Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་དབང་རྒྱས་པར་བཀོད་པ།


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་དབང་རྒྱས་པར་བཀོད་པ།no next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་དབང་རྒྱས་པར་བཀོད་པ།


CMR011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་དབང་རྒྱས་པར་བཀོད་པ་བཞུགས་སོ༔


CMR011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཀྱི་དབང་ནི༔ དབང་ཆས་རྣམས་བཤམས་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དྲན་རྫོགས་དམ་ཡེ་དབྱེར་མེད་པར༔ བདག་མདུན་བུམ་ལྷ་གཏོར་མ་རྣམས༔ མུན་པ་སེལ་མཛད་འཇམ་པའི་དབྱངས༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་བཞི་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་རལ་གྲི་ཡིག༔ དེ་འོག་གཉིས་ཀྱིས་མཆོག་སྦྱིན་ཨུཏ༔ ཟླ་བ་དང་ནི་པད་གདན་བཞུགས༔ དར་དང་རིན་པོ་ཆེ་


CMR011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བརྒྱན༔ གནས་གསུམ་འབྲུ་གསུམ་ཐུགས་ཀ་རུ༔ ཟླ་སྟེང་དྷིཡིག་དམར་པོའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ རི་བོ་རྩེ་ལྔའི་ཤེལ་ཁང་ནས༔ འཇམ་དཔལ་དཔག་མེད་སྤྱན་དྲངས་ནས༔ བདག་མདུན་བུམ་པའི་ལྷ་ལ་ཐིམ༔ ཨོཾ་མ་མ་ཝཱཀ་མཉྫའི་པུཊྛི་བྷ་ཝནྟ་སྭཱ་ཧཱ༔ ཞེས་པ་ཅི་མང་བཟླས་ནས༔ ཨགྷཾ་སོགས་ཀྱིས་མཆོད༔ གཞོན་ནུའི་སྐུ་ལུས་འཆང་བ་པོ༔ ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན༔ འཇིག་རྟེན་གསུམ་གྱི་མུན་སེལ་བ༔ འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ དེ་ནས་སློབ་མ་


CMR011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཁྲུས་བྱས་མཎྜལ་ཕུལ་ལ༔ སྔོན་བསྐལ་པ་གྲངས་མེད་ཚད་མེད་པའི་ཡང་སྔོན་རོལ་དུ་སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་དྲུང་དུ༔ རྗེ་བཙུན་འཇམ་དཔལ་རྒྱལ་པོར་གྱུར་པ་བསྙེན་བཀུར་སྨོན་ལམ་བཏབ་ནས། བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་དེ་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཀྱིས་མངོན་དུ་མཛད་ཀྱང་ཐུགས་རྗེའི་དབང་གིས་ད་རུང་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས༔ མ་འོངས་པ་ན་ཞིང་ཁམས་ཡོངས་སུ་དག་པ་རྡུལ་མེད་ཡང་དག་འཕགས་ཞེས་བྱ་བའི་ཞིང་དུ་སངས་རྒྱས་ཀུན་ཏུ་གཟིགས་པ་ཞེས་བྱ་བར་འགྱུར་ཏེ་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པ་ན༔ སངས་རྒྱས་གྲངས་མེད་ཚད་མེད་པ་དག་རང་གི་བྱང་ཆུབ་ལམ་ལ་བཀོད་པ་འགའ་ཡང་མེད་པར་འགྱུར་ཏེ༔ སངས་རྒྱས་དེའི་མཚན་ད་ལྟ་ཐོས་ན་མི་འགྱུར་བ་ལ་བཞུགས་པའི་མོས་པ་ཆུང་བ་མ་གཏོགས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་བསྟན་ཏེ༔ འདིའི་ཞིང་བཀོད་ཐོས་སམ་མཐོང་ངམ་བཏོན་ནམ་བྲིས་སམ༔ འཇམ་དཔལ་གྱི་རྗེས་སུ་སློབ་པའི་བྷྱོ་སྐད་ཅིག་


