Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རཏྣ་གླིང་པའི་ལུགས་ཀྱི་བཀའ་བརྒྱད་ཀྱི་ཟིན་བྲིས་ཉམས་སུ་བླང་བདེ་བར་བཀོད་པ་བཀའ་བརྒྱད་བསམ་ཡས་ཀྱི་གསལ་བྱེད།
   
   
   
   
   


 
previousརཏྣ་གླིང་པའི་ལུགས་ཀྱི་བཀའ་བརྒྱད་ཀྱི་ཟིན་བྲིས་ཉམས་སུ་བླང་བདེ་བར་བཀོད་པ་བཀའ་བརྒྱད་བསམ་ཡས་ཀྱི་གསལ་བྱེད།next

རཏྣ་གླིང་པའི་ལུགས་ཀྱི་བཀའ་བརྒྱད་ཀྱི་ཟིན་བྲིས་ཉམས་སུ་བླང་བདེ་བར་བཀོད་པ་བཀའ་བརྒྱད་བསམ་ཡས་ཀྱི་གསལ་བྱེད།


CMR011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པའི་ལུགས་ཀྱི་བཀའ་བརྒྱད་ཀྱི་ཟིན་བྲིས་ཉམས་སུ་བླང་བདེ་བར་བཀོད་པ་བཀའ་བརྒྱད་བསམ་ཡས་ཀྱི་གསལ་བྱེད་དོ།།


CMR011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་སྒྲུབ་པ་བཀའ་བརྒྱད་དྲིལ་སྒྲུབ་ཀྱི་ཟིན་བྲིས་བྲི་ན། བཀའ་ཡིས་གནང་བ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཞི་བ་དང་ཁྲོ་བོའི་སྐུ་སྣ་ཚོགས་སུ་བཞེངས་ནས། བཀའ་བརྒྱུད་བྱེ་བྲག་གི་རྒྱུད་མཐའ་ཡས་པ་དང་། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་གསང་བ་འདུས་པ་ཆ་ལག་དང་བཅས་པ་གསུངས་ཏེ། རྒྱུད་མང་པོ་གཏེར་དུ་བཞུགས་ཤིང་ད་ལྟ་གསང་སྔགས་རྙིང་མའི་རྒྱུད་ཕྱོགས་གཅིག་ཏུ་བྲིས་པ་གཙང་ན་ཡོད་དེ། པོ་ཏི་སུམ་ཅུ་སྣང་བ་ཐམས་ཅད་ཕལ་ཆེར་བཀའ་


CMR011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་རྒྱུད་ཤ་སྟག་གོ །རྒྱུད་དེ་དག་གི་སྒྲུབ་ཐབས་ནི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ་མཐའ་ཡས་ཏེ། ཉང་གི་གཏེར་ཁ་བཀའ་བརྒྱད་ལ་ནི་པོ་ཏི་ཉི་ཤུ་རྩ་གཅིག །ཆོས་དབང་གི་གཏེར་ཁ་ལ་པོ་ཏི་བཞི་ཡོད་སྐད། ཀུན་འདུས་བཀའ་བརྒྱུད་འདི་གཏེར་ཁ་བརྒྱད་ནས་བྱོན་སྐད། རཏྣ་གླིང་པའི་གཏེར་ཁའི་བཀའ་བརྒྱད་ལ་ནི་ལེས་ཁ་གཅིག་བས་མེད་གསུངས། འདི་ནི་དྲིལ་སྒྲུབ་ཅེས་བྱ་སྟེ། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ཡིན་ནོ། །དེ་ཡང་དྲིལ་སྒྲུབ་འདི་གསང་བ་འདུས་པ་ལས་གསལ་པོར་གསུངས། ཉང་དང་ཆོས་དབང་གི་


