Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲིལ་སྒྲུབ་ཀྱི་ཟིན་བྲིས།
   
   
   
   


 
previousདྲིལ་སྒྲུབ་ཀྱི་ཟིན་བྲིས།next

དྲིལ་སྒྲུབ་ཀྱི་ཟིན་བྲིས།


CMR011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་སྒྲུབ་པ་བཀའ་བརྒྱད་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནི། །བཀའ་ཡི་གནང་ཞིང་བྱིན་གྱིས་བརླབ་ཏུ་།གསོལ་། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་གསང་བ་འདུས་པའི་ཆ་ལག་དང་བཅས་པ་གསུངས་ཏེ། དེ་ལ་གསང་སྔགས་རྙིང་མའི་རྒྱུད་ཕྱོགས་སུ་བྲིས་པ་གཙང་ན་ཡོད་དེ་པོ་ཏི་གསུམ་སྣང་། ཉང་གི་གཏེར་ཁ་ལ་ནི་པོ་ཏི་ཉི་ཤུ་རྩ་གཅིག་ཡོད། ཆོས་དབང་གི་གཏེར་ཁ་ལ་པོ་ཏི་བཞི། རཏྣ་གླིང་པའི་གཏེར་ཁ་ལ་ནི་ལེས་ཁ་གཅིག་བྱུང་། འདི་ནི་དྲིལ་སྒྲུབ་ཅེས་བྱ་སྟེ། ཕྱི་ནང་གསང་གསུམ་ཐམས་ཅད་གཅིག་ཏུ་དྲིལ་བ་ཡིན་ཀྱང་གུ་རུ་ཆོས་དབང་གི་གཏེར་ཁའི་ཆོས་ཐམས་ཅད་ཀྱི་ཆོས་བདག་ནི་རྒྱལ་སྲས་པདྨ་དབང་ཆེན་ཡིན་ལ། པདྨ་དབང་ཆེན་གྱི་སྐྱེ་བ་རཏྣ་གླིང་པ་ཡིན་པའི་ཕྱིར་དང་། ཆོས་དབང་གི་གཏེར་ཁའི་བཀའ་བརྒྱད་སྐོར་གྱི་དབང་ལུང་རྣམས་བསམ་འགྲུབ་བདེ་ཆེན་གྱི་གཙུག་ལག་ཁང་དུ་གུ་རུ་ཆོས་དབང་གིས་གནང་བ་རྨི་ལམ་དུ་བྱུང་། ཡང་བྱ་ལོ་ཟླ་བ་བཅུ་གཉིས་པའི་ནུབ་མོ་བལ་ཡུལ་ཡང་ལེ་ཤོད་དུ་རྨི་ལམ་དུ་བྱོན་པས། ཨོ་རྒྱན་གྱི་མདུན་ནས་དབང་ལུང་ཐོབ། དེ་བས་གཏེར་མ་བུ་ཡིན་པས།


