས་པར་བྱེད་ན། ལས་བྱང་གི་བདག་བསྐྱེད་ཚར་བར་བྱས་ནས༔ དེ་ནས་མདུན་བསྐྱེད་གཏོར་ཟློག་སླར་བསྐྱེད་ཅིང་མཆོད་བྱང་ཕུད་བསྐང་སོགས་བྱེད་པ་ཡིན་ནའང་༔ འདིར་འབྲིང་དང་བསྡུས་པའི་ལུགས་ལ༔ ལས་བྱང་གི་བདག་ལྷར་བསྐྱེད་ནས༔ མདུན་བསྐྱེད་སབ་ནས་འདོན་པས་སྤྱན་འདྲེན་མཆོད་བསྟོད་གཅིག་གིས་བདག་མདུན་གཉིས་ཀའི་གོ་སྤྱད་པའོ༔ དེ་ལ་རྒྱལ་པོ་


CMR011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཅན་གྱི་དོན་དུ་དབུ་ཉེར་གཅིག༔ བློན་པོའི་སྐུ་རིམ་ལ་དབུ་དགུ༔ ཕལ་པ་ལ་དབུ་གསུམ་བསྐྱེད་པའམ༔ ཞག་མང་ཉུང་གི་ཁྱད་ལ༔ དབུ་མང་ཉུང་བྱེད་པར་བཤད་ཀྱང་༔ དབུ་མང་བ་སྟོབས་ཆེ་ཕྱིར་ཕལ་པ་དང་ཞག་ཉུང་ཡང་དབུ་ཉེར་གཅིག་བསྐྱེད་པ་ལེགས་ལ་མི་རུང་བ་མེད་དོ༔ སྤྱིར་བདག་བསྐྱེད་ལུང་ཨ་ནུ་ཡོ་ག་གཙོ་ཆེ་བས༔ བདག་གི་ལུས་དཀྱིལ་འཁོར་ཚང་བར་ཡོད་པས་གཞལ་ཡས་ཁང་དུ་བསྐྱེད་པའོ༔ ནང་རྩ་རླུང་ཐིག་ལེ་ལ་བཀའ་བརྒྱད་ལྷ་ཚང་བར་གནས་པས་ལྷར་བསྐྱེད༔ སེམས་ཡེ་ནས་ཀུན་ཏུ་བཟང་པོས་ངོ་བོར་གནས་པས་ཡེ་ཤེས་སེམས་དཔར་བསྐྱེད་དོ༔ ལས་བྱང་གི་ལྷ་བསྐྱེད་ཡན་ཐུན་མཚམས་སུ༔ མདུན་གྱི་གཡང་གཞི་དང་དེ་སྟེང་དཀྱིལ་འཁོར། དེ་སྟེང་མདོས་བཤམས་པའི་རྟེན་དེ་རྣམས༔ ཚྭ་ཏྲི་ལ་གནོད་བྱེད་རུ་ཏྲ་དེར་བསྐྱེད་ལ་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དུག་གསུམ་དང་ལས་ཀྱི་རྣམ་སྨིན་ངན་པ་ཐམས་ཅད་སྦྱར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས་དེ་ལ་བསྟིམས་པས༔ བསྒྲལ་བའི་ཞིང་བཅུ་ཚང་བར་གྱུར་པ་ལ༔ ཁོས་རྒྱུ་ཁམས་གསུམ་


CMR011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ལས་ངན་མ་ཁྱབ་པའི་སྟོབས་ཀྱིས༔ རྐྱེན་བདག་དཔལ་ཆེན་གྱི་ཐུགས་ཀ་ནས་མཚོན་ཆའི་ཆར་བབ་པས༔ རུ་ཏྲའི་ཕུང་པོ་དེ་ཉིད་བརྩིགས་མཁར་ལ་སྒྲོགས་ཕོག་པ་ལྟར་ཁྲོལ་གྱིས་ཞིག་པས༔ འོག་གི་གཡང་གཞི་དང་སྟེང་དུ་བྲིས་པ་དབྱེར་མེད་པར་རུ་ཏྲའི་གཡང་གཞིར་གྱུར༔ འོག་གི་ཧོ་ཁུང་དང་གྲུ་གསུམ་བྲིས་པ་བརྒྱད་དབྱེར་མེད་པ༔ རུ་ཏྲའི་བྲང་རུས་ལས་གྲུབ་པའི་ཧོ་ཁུང་དགུར་གྱུར་པའི་ནང་དུ་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚུད༔ སྟེང་དུ་བྲིས་པའི་དཀྱིལ་འཁོར་རྒྱས་བསྡུས་གང་ཡིན་པ་མདོས་གཞི་དང་བཅས་པ་རུ་ཏྲའི་ཁོག་པ་ལས་གྲུབ་པའི་དུར་ཁྲོད་ཀྱི་གཞལ་ཡས་ཁང་བསྐྱེད་དེ༔ སྒྲུབ་ཆེན་དང་སྦྲེལ་ན་མ་ཏྲ་བསྒྲལ་བ་དང་དགོས་འདེབས་འདིར་བྱ་སྟེ༔ སྒྲུབ་ཆེན་མིན་ན་དམིགས་པ་ཙམ་གྱིས་འཐུས༔ རྒྱས་པར་དཀྱིལ་འཁོར་ཕོ་བྲང་གླིང་དགུ༔ དེ་རྒྱབ་དཀྱིལ་འཁོར་ཆེན་པོ་གཅིག་དང་བཅས་གྲུ་བཞི་སྒོ་བཞི་སྒོ་བཞི་བཅུ་ཕོ་བྲང་ཉི་མ་དགུ་ཤར་བསྐྱེད༔ བསྡུ་ན༔ གཞལ་ཡས་ཁང་གཅིག་གིས་ནང་དུ་འཁོར་ལོ་རྩིབས་བརྒྱད་དབུས་དང་དགུར་དཔལ་དགུ་འཁོར་བཅས་ཚོམ་བུར་བསྒོམ་པའོ༔ དེ་ཡང་དཔལ་གཏོར་དགུའི་རྩེར་ཁྲོ་དབུ་ཁྱུང་དང་བཅས་པ་དཔལ་དགུའི་ལྷ་


CMR011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་བཅས་བསྒོམ་མོ༔ དེ་ནས་གཏོར་མ་དགུ་པོ་ནི༔ དཀྱིལ་འཁོར་དགུ་སོ་སོའི་མདུན་དུ་རླུང་མེ་ཐོད་སྐྱེད་སྟེང་དུ་བྷནྡྷ་རྒྱ་ཁྱོན་སྟོང་གསུམ་ཙམ་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རྒྱ་མཚོ་ལ༔ མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་ཞིང་འདོད་ཡོན་སྣ་ཚོགས་ཀྱིས་མཆོད་པ་རྒྱུན་མི་འཆད་པར་བསྒོམ༔ མདོས་ཐབས་སུ་བཅས་ཡོད་ན་ཡང་མདོས་དེ་དཀྱིལ་འཁོར་གྱི་ཕྱི་དུར་ཁྲོད་དང་རྡོ་རའི་ནང་དེར༔ མདོས་གླིང་བཞི་རི་རབ་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པར་བསྒོམ་སྟེ༔ མཎྜལ་དུས་གཅིག་ལ་བྱེ་བ་དུང་ཕྱུར་འཕྲོས་པའམ༔ ལྷ་བདུན་བརྒྱ་ཉེར་ལྔ་རེ་རེའི་སྤྱན་ལམ་དུ་ཡང་མདོས་ཆ་ཚང་རེ་རེ་འབྱུང་ཞིང་འཕྲོ་བར་བསྒོམ་སྟེ། མདོས་དང་བསྐང་བ་དང་མཎྜལ་གསུམ་དོན་ལ་གཅིག་པའི་ཕྱིར༔ དེ་དག་བྱིན་རླབས་སོ་སོར་མི་དགོས་ཏེ༔ ལས་བྱང་མཆོད་པ་བྱིན་བརླབས་དུས་ནས་བསྒོམས་པ་ཡིན་ཏེ༔ གཞུང་ལས༔ དེ་དག་གང་དུ་ལས་བྱང་གཞུང་བསྲང་དུས་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་༔ དབང་བསྐུར་བ་དང་༔ ཡེ་ཤེས་པ་གཞུག་པ་དང་མཆོད་བསྟོད་ཐམས་ཅད་ཟུང་འཇུག་ཏུ་བྱའོ༔ ཞེས་གསུངས་སོ༔ དེ་ཡང་མདོས་དང་གཏོར་མ་