CMR011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེས་པའི་བསོད་ནམས་ཀྱི་ཞིང་ཐམས་ཅད་ནོར་བུས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས་ཆེ་བར་གསུངས་སོ༔ ཞིང་དེ་ནི་ནོར་བུ་སྣ་ཚོགས་ལས་གྲུབ་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ མི་དགེ་བ་དང་སྡུག་བསྔལ་བ་དང་༔ རྒས་པ་དང་ན་འཆི་མི་སྡུག་པའི་མིང་ཡང་མེད་དེ༔ ཅི་འདོད་པ་བསམ་མ་ཐག་ནས་ཆར་བཞིན་དུ་འབེབས་པའོ༔ ད་ལྟ་འཇམ་དཔལ་ལ་དད་ཅིང་ཡི་དམ་བྱས་ན་ཞིང་ཁམས་དེར་སྐྱེས་ནས་འབྲས་བུ་ཐོབ་པར་འཇམ་དཔལ་ཞིང་བཀོད་ཀྱི་མདོ་དང་པདྨ་དཀར་པོ་སོགས་ལས་རྒྱ་ཆེར་གསུངས་སོ༔ འཇམ་དཔལ་རྩ་རྒྱུད་ལས༔ དུས་ཀྱི་ཐ་མ་དག་ལ་ནི༔ སྔགས་རྣམས་འགྲུབ་པར་ངེས་པ་ཡིན༔ དེ་ཉིད་ཀྱིས་ནི་ཐུབ་དབང་གིས༔ གཞོན་ནུ་ཡོངས་སུ་བཏགས་པ་ཡིན༔ ཤེས་རབ་ཆེན་པོ་འཇམ་པའི་དབྱངས༔ བྱིས་པ་གཞོན་ནུའི་གཟུགས་དང་ལྡན༔ འཇིག་རྟེན་འདིར་ནི་ཀུན་ཏུ་རྒྱུ༔ སེམས་ཅན་རྗེས་སུ་བཟུང་བར་མཛད༔ དེ་ཡི་དུས་སུ་འགྲུབ་པ་ནི༔ འཇམ་པའི་དབྱངས་སུ་རབ་ཏུ་མཐོང་༔ ཞེས་གསུངས་སོ༔ མགོན་པོ་ཡོན་ཏན་གྱི་མགྲོན་ཞེས་པ་བསྟན་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་ཡང་འཇམ་དཔལ་


CMR011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ཏེ༔ འཇམ་དཔལ་རྩ་རྒྱུད་ལས༔ ཐུབ་དབང་ཡོངས་སུ་མྱ་ངན་འདས༔ དམ་པའི་ཆོས་ནི་བསྲུང་བའི་ཕྱིར༔ དེ་ཚེ་རྟག་ཏུ་སྲུང་བར་ནི༔ འཇམ་པའི་དབྱངས་སུ་འགྱུར་བ་ཡིན༔ ཞེས་གསུངས༔ འཇམ་དཔལ་ཞིང་གི་བཀོད་པའི་མདོ་ལས༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི་མཚན་བརྗོད་པ་བས་ནི་གང་གིས་འཇམ་དཔལ་གཞོན་ནུ་གྱུར་བའི་མིང་གཅིག་བརྗོད་ན་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུངས་ན༔ འདིའི་དབང་ཐོབ་ན་ཕན་ཡོན་བསམ་ལས་འདས་པ་ནི་སྨོས་ཅི་དགོས༔ དེ་ལ་སྤྱིར་འཇམ་དབྱངས་འདི་ལ་རིགས་དུ་མ་ཡོད་ཅིང་རྒྱུད་སྡེ་མཐའ་དག་ནས་གསུངས༔ འཇམ་དཔལ་རྩ་རྒྱུད་དང་དཔའ་བོ་གཅིག་སྒྲུབ་ནི་བྱ་རྒྱུད་ཡིན་ལ༔ སྒྱུ་འཕྲུལ་དྲྭ་བ་དང་མཚན་ཡང་དག་པར་བརྗོད་པ་ནི་རྣལ་འབྱོར་རྒྱུད་དུ་བཞེད་ཅིང་ལ་ལས་གཉིས་མེད་རྒྱུད་དུ་བཞེད་པ་ཡང་ཡོད༔ འཇམ་དཔལ་ཁྲི་དྲུག་སྟོང་པའི་རྒྱུད་ནི་བོད་དུ་མ་འགྱུར༔ འཇམ་དཔལ་སྐུའི་རྒྱུད་དཔག་ཏུ་མེད་པ་ཡོད་ཅིང་དེ་དག་གི་ནང་ནས་འཇམ་དཔལ་ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་མཐའ་ཡས་ཏེ༔ འདི་ནི་འཇམ་དཔལ་ཞི་བ་ཡིན༔ དེ་ཡང་སྔོན་ཨུ་རྒྱན་རིན་པོ་ཆེ་