CMR011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབང་ལུགས་ཀྱི་དཀྱིལ་འཁོར་རྒྱས་པ་བྲི་ཐུབ་ན་རབ། འབྲིང་རས་བྲིས། ཐ་མ་དཀྱིལ་འཁོར་གཅིག་གི་དབུས་སུ་དཀྱིལ་འཁོར་སྒོ་རྐྱང་ཅན་དགུ་བྲིས་པའི་ཤོག་བཀྲ་བཏིང་། །བསྡུ་ན་དཀྱིལ་འཁོར་གཅིག་གིས་ཆོག །དེ་ཡང་མ་རྙེད་ན་དཀྱིལ་འཁོར་དུར་ཁྲོད་ཆས་རྫོགས་གཅིག་བཏིང་ལ། ལྷ་མལ་དེ་དར་རས་ཀྱིས་བཀབ་པ་བཏིང་བའི་སྟེང་དུ། འབྲུའི་ཚོམ་བུ་ལྔ་ཚོམ་བྱས་ལ་བརྒྱད་བཀོད། ཤར་ལྷོར་དྲུག་ཚོམ་བཀོད། ཚོམ་བུ་དབུས་མའི་སྟེང་དུ། མཎྜལ་ལམ་སྣོད་འབྲུས་བཀང་བའི་སྟེང་དུ། བུམ་པའི་ནང་དུ་བདུད་རྩི་རིལ་བུ་མང་པོ་ལ་ཨ་རུ་ར་ཅི་འཛོམ་དང་། བུམ་རྫས་བཅུག །ཁ་རྒྱན་གཟུངས་ཐག་རྡོ་རྗེ་བཞག །དེའི་སྟེང་དུ་མཎྜལ་སྟེང་ངམ། ཡང་ན་མདུན་དུ་བཞག་སྟེ། བྷན་དུམ་བུ་གཅིག་ལ་དཔལ་ཆེན་པོའི་སྐུ་བྲིས་པ་ཡོད་ན་རབ། མེད་ན་བྷནྡྷ་འབྲུས་བཀང་བའི་ནང་དུ་ཙཀ་ལི་བཙུགས་པ་བཤམས། ལྕགས་ཕུར་ལ་རཀྟ་བྱུགས་གུ་གུལ་བདུག །ཡུངས་ཀར་བྲབ། དར་གྱི་ཅོད་པན་བརྒྱན་ལ། ཕུར་གདན་སའི་གྲུ་གསུམ་བྱས་ལ་དཀྱིལ་འཁོར་དབུས་སམ་གང་བདེར་བཞག །དཀྱིལ་འཁོར་གྱི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་གཏོར་མ་རིན་ཆེན་


CMR011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ། མཐར་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་ཏིང་ཤག་གམ། མཚམས་འཛིན་མེ་ཏོག་ནས་བཤམས། སྣོད་གཙང་མར་དམར་གཏོར་རྩེ་དགུ་པ། བཀའ་སྲུང་གཏོར་མ་ལ་བཀའ་སྲུང་སོ་སོའི་བཤོས་བུ་དཔེའུ་རིས་ལྟར་བཅས་ལ་ཤ་ཁྲག་གིས་བརྒྱན། བསྐང་གཏོར་དང་རྩ་བ་གསུམ་གྱི་ཕུགས་གཏོར་གང་བདེར་བཞག །དཀྱིལ་འཁོར་གྱི་མཐར་བཞག་ན། ཕུགས་གཏོར་རྣམས་ནུབ། གསོལ་ཁ་ལྷོ། བསྐང་བ་བྱུང་། ཚོགས་གཏོར་དང་བརྟན་སྐྱོང་ཤར་དུ་བཤམ། དེ་ནས་སྐྱབས་སེམས་དཀར་བགེགས་བྱ། མཚམས་བཅད་གཞུང་ལྟར་བྱ། དང་པོའི་ནུབ་མོ་མ་གཏོགས་དཀར་བགེགས་མི་དགོས། བཀའ་བརྒྱད་ལས་བྱང་དབུ་བཟུང་། ལྷ་བསྐྱེད་བར་དུ་འདོན། ཧཱུྃ་ཡིག་གཏན་ལ་ཕབ་ནས། དཀྱིལ་འཁོར་དབུས་སུ་དྲན་རྫོགས་སུ། ལྷ་བསྐྱེད་སྐབས་སུ་བདག་ཉིད་ཧེ་རུ་ཀར་གསལ་རང་གི་ཐུགས་ཀར་ཧཱུྃ་མཐིང་ནག་བསྐྱེད། ཅེས་པ་སྒྲུབ་གཞུང་ལྟར་འདོན། དེ་ནས་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །རིགས་བཞི་