CMR011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ཅི་འབྱོར་བཤམས་པ་དེ༔ དམིགས་པའི་རྟེན་ཙམ་ཡིན་ལ༔ དམིགས་པ་རྒྱ་ཆེ་བ་ནི༔ འཇིག་རྟེན་གཏོར་སྣོད་བཅུད་རྣམས་གཏོར་མར་བཅས༔ སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོར་ཟློག༔ ཅེས་གསུངས་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཏོར་གཞུང་དང་མདོས་སྣོད་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མ་དང་མདོས་སུ་དམིགས་ནས༔ ལྷ་ཚོགས་ཐམས་ཅད་ལ་ཕུལ་བས་མཉེས་ཤིང་ཚིམས་པར་བསྒོམ་སྟེ༔ བདག་དང་ལྷ་དང་གཏོར་མདོས་ཐམས་ཅད་ཀྱང་ངོ་བོ་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་བཞག་གོ༔ ཁྱད་པར་བཅས་ཡོད་པའི་གཏོར་མ་དེ་ནི༔ བྷནྡྷའི་ནང་དུ་འབྲུ་ཡི་གཏོར་མ་བཅས༔ མི་མཐུན་གདུག་པའི་དགྲ་བགེགས་བསམ་སྦྱོར་ཟློག༔ ཅེས་གསུངས་པའི་དོན་ནི༔ གཏོར་སྣོད་གང་ཡིན་ཡང་རུང་རིན་པོ་ཆེ་ལས་གྲུབ་པའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ་དུམ་བུ་གཅིག་པ་མཚན་ཉིད་དང་ལྡན་པ༔ སྟོང་གསུམ་འཇིག་རྟེན་ཙམ་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་གཏོར་མ་རི་རབ་ཙམ༔ ལམ་ལམ་བསྐྱེད་ལ་ནམ་མཁའ་གང་བ༔ དེ་ཡང་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་ཡེ་ཤེས་ཀྱི་བདུད་རྩིར་བསྒོམས་ལ༔ བཀའ་བརྒྱད་ཀྱི་ལྷ་


CMR011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་ལ་ཕུལ་བས་དགྱེས༔ ལྷག་རོལ་ནས་བྱད་མ་དང་གང་གནོད་ཀྱི་ཤ་ཁྲག་གིས་ངོ་བོ་བྱད་མའི་ལྷ་སྲུང་དང་༔ གཟའ་སོགས་སྡེ་བརྒྱད་དང་མ་མོ་མཁའ་འགྲོ་བགེགས་རིགས་ཐམས་ཅད་ལ་བྱིན་པས་ཚིམས་པར་བསྒོམ༔ དེ་དག་དགའ་མགུ་ཡི་རང་ནས་གནོད་པ་མི་བྱེད་པར་ཁས་བླངས་དམ་བཅས་པར་བྷི༔ དེས་ཀྱང་མི་ཉན་གནོད་པ་བྱེད་པ་རྣམས་བསྒྲལ་བར་བྱ་སྟེ༔ རྒྱས་པ་ན་དཔལ་དགུའི་བསྒྲལ་ལས་སོ་སོར་བྱ་ཞིང་གབ་སྤྲད་དེ་ཡང་བསྒྲལ་ལས་ཚང་མ་རེ་རེ་བྱ་ཞིང་༔ བསྒྲལ་བའི་མཚོན་ཆ་གཙོ་བོར་དམིགས་པ་གཏད་པ་སོ་སོ་སྟེ༔ དབུས་ཆེ་མཆོག་དུས་བསྒྲལ་བའི་ཕྱག་རྒྱས་བསྒྲལ་བར་བསྒོམ༔ ཡང་དག་གི་མཚོན་ཆ་གྲི་གུག༔ གཤིན་རྗེས་འཁོར་ལོས་གཏུབས༔ ནུབ་རྟ་མགྲིན་གྱི་ཐོད་ཁྲག་གིས་བརྒྱབ༔ ཕུར་པས་དབལ་གྱིས༔ མ་མོས་དབང་གིས༔ རིག་འཛིན་ཐུགས་རྗེས༔ དྲེགས་པའི་ཁ་རླངས་སོགས་དུག་གིས༔ དམོད་པ་དྲག་སྔགས་ཀྱི་སྔགས་ཀྱི་ནུས་པས་བསད་པར་བསྒོམ་མོ༔ བསྡུ་ན་བསྒྲལ་ལས་གཅིག་གིས་ཆོག༔ གབ་མི་སྤྲད་དོ༔ རཀྟ་སྦྲེང་དུས་དེའི་ཁྲག་ཞལ་དུ་གསོལ་བ་དང་༔ ལིང་རོ་དུས་ཤ་ཁྲག་ལྡིབས་ལྗིབས་ལྷ་ཚོགས་