CMR011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་བྱོན་དུས༔ འཇམ་དབྱངས་ཀྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་མུན་པའི་སྨག་རུམ་དུ་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བར་དགོངས་ནས༔ མཐའ་དབུས་ཀྱི་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས༔ བོད་ཀྱི་བྱིས་པ་རྣམ་རིགས་བཀྲ་བ་ཐམས་ཅད་བསྡུས་ཏེ༔ སྒྲ་དང་ཡི་གེ་བསླབས་པས་ཚིག་གཅིག་ཀྱང་མ་ལོབ༔ ན་མོ་བུདྡྷ་ཡ་སོགས་ཚིག་རེ་རེ་བསླབས་ཀྱང་མ་ཤེས་པར་ལོག་པར་སྨྲས་པས་པཎྜི་ཏ་རྣམས་བཞད་ཏི་རེ་སོང་༔ རྒྱལ་པོས་བོད་ཀྱི་མི་རྣམས་ཤེས་རབ་ཆུང་ཏི་ཐུག་པས་སངས་རྒྱས་ཀྱི་བསྟན་པ་དར་མི་ཐུབ་པར་འདུག་དགོངས་ནས་བཤུམས་པས༔ ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་ཏེ༔ ལྷོ་བྲག་ན་པ་གོར་ཧེ་འདོད་ཀྱི་བུ་དང་༔ འཕན་ཡུལ་ཀ་བ་ན་ཀ་བའི་བུ་དང་༔ ཅོག་རོའི་བུ་དང་གསུམ་ལ་ལོ་ཙཱ་མཁས་པར་ལུང་བསྟན་ནས་དེ་གསུམ་གདན་དྲངས༔ དེ་གསུམ་གྱིས་གཙོར་བྱས་པའི་ཁྱེའུ་བརྒྱ་རྩ་བརྒྱད་སློབ་དཔོན་ལ་ཕུལ་བས༔ སློབ་དཔོན་གྱིས་འཇམ་དབྱངས་ཀྱི་དབང་བསྐུར་བས་ལོ་ཙཱ་ཤེས་པ་བརྒྱ་དང་བརྒྱད་བྱུང་༔ མཆོག་ཏུ་གྱུར་པ་ནི་སྐ་ཅོག་ཞང་གསུམ་སྟེ༔ བཀའ་བསྟན་འགྱུར་ཐམས་ཅད་བོད་དུ་བསྒྱུར༔ དེའི་ནང་


CMR011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོག་ཏུ་གྱུར་པ་ནི་བེ་རོ་ཙ་ན་སྟེ༔ སྐུ་ན་ཆུང་ངུའི་དུས་ནས་སྐད་རིགས་བརྒྱ་དང་རྩ་བརྒྱད་ཤེས༔ རྐང་མགྱོགས་གྲུབ་པས་རྒྱ་གར་ནས་ཞང་ཞུང་ཡུལ་སོགས་བར་ཆད་མེད་པར་བགྲོད༔ རྒྱལ་པོ་དགའ་ཕྱིར་ཆོས་བསྒྱུར༔ བོན་པོ་དགའ་ཕྱིར་བོན་བསྒྱུར༔ བོད་སྤྱི་ལ་ཕན་ཕྱིར་སྨན་དང་རྩིས་བསྒྱུར༔ དེ་ཡང་མཚན་སོ་སོར་གྲགས་ཏེ༔ མདོ་བསྒྱུར་དུ་ཡེ་ཤེས་སྡེ༔ སྔགས་བསྒྱུར་དུ་བེ་རོ་ཙ་ན༔ སྨན་བསྒྱུར་དུ་ཐང་ལྷ་འབར༔ བོན་བསྒྱུར་དུ་གནམ་ལྕགས་ཐོག་ས༔ སྐུ་ཆུང་ངུའི་མིང་གན་འཇག་ཐོག་ས༔ སྐུ་ཤིན་ཏུ་མཛེས་པས་བརྗེ་དྲི་མེད་ཟླ་ཤར་ཞེས་བྱ༔ འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས་མཁས་པའི་མཆོག་ཏུ་གྱུར་ཏེ་བི་མ་ལ་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་ཀྱང་འདི་ལ་ལོ་ཙཱའི་མིང་བཏགས་ཀྱང་དོན་ལ་པཎྜི་ཏ་རང་ཡིན་གསུངས༔ དེ་ཕྱིས་ལོ་ཆེན་རིན་ཆེན་བཟང་པོ་བས་མཁས་པའི་ལོ་ཙཱ་བ་ནི་བོད་ན་མ་བྱུང་སྟེ༔ གསར་མའི་ཆོས་ཐམས་ཅད་ཀྱི་ཆུ་མགོ་ལྟ་བུ་ཡིན༔ ཁོང་གིས་ཞལ་ནས༔ བཻ་རོ་ཙཱ་ན་ཉི་ཟླ་ཙམ་ཁོ་བོ་སྐར་ཆེན་ཙམ་ཡིན་གསུངས་སྐད༔ བེ་རོ་ཙ་ན་ནི་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་སྐུ་ལུས་མ་བཞག་པར་འཇམ་