CMR011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་འཁོར་བཅས་བསམས་ནས་ཡིག་བརྒྱའི་བར་ལས་བྱང་འདོན། ཆེ་མཆོག་ཡབ་ཡུམ་མངོན་རྟོགས་ཛབྲ་དགོངས་དང་། སྔགས་ནི་དྲིལ་སྒྲུབ་འདི་ལ་མི་མཁོའོ། །ལས་བྱང་དང་དྲིལ་སྒྲུབ་གབ་སྤྲད་ནི་རྒྱས་པའི་ལུགས་ཡིན། བསྡུ་ན་རང་གི་ཐུགས་ཀར་ཧཱུྃ་ལས། ཉི་མ་དང་ནི་འོད་ཟེར་བཞིན། །དཀྱིལ་འཁོར་དགུ་མི་བསྐྱེད་པར་དཀྱིལ་འཁོར་གཅིག་བསྐྱེད་»པ་འདི་དྲིལ་སྒྲུབ་ཀྱི་དོན་ཡིན། མངོན་རྟོགས་མང་ཉུང་འདི་གཉིས་འདོན་རེས་བྱ། དེ་ལྟར་ལས་བྱང་གཞུང་དེ་རྣམས་ཞོགས་ཐུན་གཅིག །ཉི་དྲོས་ཐུན་གཅིག །དགོང་ཆེན་ཉི་ཐལ་ཐུན་གཅིག །ཉིན་གུང་ཡེ་ཤེས་དབྱིངས་བསྐུལ་དང་ཕོ་ཉ་སྒོས་བསྐུལ་མང་ཉུང་གང་རེད། དགོང་ཆེན་བསྐང་བ་མང་ཉུང་གང་རེད། རབ་ཚོགས་དུས་བཞི། འབྲིང་ཉིན་རེར་རེ་རེ༔ ཐ་མ་དབུ་འཛུགས་དུས་གཅིག །སྒྲུབ་པ་ཚར་ནུབ། ཚོགས་གཅིག་དང་གསུམ་བྱའོ། །ཆད་མདོ་བརྟན་སྐྱོང་ཡང་དེ་དང་འདྲའོ། །རང་ཉིད་ཆེ་མཆོག་གསལ་བའི་གནས་རྣམས་སུ་ཆེ་མཆོག་དཔལ་དགུ་འཁོར་བཅས་གསལ་བཏབ། དེ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་གསལ། མ་ཡེངས་ངང་ལས་འབུམ་ཕྲག་བདུན་བསྙེན་ནོ། །དེ་ནི་ཐུན་གྲངས་དང་འདྲ་


CMR011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འོ། །བདག་ཆེ་མཆོག་ཏུ་གསལ། མདུན་གྱི་ཕུར་པ་དཀྱིལ་འཁོར་དང་བཅས་པ་ཡང་དཔལ་དགུའི་ལྷ་ཚོགས་དང་ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་བཀྲ་ལམ་མེར་བཞུགས་པ་ལ། བདག་གི་ཐུགས་ཀའི་འོད་ཟེར་ཞི་བའི་ལྷ་ཚོགས་ལ་ཕོག་པས་གཟི་མདངས་འབར། ཞི་བ་རྣམས་ལས་འོད་ཟེར་འཕྲོས་སྣོད་ཀྱི་འཇིག་རྟེན་གང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་སྒྲས་ཆོས་ཀྱི་ཆར་ལྟར་བབ། སེམས་ཅན་ཐམས་ཅད་ཀྱིས་དུག་ལྔ་ཡེ་ཤེས་ལྔ་རུ་གྱུར་ནས། འོད་ཟེར་ཐམས་ཅད་བདག་དང་བུམ་པའི་རྫས་ལ་ཐིམ། བདེ་གཤེགས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ། ཡང་བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཧཱུཾ་ཁ་དོག་ལྔ་ལྡན་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་ལྷ་ཞི་བ་ཁྲོ་བོ་ཐམས་ཅད་མཆོད། འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས། སྒྲིབ་པ་བྱང་་ནས་ཧེ་རུ་ཀའི་ལྷ་ཚོགས་སུ་གྱུར། ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་འུ་རུ་རུ་གསུངས་བར་གྱུར། ཡང་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་