CMR011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་ནས་དྲིལ་སྒྲུབ་དྲིལ་བུའི་རྒྱ་ཆེན་ཞེས་བྱ་བ་རྒྱས་པར་ཡིག་ཆུང་མཚན་དང་བཅས་པ་འབྱུང་། རཏྣ་ལུགས་འདི་དང་རྒྱུད་རྒྱ་གཞུང་བཞི་ཁ་མཐུན་ཏེ། དོན་ལ་ཁྱད་མེད་ཅིང་ཚིག་ཀྱང་ཞུ་དག་མི་ཕེར་ཙམ་དུ་སྣང་ངོ་། །དེ་ཡང་གུ་རུ་ཆོས་དབང་གི་གཏེར་ཁའི་ཆོས་ཐམས་ཅད་ཀྱི་ཆོས་བདག་ནི་རྒྱལ་སྲས་པདྨ་དབང་ཆེན་ཡིན་ལ། པདྨ་དབང་ཆེན་གྱི་སྐྱེ་བ་རཏྣ་གླིང་པ་ཡིན་པའི་ཕྱིར་དང་། ཆོས་དབང་གི་གཏེར་ཁའི་བཀའ་བརྒྱུད་སྐོར་གྱི་དབང་ལུང་རྣམས་བསམ་འགྲུབ་བདེ་ཆེན་གྱི་གཙུག་ལག་ཁང་དུ་རཏྣ་གླིང་པས་གུ་རུ་ཆོས་དབང་ཉིད་ལས་རྨི་ལམ་དུ་ཐོབ་པ་དང་། ཡང་བྱ་ལོ་ཟླ་བ་བཅུ་གཉིས་པའི་ཉའི་ནུབ་མོར་བལ་ཡུལ་ཡང་ལེ་ཤོད་དུ་རྨང་ལམ་དུ་བྱོན་པས། ཨོ་རྒྱན་དངོས་ལས་དབང་ལུང་རྣམས་ཐོབ། རྒྱུ་མཚན་དེས་ན་བཀའ་བརྒྱད་ཆོས་དབང་ལུགས་ཀྱི་བཀའ་བབས་དང་ཆོས་བདག་རཏྣ་གླིང་པ་ཡིན་པའི་གནད་ཀྱིས། རཏྣ་གླིང་པའི་བཀའ་བརྒྱད་དྲིལ་སྒྲུབ་འདིའི་དབང་དང་། ལས་བྱང་གཏོར་ཟློག་སོགས་ཆོས་དབང་གི་ལུགས་ཀྱི་ཁ་སབ་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མ་བུ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་དབང་ལུགས་ཀྱི་དཀྱིལ་འཁོར་རྒྱས་པ་བྲི་ཐུབ་ན་རབ། འབྲིང་རས་


CMR011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། ཐ་མ་དཀྱིལ་འཁོར་གཅིག་གི་དབུས་སུ་དཀྱིལ་འཁོར་སྒོ་རྐྱང་ཅན་དགུ་བྲིས་པའི་ཤོག་བཀྲ་བཀོད། བསྡུ་ན་དཀྱིལ་འཁོར་གཅིག་གིས་ཆོག །དེ་ཡང་མ་རྙེད་ན་དཀྱིལ་འཁོར་དུར་ཁྲོད་ཅན་སྒོ་རྫོགས་གཅིག་བཏིང་ལ། ལྷ་མལ་དེ་དར་རས་ཀྱིས་བཀབ་པའི་སྟེང་དུ། འབྲུའི་ཚོམ་བུ་ལྔ་ཚོམ་བརྒྱད། ཤར་ལྷོར་དྲུག་ཚོམ་བཀོད། ཚོམ་བུ་དབུས་མའི་སྟེང་དུ་མ་མཉྫིའམ། སྣོད་འབྲུས་བཀང་བའི་སྟེང་བུམ་པའི་ནང་དུ་བདུད་རྩི་རིལ་བུ་མང་པོ་ཨ་རུ་ར་རྣམ་རྒྱལ་ཅི་འཛོམ་དང་། བུམ་རྫས་བཅུག །ཁ་རྒྱན་གཟུངས་ཐག་རྡོ་རྗེ་བཞག །དེའི་མཉྫིའི་སྟེང་ངམ་ཡང་ན་མདུན་དུ་བཞག་སྟེ། བྷན་དུམ་བུ་གཅིག་ལ་དཔལ་ཆེན་སྐུ་བྲིས་པ་ཡོད་ན་རབ། མེད་ན་བྷན་འབྲུས་བཀང་བའི་ནང་དུ་ཙཀ་ལི་བཙུགས་ལ་བཤམས། ལྕགས་ཕུར་ལ་རལྟ་བྱུགས་གུ་གུལ་བདུག་ཡུངས་ཀར་བྲབ་དར་གྱི་ཅོད་པན་བརྒྱན་ལ། ཕུར་གདན་སའི་གྲུ་གསུམ་བྱས་ལ་དཀྱིལ་འཁོར་དབུས་གར་བདེར་བཞག །དཀྱིལ་འཁོར་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་གཏོར་མ་རིན་ཆེན་འབར་བ། མཐར་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ནུབ་ཏུ་མར་