CMR011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་བར་བསྒོམ༔ ལིངྒ་བསྒྲལ་དུས་བདག་གི་ཐུགས་ཀ་ནས༔ ཧཱུྃ་མཐིང་ནག་གཅིག་ཕར་འཕྲོས་པས༔ ཁོའི་མགོ་སྟེང་དུ་སོང་བའི་འོད་ཀྱིས༔ ཁོའི་རྣམ་པར་ཤེས་པའི་སེམས་བདེ་གཤེགས་སྙིང་པོའི་ངོ་བོ་དཀར་ལ་དམར་མདངས་ཅན༔ མོ་ཁབ་ཙམ་གཅིག་ཁོ་ཡི་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ནུར་གྱིས་ཐོན་ཏེ༔ མདུན་བསྐྱེད་དཔལ་གྱི་དབུ་སྟེང་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་ཏུ་བཟང་པོའི་ཐུགས་ཀར་ཐིམ་ནས་སངས་རྒྱས་པར་བསྒོམ་མོ༔ ཟློག་གཞུང་འདོན་ཚེ་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་དང་མེ་རི་དང་རླུང་འཚུབ་སེར་བ་དང་རླུང་ཐོག་འདྲེས་པ་ལྟར་འཕྲོས་པས༔ གནོད་བྱེད་ཐམས་ཅད་བྱ་སྤུ་རླུང་གིས་བདས་པ་ལྟར་ནམ་མཁའི་ཕ་མཐར་བསྐྲད༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཀྱང་འུག་ཤག་དང་བཅས་སྟེ་བྱ་ཁྱུ་འགྲོགས་པ་ལྟར་དགྲ་བོའི་ཁྱིམ་དུ་ཟློག་པར་བསྒོམ་མོ༔ ཁྱད་པར་དུ་ཁྱུང་ཟློག་དུས་ཁྱུང་གི་སྤྲུལ་པས་འཇིག་རྟེན་གང་ནས༔ ལྟས་ངན་ཐམས་ཅད་རྭ་ཅོས་བརྡུངས་མཆུས་ཟོས་གཤོག་པ་བརྡབས་པས་རླུང་གིས་ཕྱགས༔ སྡེར་མོས་བྲུས་ནས་རྒྱ་མཚོའི་ཕར་འགྲམ་དུ་བདེས་པར་བསྒོམ་མོ༔ དེ་རྣམས་ནི་ཕྱི་བཅའ་ཚོགས་དང་འབྲེལ་བའི་


CMR011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རིམ་ཡིན་ཏེ༔ བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་སོ༔ ཨོཾ༔ ལུང་ཨ་ནུ་ཡོ་གའི་ལུགས་ནང་གི་གཏོར་ཟློག་ནི༔ ཕུང་པོའི་སྣོད་དུ་དབང་པོའི་གཏོར་མ་བཅའ་ལུས་དང་དབང་པོ་ལྷག་མ་མེད་པར་ཟློག༔ ཅེས་གསུངས་པའི་དོན་ནི༔ ཐུན་མཚམས་སུ་བསྒོམ་པའམ༔ དུས་ནམ་ཡང་རུང་སྟེ། བདག་མདུན་གྱི་ལྷ་ཚོགས་བྷེ་པ་དེ་གར་བཞག་ལ༔ བདག་བསྐྱེད་ཀྱི་ཐུགས་ཀ་ནས༔ རང་ཐ་མལ་པའི་ལུས་གཅིག་ཕྱིར་ཐོན་ནས༔ བདག་དང་ཡོན་བདག་དང་ནད་པ་སོགས་ཀྱི་རྣམ་ཤེས་ཚེ་བསོད་ནམས་ཡེ་ཤེས་ཐམས་ཅད་འདུས་པའི་ངོ་བོ་དེ་སྙིང་ཁར་ཐིག་ལེ་དཀར་པོ་བཀྲག་མདངས་ཅན་དེ་དབུ་མའི་ལམ་ནས་ཚངས་བུག་ཏུ་སྤར་ཏེ་བདག་བསྐྱེད་ཆེ་མཆོག་བཞུགས་པའི་ཐུགས་ཀར་བསྟིམས་ནས༔ རང་དང་ཡོན་བདག་དང་ནད་པའི་ཕུང་པོ་དེའི་པགས་པ་གཏོར་གཞོང་དུ་གྱུར༔ ཤ་ཁྲག་དོན་སྙིང་ནང་གྲོལ་ཐམས་ཅད་གཏོར་མར་གྱུར་ཏེ་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་ལྡན་དུ་གྱུར་པ་ལ༔ མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་རང་བཞིན་དུ་བྱུང་ནས༔ ལྷ་ཚོགས་ཐམས་ཅད་མཆོད༔ གནོད་བྱེད་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱིན་པས་ཚིམས་པར་


CMR011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ༔ ཀུ་སུ་ལུ་པའི་ཚོགས་བསགས་དང་༔ ལུས་ཚོགས་འཁོར་དུ་འབུལ་བ་དང་དོན་གཅིག༔ ཡང་དེའི་ལྷག་མ་ཤ་རི་ཁྲག་མཚོ་བསྒྲེ་སྣུམ་རོ་བཅུད་དང་ལྡན་པ་སྟོང་གསུམ་གང་བར་གྱུར་ཏེ༔ ཕུད་ཀྱིས་ཁྲག་འཐུང་གི་ལྷ་ཚོགས་མཆོད༔ གཞན་ལྷ་འདྲེ་བགེགས་རིགས་ཐམས་ཅད་ཀྱི་ཤ་ཁྲག་ཚིལ་བུ་རྐང་རུས་གང་འདོད་ཐོབ་པས་དགའ་ཞིང་ཚིམ་ལན་ཆགས་བུ་ལོན་བྱང་བར་བསྒོམས་ལ༔ མི་དམིགས་པ་ཉམས་ལེན་སྟོང་ཉིད་ངང་ལ་ཡུད་ཙམ་བཞག་གོ༔ དེ་ནས་བདག་བསྐྱེད་ཐུགས་ཀར་ཡར་ཞུགས་ལ་ཡང་འཕྲོ་རྣམས་གྱེར་རོ༔ འདིས་ནི་དམ་ཚིག་ཉམས་ཆག་བསྐང་བ་དང་༔ ཡང་ཟློག་ཏུ་སོང་བས་ལྷ་དང་བཀའ་སྲུང་གི་འཁུ་ལྡོག་དང་༔ ཕ་རོལ་བྱད་མ་ནུས་པ་ཆེ་ན་ཡང་འདིའི་ཟློག་ལ༔ ཁྲོ་རོལ་བཅའ་གྲངས་མང་ཡང་རང་ལ་མི་གནོད་པ་ལ་སོགས་གནད་ཆེའོ༔ ༈ དེ་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལུགས་ཀྱི་གཏོར་ཟློག་དམིགས་རིམ་ནི༔ ཙིཏྟའི་སྣོད་དུ་རྣམ་ཤེས་གཏོར་མ་བཅ༢༔ ཐམས་ཅད་སེམས་ཉིད་སྟོང་པའི་ངང་དུ་ཟློག༔ ཅེས་གསུངས་པ་ཞི་ཟློག་འདོན་དུས་དམིགས་པ་ཡིན་ནའང་༔ ནམ་ཡང་རུང་སྟེ༔ རང་དང་ཚེ་འདས་སམ་ཡོན་བདག་གི་རྣམ་ཤེས་སྤར་བ་