CMR011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་བདག་དང་བུམ་པའི་རྫས་ལ་ཐིམ་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུཾ་ཧཱུྃཨཱཧཱུཾ། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་ཏ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཨེ་ཡ་མཱནྟ་ཀ༔ ཧཱིཔདྨནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ༔ ཀཱ་ལ་རཱུ་པ། ཡཀཱ་ཀྲོ་དྷ་བཛྲ་སརྦ་དུཎྞཾ༔ ཁྲོ་ག་རུ་ཎ༔ མ་མ་ཀྲོ་ཏི་ཤྭ་རཱི༔ ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ༔ ཧཱུྃ་ཕཊ་ཕཊ༔ འདི་བདུན་འབུམ་བྱ། ། འབུམ་ཕྲག་གཅིག་ཀྱང་རུང་། དོན་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ནི་ཞི་བ་རིགས་འདུས་རིགས་ལྔའི་སྙིང་པོ། ཚུ་འཇམ་དཔལ། ཧཱིཐུགས་རྗེ་ཆེན་པོ། ཧཱུྃ་ཕྱག་ན་རྡོ་རྗེ། ཨཱཙྪརྡོ་རྗེ་སེམས་དཔའ་། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་ཏ་ཆེ་མཆོག་འདུས་པ། ཧཱུྃ་ཤྲཱི་ཧེ་རུ་ཀ་ཡང་དག་འདུས་པ། ཨེ་ཡ་མཱནྟ་ཀ་གཤིན་རྗེ་འདུས་པ། ཧཱིཔདྨན་ཀྲྀཏ་པདྨ་དབང་ཆེན་འདུས་པ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕུར་པ་འདུས་པ། མ་ཧཱ་ཡཀྵ་དྲེགས་པ་ཀུན་འདུལ་འདུས་པ། ཀཱ་ལ་རཱུ་པ་སྟོབས་ལྡན་ནག་པོ། ཡཀྵ་ཀྲོ་ཏ་སྲུང་བྱེད་ཁྲོ་བོའོ། །བཛྲ་སརྦ་དུཏྟཾ་ནི་འཇིག་རྟེན་མཆོད་བསྟོད་དང་དམོད་པ་དྲག་སྔགས་འདུས་པ། ཁྲོ་བཛྲ་ག་རུ་ཎ་ནི་བྱ་ཁྱུང་རིགས་འདུས། མ་མ་ཀྲོ་ཏཱི་ཤྭ་རཱི་ནི་མ་མོ་ཡུམ་ཆེན་ཀུན་འདུས། ཀརྨ་རཾ་རཾ་ནི་ལས་ཀྱི་དྲེགས་པ་ཚར་གཅོད། ཛྭ་ལ་རཾ་


CMR011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡེ་ཤེས་མེ་འབར། ཧཱུཾ་ཧཱུཾ་ནི་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་འདུས། ཕཊ་ཕཊ་ནི་ཁམས་གསུམ་ཡོངས་སྒྲོལ་གནས་སྤར་བའོ། །གྲངས་འབུམ་བསྙེན་ཞིང་རྟགས་དང་སྦྱར༔ ཞལ་མཐོང་ལུང་བསྟན་དངོས་གྲུབ་འཐོབ༔ རྗེས་ལ་འོད་དང་དུ་བ་བྱུང་༔ རྨི་ལམ་དུ་མགོ་ལ་ཉི་མ་ཤར་བ༔ མཆོད་རྟེན་རྩེ་ལ་བསྡད༔ བུད་མེད་ཚོགས་འདུས་བསྙེན་བཀུར་བྱེད༔ ལུས་བདེ་ངག་ལ་ནུས་པ་འབྱུང་༔ སེམས་རྟོགས་འབར༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་༔ གང་ལ་བརྩམས་ཀྱང་ཐེ་ཚོམ་མེད༔ གསང་སྔགས་ཀྱི་ལས་ཚོགས་ཐམས་ཅད་འགྲུབ་པར་བྱའོ། །སྒྲུབ་པ་ཐོན་ནས་ཕུར་པ་དང་བུམ་རྫས་རྣམས་རང་གི་སྤྱི་བོར་བཞག་ནས། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་རང་ལ་ཐིམ་པར་བསྒོམས། ཧཱུྃ། ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །ཞེས་སོགས་བསྙེན་པ་བྱ། མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སོགས་དབང་བླངས་རྗེས་ཆོག་བྱའོ། ༧ ཀརྨ་ཨ་རཱ་གས་མཛད་པའོ།།


CMR011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདྲིལ་སྒྲུབ་ཀྱི་ཟིན་བྲིས།next