CMR011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མེ། ནུབ་བྱང་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་ཏིང་ཤག །མཚམས་འཛིན་མེ་ཏོག་སྟེ་ནས་བཤམས། སྣོད་གཙང་མར་དམར་གཏོར་རྩེ་དགུ་པ་བཀའ་སྲུང་སོ་སོའི་བཤོས་བུ་དཔེའུ་རིས་ལས་འབྱུང་བ་ལྟ་བུར་བཅས་ལ་ཤ་ཁྲག་གིས་བརྒྱན། བསྐང་གཏོར་དང་རྩ་བ་གསུམ་གྱི་ཕུགས་གཏོར་སྒོ་ལོགས་སུ་བྱས་ནས་གར་བདེར་བཤམ་ཡང་རུང་། དཀྱིལ་འཁོར་གྱི་ཕྱི་མཐའ་མར་བཤམས་ན་ནི། ཕུགས་གཏོར་རྣམས་ནུབ། གསོལ་ཁ་ལྷོ། བསྐང་བ་བྱང་། ཚོགས་གཏོར་འབུལ་བརྟན་སྐྱོང་རྣམས་ཤར་མདུན་ངོས་སུ་བཤམས་སོ། །དེ་ནས་གསང་སྔགས་སྤྱིའི་གཞུང་ལྟར་སྐྱབས་སེམས་དཀར་བགེགས་བྱ། མཚམས་བཅད། ནུབ་དང་པོ་མ་གཏོགས་དཀར་བགེགས་མི་དགོས། བཀའ་བརྒྱད་ལས་བྱང་གཞུང་བསྲང་སྟེ། ལྷ་བསྐྱེད་པའི་བར་གཞུང་ལྟར་འདོན། ཧཱུཾ་རྒྱུ་ཡི་ཡི་གེ་གདན་ལ་ཕབ། །ཅེས་པ་ནས། དཀྱིལ་འཁོར་དབུས་ལ་དྲན་རྫོགས་སུ། །ལྷ་བསྐྱེད་སྐབས་སུ་བདག་ཉིད་ཧེ་རུ་ཀ །ཞེས་པ་ནས། རང་རང་ཐུགས་ཀར་མཐིང་ནག་ཧཱུྃ་བསྐྱེད་དེ། །ཞེས་པའི་བར་སྒྲུབ་གཞུང་ལྟར་འདོན། དེ་ནས། ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །རིགས་བཞི་ལ་སོགས་འཁོར་


