Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཟློག་པ་ལྟར་གབ་སྤྲད་ལུགས།
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཟློག་པ་ལྟར་གབ་སྤྲད་ལུགས།next

བཀའ་བརྒྱད་ཟློག་པ་ལྟར་གབ་སྤྲད་ལུགས།


CMR011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཟློག་པ་ལྟར་གབ་སྤྲད་ལུགས། ལས་བྱང་འཛབ་ཚོགས་བསྐང་བ་ཡན་ཚར་ནས། གསེར་སྐྱེམས་དགོངས་གསོལ་ལིངྒ་བསྐྱེད་བསྟིམ་སོགས་བྱས་ལ། །བདེ་གཤེགས་སྤྱི་བསྐུལ་གྱིས། ཧཱུྃ། མི་མངོན་དབྱིངས་ན་བཞུགས་པ་ནས། །ཤཱནྟཾ། པུཏྟཾ། པ་ཤཾ། མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱའི་བར་དང་། ཞི་བ་བཞི་བསྟོད་སོགས་ཀྱི་ལེས་ཁ། ཧཱུཾ་བྷྱོ་གདོད་ནས་མ་སྐྱེས་ནས། མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །སྤྱི་བསྐུལ་ནང་གི་དེའོ།ཕུད་གཏོར། འདི་མན་གབ་སྤྱད་དགོས་སྤྱི་བསྐུལ་ནང་ནས་ཆེ་མཆོག་སྐུལ་པ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཞེས་པ་ནས། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བདེ་གཤེགས་སོགས་འདོད་གསོལ་སྦྱར་མི་དགོས། དང་པོ་ཕོ་ཉ་སྒོས་བསྐུལ་གྱི་ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི་བཀའ་སྲུང་འདོན་ཏེ། ཧཱུྃ། ཤར་ཕྱོགས་ཁྱབ་པར་རྒྱུག་པ་ནས། རུ་ལུ་རུ་ལུ་ཧཱུྃཡི་བར་འདོན། དེ་ནས་བསྒྲལ་ལས་ནང་གི་སྤྱི་མཚམས་ཐམས་ཅད་ལྷ་ཚོགས་ཐམས་ཅད་ལ་སྦྱར། གོང་དུ་དང་པོ་ཆེ་མཆོག་གི་སྒོ་ནས་ལིངྒ་ཆེ་བ་བསྒྲལ་ཏེ། དེ་ཡི་འདོན་ཆ་བསལ་ནས་འདོན་པ་དང་། ཉ་བོ་བསྒྲལ་ཚར་ནས་


CMR011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སྦྲེང་གིས་ཆེ་མཆོག་བསལ་ལ་འདོན། ཆེ་མཆོག་གི་བསྟབ་པ་བྱ། རྒྱས་པ་འདི་ནས་ཟློག་གཞུང་འདོན་ཏེ། ཆེ་མཆོག་གི་ཟློག་གཞུང་འདོན། ཆེ་མཆོག་ལྷ་ཚོགས་ལ་གཏོར་མ་འབུལ་བ་འདོན། བྷྱོ་གདབ་བྱས། བཅོལ་གཏད་བྱ། བདེན་སྟོབས་ཟློག་པ་འདོན། དེ་ནས་སླར་ཡང་བདེ་གཤེགས་སྤྱི་བསྐུལ་ནང་ནས་ཐུགས་མཆོག་ཡང་དག་བསྐུལ་པ་སོགས་ནས་ཡང་དག་གི་སྒོ་ནས་བསྒྲལ་ལས། ཡང་དག་གི་དམར་སྦྲེང་ལ། ཡང་དག་གི་ཞལ་བསྟབ། ཕོ་ཉའི་ཡང་དག་བཀའ་སྲུང་བསྐུལ། ཡང་དག་གི་ཟློག་གཞུང་། ཡང་དག་གཏོར་མ་འབུལ་བ། བྷྱོ་གདབ། ཡང་དག་ལ་བཅོལ་གཏད། བདེན་སྟོབས་ཟློག་པ་འདོན་ཏེ། དཔལ་དགུ་བཀའ་སྲུང་དང་། དེ་ནས་ལས་བྱང་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། འཛབ་ཡན་ཆད་བདག་མདུན་ཟུང་འཇུག་ཏུ་བྱ་སྟེ། མདུན་བསྐྱེད་ཀྱི་སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ། མཆོད་པ་བསྟོད་པ་རྣམས་ནི་ལས་བྱང་གིས་ཚང་ལ། མཆོད་པ་ཕུད་བསྐང་ཡང་བདུད་རྩི་སྨན་མཆོད་ལ་ཚང་བ། དགོངས་གསོལ་ཟེར་བ་ནི་ཕྲིན་ལས་སྒྲུབ་པའི་སྙན་གསན་དབབ་པ་སྟེ། ཆོ་ག་བསྡུས་པའི་སྐབས་སུ་མི་དགོས། །


CMR011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་བསྐང་ཡང་བསྐང་བའི་ནང་དུ་དོན་གྱིས་ཚང་ལ། ཆེ་བ་བསྐྱེད་པ་ནི་ལས་བྱང་ནང་དུ་འཐུས་ཡོད། སྤྱི་བསྐུལ་ནི་ལས་བྱང་ནང་དུ་ཡོད། མཆོད་བྱང་ནི་ཕྱི་མཆོད་ལ་འདུས། བསྟོད་བྱང་ནི་བསྟོད་པ་ལ་འདུས། བཤགས་བྱང་ནི་བཤགས་པ་འདུས་ཡོད། སྒོས་བསྐུལ་རྒྱས་འབྲིང་གཉིས་ཀྱང་བསྡུས་པ་ལ་འདུས། གབ་པ་དོན་བདུན་རྒྱས་འབྲིང་ཡང་བསྡུས་པ་ལ་འདུས། བསད་པ་ལས་བཅུ་དང་ཕུར་ཐུན་ཚོམ་བསྐུལ་གཉིས་དོན་ལ་བསྒྲལ་ལས་སུ་གཅིག་པ་དང་། དེ་གབ་པ་ཆུང་བ་གབ་གམ་སྤྲད། ཁྱུང་ཟློག་དང་ཁྱུང་གི་ཐན་ཟློག་གཞུང་གི་ཁྱུང་ལ་འདུས། དངོས་གྲུབ་ལེན་ཆོག་དང་། ཆེ་བ་བསྐྱེད་པ་གཉིས་ལས་བྱང་ལ་འདུས། བཞེངས་ཞུས་བསྡུས་པའི་སྐབས་སུ་མི་དགོས་ཏེ། ལམ་བསྟན་ལ་འདུས། དཀར་གཏོར་མི་དགོས་སྤྱི་འཚམས་པས་ཆོག །རྟ་བྲོ་ལས་བྱང་གི་དེས་ཆོག །ཆད་མདོ་རྒྱས་པ་ཡང་ལས་བྱང་གི་བསྡུས་པ་དེས་ཆོག །བཤལ་ཆུ་ལས་བྱང་གི་བརྟན་སྐྱོང་ལ་འདུས། བཤགས་པ་དང་དལ་བསྡུ་སྨོན་ལམ་རྒྱུན་སྤྱོད་རྣམས་ལས་བྱང་གིས་འཐུས་སོ། །ཞེས་པ་ཡང་། ཨ་རྭགས་བྲིས་སོ།། །།


CMR011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་ཟློག་པ་ལྟར་གབ་སྤྲད་ལུགས།next