CMR011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་དགོས་པར༔ སྙིང་དེ་གཏོར་གཞུང་དུ་བསམ་ལ་དུག་ལྔ་དང་ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་གཏོར་མར་གྱུར་པར་བསྒོམ་ལ༔ དེ་སེམས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་བྱིན་གྱིས་བརླབས་ནས༔ ཞི་བ་བཞི་བཅུ་རྩ་གཉིས་ལ་སོགས་པ༔ བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ལ་ཕུལ་བར་བསྒོམ༔ དེ་ཕུལ་བས་དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་མཆོད་པར་གྱུར་ནས༔ དེའི་ཡོན་ཏན་གྱི་ཕུང་པོ་ལྔ་རིགས་ལྔ༔ ཁམས་ལྔ་ཡུམ་ལྔ༔ ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱད་སེམས་མ་བརྒྱད༔ མི་དགེ་བཅུ་ཁྲོ་བོ་བཅུ༔ ཕུང་ཁམས་སྐྱེ་མཆེད་མ་དག་པ་ཐམས་ཅད༔ དག་པ་ཞི་བའི་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བཟློག་ནས༔ འཁོར་བའི་སྡུག་བསྔལ་ངན་སོང་ཐམས་ཅད་ཟློག་པར་བསྒོམས་ལ་སེམས་མ་བཅོས་པ་སྟོང་ཉིད་འོད་གསལ་ཆེན་པོས་ངང་དུ་བཞག་གོ༔ འདི་ཉིད་ཐུན་སྐབས་སུ་ཁམས་སེང་དུས་དང་ནུབ་ཉལ་སྐབསབྷེ་པས་རང་བཞིན་གྱི་སྒྲིབ་སྦྱོང་དང་༔ ཟློག་པའི་རྒྱབ་ཚོན་ལྟ་བ་ཡངས་པ་ཡིན་པས༔ དྲག་ལས་ཟོར་སོགས་བྱས་པས་རང་ལ་མི་ལྡོག་པ་ཡིན་པས་ཟབ་ཅིང་གལ་ཆེའོ༔ དེ་ཡན་ཆད་ཟློག་པ་དངོས་གཞིའི་དམིགས་རིམ་མདོར་


CMR011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་སོང་ལ༔ ༈ རྗེས་ནས་གཏོར་ཟློག་འབུལ་དུས་དམིགས་རིམ་ནི༔ ཟ་ལམ་དགྲ་ལ་བསྟན་ཅིང་ཟློག་པ་བྱ་བ་ནི༔ གསེར་སྐྱེམས་སྒོ་དབྱེ་གཏོར་རྫོང་སོགས་གཞུང་ལྟར་ལས༔ བཞེངས་ཞུས་ཚེ་གཏོར་མ་དང་དཀྱིལ་འཁོར་མདོས་གཞིའི་ལྷ་ཚོགས་ཐམས་ཅད་དཀྱིལ་འཁོར་འོད་དུ་ཞུ་ནས་ལྷ་ལ་ཐིམ༔ ལྷ་ཚོགས་ནམ་མཁའ་ལ་འཕག་ནས་སྤྲིན་ནག་འཁྲིགས་པ་ལྟར་དགྲ་ཕྱོགས་སུ་ཞལ་གྲུ་ནས༔ ནམ་མཁའ་བར་སྣང་གང་བར་སྲིད་གསུམ་གཡོ་འགུལ་བྱེད་པ་འུར་འུར་ཆེམ་ཆེམ་དུ་གྱུར་པར་བསྒོམ༔ དེ་ནས་ཟོར་འཕེན་ནམ་མི་འཕེན་ཕུལ་ནའང་རུང་སྟེ༔ ནམ་མཁའ་བར་སྣང་གི་ལྷ་ཚོགས་རྣམས་ཀྱི་ཞལ་ནས་ནད་རིམས་ཀྱིས་ན་བུན་འཐུལ༔ སྐུ་ལ་ཐུན་དང་མཚོན་ཆའི་ཆར་འབེབས༔ ཕྱག་ན་མཚོན་ཆ་དང་ཐུན་ཟོར་སྣ་ཚོགས་ཐོགས་ནས་ལིང་ག་དང་དབྱེར་མེད་པའི་དགྲ་བགེགས་དེ་ཉིད་གང་དུ་གནས་པ་དེར་ཐུན་ཟོར་དང་མཚོན་ཆའི་ཆར་ཕབ་ནས༔ སྲུང་བའི་གུར་བཀྲལ༔ མགོན་པའི་ལྷ་རྣམས་བྱ་ཁྱུ་ལ་འུར་རྡོ་བརྒྱབས་པ་ལྟར་བསྐྱེད༔ ཁོ་ཡི་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས༔ ཁྲག་འཐུང་གི་ལྷ་ཚོགས་འཁོར་དྲེགས་པ་ཅན་ཐམས་ཅད་ཀྱིས་ལྕེ་སྤྱང་ཤ་ལ་རུབ་པའམ༔ དུར་