CMR011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གསལ། །ཞེས་པ་ནས་ཡིག་བརྒྱའི་བར་ལས་བྱང་ནང་ལྟར་འདོན། ལས་བྱང་གི་གཙོ་བོ་ཆེ་མཆོག་ཡབ་ཡུམ་མངོན་རྟོགས་དང་། འཛབ་དགོངས་ཀྱི་སྔགས་རྣམས་དང་བཅས་པ་ནི་དྲིལ་སྒྲུབ་འདི་ལ་མི་མཁོའོ། །དེ་ནས་ལས་བྱང་དང་དྲིལ་སྒྲུབ་གབ་སྤྲད་རྒྱས་པའི་ལུགས་ཡིན་ལ། བསྡུ་ན་ལས་བྱང་གི །ཧཱུྃ་རྒྱུ་ཡི་ཡི་གེ་གདན་ལ་བབ། །ཅེས་པ་དང་། དཀྱིལ་འཁོར་དབུས་སུ་དྲན་རྫོགས་སུ། །ལྷ་བསྐྱེད་སྐབས་སུ་བདག་ཉིད་ཧེ་རུ་ཀ །ཞེས་པ་ནས། རང་རང་ཐུགས་ཀར་མཐིང་ནག་ཧཱུྃ་བསྐྱེད་དེ། །ཞེས་པ་ནས། ཧཱུྃ༔ ཉི་མ་དང་ནི་འོད་ཟེར་བཞིན། །ཞེས་པ་ནས་ཡིག་བརྒྱའི་བར་ལས་བྱང་ལྟར་བྱ་སྟེ། དཀྱིལ་འཁོར་དགུ་མི་བསྐྱེད་པར་དཀྱིལ་འཁོར་གཅིག་ཁོ་ན་བསྐྱེད་པ་འདི་དྲིལ་སྒྲུབ་དངོས་བསྟན་གྱི་དོན་ཡིན་པས། མངོན་རྟོགས་མང་ཉུང་འདི་གཉིས་འདོན་རེས་བྱའོ། །དེ་ལྟར་ལས་བྱང་གཞུང་དེ་རྣམས་ཞོགས་ཐུན་གཅིག །ཉི་དྲོས་ཐུན་གཅིག །དགོང་ཆེན་ཐུན་གཅིག །ཉི་ཐལ་ཐུན་གཅིག་མཚན་ཐུན་གོ་བཅད་པ་དང་བཞི་བྱ། ཉིཀ་གུང་ལས་བྱང་གཅིག་ལ་ཡེ་ཤེས་དབྱིངས་བསྐུལ་དང་ཕོ་ཉ་སྒོས་བསྐུལ་མང་ཉུང་གང་རེད་བཏགས། དགོང་


CMR011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐུན་ལ་ལས་བྱང་ལ་བསྐང་བ་མང་ཉུང་གང་རིགས་བཏགས་ཐུབ་ན་རབ། རབ་ཚོགས་དུས་བཞི། འབྲིང་ཉིན་རེ་རེ་རེ། ཐ་མ་དབུ་འཛུགས་དུས་གཅིག །སྒྲུབ་པའི་ཧཱུཾ་སྒྲུབ་ཚར་མཚམས་གཅིག །བསྒྲུབས་ཚར་ནུབ་གཅིག་དང་གསུམ་བྱའོ། །ཆད་མདོ་བརྟན་སྐྱོང་ཡང་དེ་དང་འདྲའོ། །དེ་ནས་དང་པོ་བསྙེན་པ་ནི། རང་ཉིད་ཆེ་མཆོག་གསལ་བའི་སྐུའི་གནས་རྣམས་སུ་ཆེ་མཆོག་དཔལ་དགུ་འཁོར་བཅས་གསལ་བཏབ། དེ་ཐམས་ཅད་ཀྱི་ཐུགས་ཀར་ཐུགས་སྲོག་ཧཱུྃ་མཐིང་ནག་གསལ་བཏབ། དེའི་ངང་ལས་རང་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་དེ་མ་ཡེངས་ཙམ་དུ་ལྟ་ཞིང་། ཧཱུྃ་འབུམ་ཕྲག་བདུན་བསྙེན་ནོ། །དེ་ནི་བསྙེན་པའོ། །དེ་ནས་སྒྲུབ་པའི་ཐུན་བཟུང་ལུགས་སྔར་དང་འདྲ་ཞིང་། བདག་ཉིད་ཆེ་མཆོག་ཏུ་གསལ། མདུན་གྱི་ཕུར་པ་དཀྱིལ་འཁོར་དང་བཅས་པ་ཡང་ཆེ་མཆོག་དཔལ་དགུའི་ལྷ་ཚོགས་སུ་གསལ། ཆེ་མཆོག་དཔལ་དགུའི་དབུ་རྒྱུན་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་བཀྲ་ལམ་མེར་བཞུགས་པ་ལ། བདག་གི་ཐུགས་ཀའི་འོད་ཟེར་ཞི་བའི་ལྷ་ཚོགས་ལ་ཕོག་པས་འོད་དང་གཟི་མདངས་འབར། ཞི་བ་རྣམས་ལས་འོད་ཟེར་འཕྲོས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་


CMR011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་སྒྲས་ཆོས་ཀྱི་ཆར་བབས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཐུགས་ཡེ་ཤེས་ལྔའི་ངོ་བོ་གནས་འགྱུར་ནས། སླར་ཡང་འོད་ཟེར་ཐམས་ཅད་བདག་དང་བུམ་པའི་རྫས་ལ་ཐིམ་པས། བདེ་གཤེགས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ། ཡང་བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཧཱུཾ་ཁ་དོག་ལྔ་ལྡན་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་ལྷ་ཞི་བ་ཁྲོ་བོ་ཐམས་ཅད་མཆོད། འོད་དེས་སེམས་ཅན་ཐམས་ཅད་ལ་ཕོག་པས། སྒྲིབ་པ་སྦྱངས་ནས་ཧེ་རུ་ཀའི་ལྷ་ཚོགས་སུ་གྱུར། ཐམས་ཅད་ཀྱང་སྔགས་སྒྲ་འུ་རུ་རུ་སྒྲོག་ཅིང་སྒྲ་ཐམས་ཅད་སྔགས་སུ་གྱུར། སླར་འོད་ཟེར་དེས་བདེ་བར་གཤེགས་པ་མཐའ་དག་གི་བྱིན་རླབས་དངོས་གྲུབ། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་བཅུད་དང་དངོས་གྲུབ་མཐུ་ནུས་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་དང་བུམ་པའི་རྫས་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ། ཧཱུཾ་ཧཱི༔ཧཱུྃ་ཨཱ༔ ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་ཏ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཨེ་ཡ་མཱནྟ་ཀ༔ དྭིཔདྨནྟ་ཀྲིཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ༔ ཀཱ་


CMR011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རཱུ་པ། ཡཀཱ་ཀྲོ་དྷ༔ བཛྲ་སརྦ་དུཎྞཾ༔ ཁྲོ་ག་རུ་ཊ༔ མ་ཧཱ་ཀྲོ་ཏཱི་ཤྭ་རཱི༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཁཾ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པའི་སྔགས་འདི་རབ་བདུན་འབུམ་བཟླ་བར་བྱེད་དེ། རཏྣའི་དྲིལ་སྒྲུབ་ཉིད་ལ་བདུན་འབུམ་གསུངས། ·རྒྱུད་ལས་གྲངས་འབུམ་བསྙེན་ཞིང་རྟགས་དང་སྦྱར། ཅེས་དང་། དྲིལ་སྒྲུབ་དྲིལ་བའི་རྒྱ་ཅན་ལས། །གྲངས་འབུམ་བསྙེན་ཞིང་རྟགས་དང་སྦྱར། །ཅེས་གསུངས་པས་འབུམ་ཕྲག་གཅིག་ཐོན་ན་ཡང་ཆོག་གོ །སྔགས་དོན་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ནི་ཞི་བ་རིགས་འདུས་རིགས་ལྔའི་སྙིང་པོ། ཚྭ་འཇམ་དབྱངས། །ཐུགས་རྗེ་ཆེན་པོ། ཧཱུྃ་ཕྱག་ན་རྡོ་རྗེ། ཨཱརྡོ་རྗེ་སེམས་དཔའ། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་ཏ་ཆེ་མཆོག་འདུས་པ། ཧཱུྃ་ཤྲཱི་ཧེ་རུ་ཀ་ཡང་དག་འདུས་པའི་སྙིང་པོ། ཨེ་ཡ་མཱནྟ་ཀ་གཤིན་རྗེ་འདུས་པའི་སྙིང་པོ། དྭིཔདྷཱནྟ་ཀྲྀཏ་པདྨ་དབང་ཆེན་འདུས་པ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕུར་པ་འདུས་པའི་སྙིང་པོ། མ་ཧཱ་ཡཀླུ་གནོད་སྦྱིན་ཆེན་པོ་དྲེགས་པ་ཀུན་འདུལ། ཀཱ་ལ་རཱུ་པ་མཐིང་ནག་འཇིགས་པའི་གཟུགས་ཏེ་སྟོབས་ལྡན་ནག་པོ། ཡཀཱ་ཀྲོ་ཏ་གནོད་སྦྱིན་ཆེན་པོ་སྟེ་སྲུང་བྱེད་ཁྲོ་བོའོ། །བཛྲ་སརྦ་དུཊྚནི་སྡེ་བརྒྱད་མཆོད་བསྟོད་དང་དམོད་པ་དྲག་སྔགས་འདུས་