CMR011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རོ་ལ་གཏོད་པ་ལྟར༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ཤ་ཁྲག་ཆེམ་ཆེམ་ཁྲོལ་ཁྲོལ་ཧབ་དི་རི་རི་གསོལ་ནས༔ ཏིལ་འབྲུ་ཙམ་ཡང་མ་ལུས་པར་བྷེ༔ མདོས་གཏོར་གྱི་རྩེ་ཕར་བསྟན་ལ་དགྱེལ་ནས༔ དྲེགས་པ་བཅོ་བརྒྱད༔ སྡེ་དཔོན་སུམ་ཅུ༔ མ་མོ་ཤ་ཟ་ཐམས་ཅད་དགྲ་བོའི་ཡུལ་དུ་དམག་ཆས་པ་ལྟར་གཤར་ནས་སོང་བར་བསྒོམ༔ ལྷ་ཡེ་ཤེས་པ་རྣམས་ནམ་མཁའ་ནས་ཚུར་འདུས་ཕུགས་གཏོར་གྱི་རྩེ་ལ་བཞུགས་པས་རྗེས་ཆོག་བྱ་བའི་ཕྱིར༔ རྟ་བྲོ་རྡུང་འཁོར་དགའ་སྟོན་ཚོགས་འཁོར་ཚེ་འགུགས་བཀྲ་ཤིས་སོགས་དམིགས་པ་ཡང་རང་གཞུང་ལྟར་གསལ་བས་བྲི་མ་དགོས་ལ༔ གཞུང་གི་དམིགས་རིམ་སྣ་མང་ཁ་སྦོམ་པས་གོ་དཀའ་བ་རྣམས་འདིར་གོ་བདེ་བར་བཀྲོལ་བ་ཡིན་ལ་མི་འདྲ་བ་རེ་རེ་ནི་དགོས་སམ་སོ་སོའི་སྐབས་ཡིན་པས༔ སྤྱི་ཟློག་ལ་དེ་རྣམས་ཀྱིས་འཐུས་སོ༔ དེ་ཡང་མ་གཅིག་མཚོ་རྒྱལ་གྱི་ཞལ་ནས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་བསྐོར་རྣམས་ནི༔ གཞན་ལས་ཁྱད་པར་དུ་འཕགས་པའོ༔ ཅིའི་ཕྱིར་ན༔ སློབ་དཔོན་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཞིང་༔ མ་འོངས་རྗེས་འཇུག་ཐམས་ཅད་འདི་ལ་གྲུབ་པ་


CMR011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་མང་བར་གསུངས་སོ༔ དེས་ན་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་སྒྲུབས་ཤིག༔ ཤོད་ཅིག་སྟོན་ཅིག་སྒོམས་ཤིག༔ ཅེས་གསུངས་པའི་ཕྱིར༔ ཕྱི་རབས་སྔགས་པ་རྣམས་འདི་ལ་ཐུགས་དམ་དང་༔ གཞན་དོན་དུ་ཡང་ཁྲོ་བོ་རོལ་པ་འདི་ལ་འབད་ཅིག་འོ་ན་གར་ཐོད་ཐོད་དུ་མི་བཅའ་གསུངས་པ་ཅི་ཞེ་ན༔ བསྟན་དགྲ་སྡིག་ཅན་སྟོན་པ་དང་༔ སེམས་ཅན་ལ་གནོད་པ་ཆེན་པོ་ཅན་གྱིས་སྲུང་ཟློག་མི་བྱ་བར་གསུངས་སོ༔ དམ་ཉམས་ལག་ཏུ་ཤོར་ན་སྙིང་ཁྲག་ཐང་ལ་ཕོས་ཞེས་དང་༔ ཉམས་སུ་མི་འཛིན་རྒྱུད་རྐང་མི་འཛིན་པའི༔ མི་ལ་བྱིན་ན་ཨོ་རྒྱན་ང་ཉིད་བསླུས༔ དམ་ཅན་ཚོགས་ཀྱིས་འདི་ལ་བྱ་ར་མཛོད༔ ཅེས་དང་༔ བདེ་གཤེགས་འདུས་པའི་དྲག་སྔགས་འདི༔ གསང་སྔགས་ཀུན་གྱི་བཅུད་ཡིན་པས༔ ནུས་པས་ཡོན་ཏན་བརྗོད་མི་ལོངས༔ ལས་མཐའ་བརྒྱ་དང་རྩ་ལྔ་འགྲུབ༔ ཐུན་མོང་དངོས་གྲུབ་བརྒྱུད་ཀྱང་ཐོབ༔ མཆོག་གི་དངོས་གྲུབ་བརྒྱུད་ཀྱང་ཐོབ༔ འདི་ལྟ་བུ་ཡི་དྲག་སྔགས་ནི༔ གསང་སྔགས་ཀུན་གྱི་ཡང་སྙིང་ཡིན༔ སློབ་དཔོན་པདྨའི་ཐུགས་ཀྱི་བཅུད༔ ཀུན་ལ་བསྟན་པར་མ་གསུངས་ཏེ༔ སློབ་དཔོན་གསང་ཞིང་རང་ཆེ་འབྱིན༔ བཀའ་དྲིན་ཁྱད་


CMR011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་དྲིན་ལན་མེད༔ ངོམ་མེད་གཡོ་སྒྱུ་རྫུན་པོ་ཆེ༔ ཐབས་དང་གཡོ་སྒྱུས་སློབ་དཔོན་བསླས༔ བཀའ་བརྒྱུད་མི་འཛིན་སྐུར་པ་འདེབས༔ དེ་ལ་ནམ་ཡང་མ་སྟོན་ནོ༔ གསང་སྔགས་ཟབ་མོ་གཞོམ་པའི་ཕྱིར༔ མཁའ་འགྲོའི་བཀའ་ཆད་འོང་ཉན་ཡོད༔ དེ་བས་ཆོར་བུར་མ་གཏང་ཞིག༔ སྙིང་ནས་དད་ཅིང་མོས་གུས་འཛོམས༔ སློབ་དཔོན་ལྷ་རུ་མཐོང་བ་དང་༔ གདམས་ངག་བདུད་རྩིར་མཐོང་ནས་ནི༔ ལུས་སྲོག་ཟས་ནོར་གཏོང་ཕོད་ཅིང་༔ དམ་ཚིག་མིག་བཞིན་བསྲུང་བ་དང་༔ སྒྲུབ་པ་ཚུལ་བཞིན་བྱེད་པ་དང་༔ ཁྲོ་བོ་རོལ་འཛིན་པའི་གང་ཟག་གིས༔ དེ་ནི་རིགས་ཀྱི་བུ་ཡིན་པས༔ ལྷག་ཆད་མ་དོར་སྙིང་ནས་སྟོན༔ ངོས་དགའ་ཁ་བསགས་གཡེམ་འདྲིས་བྱེད༔ གསང་སྔགས་ཟབ་མོ་མ་གཏོང་ཞིག་ཅེས་གསུངས་པས་གསང་སྔགས་རྙིང་མ་ལ་མི་དད་པ་དང་༔ རང་ལ་སློབ་དཔོན་དུ་མི་འཛིན་པ་བཅས་ལ་སྤེལ་ན་བཀའ་ཆད་འོང་བར་གསུངས་པས༔ གཞན་སྟོན་དགོས་བྱུང་རུང་སྔགས་བྱང་ཁྱུང་བཅས་དང་༔ འཁོར་ལོའི་བཅོས་དང་དམིགས་རིམ་འདི་གསུམ་བཀའ་རྒྱ་དམ་པར་བྱའོ༔ བཀའ་བརྒྱུད་ཉམས་སུ་ལེན་པ་དང་རང་ལ་སློབ་དཔོན་དུ་འཛིན་པ་ལ་མ་


CMR011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ན་ཆོས་རྒྱུད་འཆད་པས༔ དེ་ལྟ་བུ་ལ་གང་འཕེལ་བྱའོ༔ ཞེས་པ་སྔགས་འཆང་རཱ་ག་ཨ་སྱས་ཟིན་བྲིས་སུ་བཀོད་པ་བཀའ་བརྒྱད་ཀྱི་བསྟན་པ༔ ཡིན་པ་ལ༔ ཞུན་མར་ཆུང་ངུ་གཅིག་ནི་བལྟམས་པ་ཙམ་དུ་སྔགས་འཆང་དང་ཡོན་བདག་རྣམས་ལ་ཕན་པར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་བརྒྱུད་ཁྲོ་བོ་རོལ་པའི་དགོས་ཆེད་ཕན་ཡོན་དང་དམིགས་རིམ་མདོར་བསྡུས།next