CMR011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་པོ། ཁྲོ་བཛྲ་ག་རུ་ཊ་ནི་བྱ་ཁྱུང་རིགས་འདུས། མ་མ་ཀྲོ་ཏཱི་ཤྭ་རཱི་ནི་མ་མོ་ཡུམ་ཆེན་ཀུན་འདུས་སོ། །ཀརྨ་རཾ་རཾ་ནི་ལས་ཀྱི་དགྲ་བགེགས་ཚར་གཅོད་པ། ཛ་ལ་རཾ་ནི་ཡེ་ཤེས་འབར་བར་གྱིས་ཤིག །ཧཱུྃ་ཧཱུྃ་ནི་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་བསྡུས་བསྡུས། ཕཊ་ཕཊ་ནི་ཁམས་གསུམ་ཡོངས་སྒྲོལ་སྤར་བའོ། །འདིའི་ཕན་ཡོན་རྒྱུད་གསང་བ་འདུས་པ་ཉིད་ལས། གྲངས་འབུམ་བསྙེན་ཞིང་རྟགས་དང་སྦྱར༔ ཞལ་མཐོང་ལུང་སྟོན་དངོས་གྲུབ་སྟེར༔ རྫས་ལ་འོད་དང་དུ་བ་འབྱུང་༔ རྨི་ལམ་མགོ་ལ་ཉི་ཤར་ཅིང་༔ མཆོད་རྟེན་རྩེ་ལ་སྡོད་པ་དང་༔ བུད་མེད་ཚོགས་འདུས་བསྙེན་བཀུར་བྱེད་ལུས་བདེ་ངག་ནུས་སེམས་རྟོགས་འཆར༔ ཅེས་དང་། བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་༔ དེ་བཞིན་སྒྲུབ་ཆོག་ལས་སྦྱོར་སོགས༔ གསང་སྔགས་རྒྱུད་སྡེ་བསམ་ཡས་ཀྱི༔ ལས་སྦྱོར་ལ་སོགས་གང་ནས་གང་༔ གང་ལ་བརྩམས་ཀྱང་ཐེ་ཚོམ་མེད༔ ཅེས་གསུངས་པས་འདིའི་བསྙེན་སྒྲུབ་ཐོན་ན་གསང་སྔགས་ཀྱི་ལས་ཚོགས་ཐམས་ཅད་འགྲུབ་པར་གསུངས་སོ། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས། །ཐམས་ཅད་མ་ལུས་འདིས་འགྲུབ་སྟེ། །ཞེས་


CMR011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕན་ཡོན་གཞུང་དུ་གསལ་ལོ། །སྒྲུབ་པ་ཐོན་ནས་ཚོགས་བསྐང་སོགས། ཆད་མདོ་བརྟན་སྐྱོང་དང་མཉམ་དུ་ཕོ་ཉའི་བཤོས་བུ་ཡང་ཕུལ། བུམ་པ་ཕུར་པ་གནས་བཞིར་གཏུགས་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་ཀྱི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་བདག་ལ་ཐིམ་པར་བསམས་ལ། ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དང་། །ཞེས་སོགས་དངོས་གྲུབ་བླང་ཆོག་འདོན་ལ་སྔགས་རིང་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་རིལ་བུ་ཅུང་ཟད་དངོས་གྲུབ་ཏུ་རོལ༔ གཞན་རྣམས་ནང་མཆོད་རྫས་བྱ། ལས་བྱང་གི་རྗེས་ཆོག་ཐམས་ཅད་ཚང་བར་འདོན། དཀྱིལ་འཁོར་བསྡུའོ། །ཞེས་པ་འདི་མཐར་ཕྱིན་གྱི་སྒྲུབ་པ་བྱ་བའི་དོན་དུ་ཨ་རཱ་གས་ཟིན་བྲིས་བྱས་པ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརཏྣ་གླིང་པའི་ལུགས་ཀྱི་བཀའ་བརྒྱད་ཀྱི་ཟིན་བྲིས་ཉམས་སུ་བླང་བདེ་བར་བཀོད་པ་བཀའ་བརྒྱད་བསམ་ཡས་ཀྱི་གསལ་བྱེད།next