CMR011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་ཐུགས་ཀར་ཐིམ༔ སླར་ཡང་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱེད་ནས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་ལས༔ སྤྱིར་བོད་དུ་ཡང་སྤྲུལ་པ་མང་དུ་བྱུང་ཞིང་༔ སྤྲུལ་པ་ཆ་གཅིག་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཡིན་པས༔ དགུང་ལོ་བཅུ་གཅིག་པ་མེ་སྤྲེའུ་ས་ག་ཟླ་བའི་ཉེར་དྲུག་གི་ཉིན་འཇམ་དབྱངས་དཀར་པོ་རྒྱན་ཆ་ལུགས་སྤྱི་ལྟར་གཅིག་ནམ་མཁའ་ལ་དངོས་སུ་བྱོན་ནས་སྒྲུབ་ཐབས་འདི་གསུངས༔ དགུང་ལོ་བཅུ་གཉིས་པ་མེ་སྤྲེའུ་སྣོན་ཟླ་བའི་ཚེས་གཉིས་ལ་ཨུ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་འདི་དངོས་སུ་གསུངས༔ གཞན་ཡང་འདིའི་ཆོས་སྐོར་པོད་ཆུང་གཅིག་བྱུང་སྟེ༔ གནམ་ཆོས་པུ་སྟ་ཀ་བཅུ་གསུམ་གྱི་ནང་ནས་གཅིག་ལ་བརྩི་བ་ཡིན༔ དེ་ལྟ་བུའི་བྱིན་རླབས་ཀྱི་སོ་མ་ཉམས་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ན་མོ་མཉྫ་ཤཱི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྡིག་པ་ཐམས་ཅད་བཤགས་སོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས་ཤིག༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔


CMR011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ལ་ཡང་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ༔ དེ་ནས་ཁྱེད་རང་འདི་ལྟར་སྒོམས་མུན་པ་སེལ་མཛད་འཇམ་པའི་དབྱངས༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་བཞི་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་རལ་གྲི་ཡིག༔ དེ་འོག་གཉིས་ཀྱིས་མཆོད་སྦྱིན་ཨུཏ༔ ཟླ་བ་དང་ནི་པད་གདན་བཞུགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོ༔ ཐུགས་ཀའི་དབུས་སུ་ཟླ་བའི་གདན་ལ་དྷིཡིག་དམར་པོ༔ དེ་ལས་འོད་ཟེར་འཕྲོས་པས་རྒྱ་ནག་རི་བོ་རྩེ་ལྔའི་


CMR011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ཁང་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་ཆེ་བ་ལ་རི་རབ་ཙམ༔ ཆུང་བ་ལ་ཡུངས་ཀར་གྱི་འབྲུ་ཙམ༔ གསུང་སྔགས་ཀྱི་ཕྲེང་བ༔ ཐུགས་དྷིཡིག་དམར་པོ་རྣམས་ཆར་བཞིན་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འཇམ་དཔལ་གཞོན་ནུར་གྱུར་པའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་མ་མ་ཝཱཀ་མཉྫཤཱི་པུཊྛི་བྷ་ཝནྟ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་སྤྱི་བོར་བཞག་ལ༔ ཏིཥྛ་བཛྲ༔ དེས་དབང་གི་གཞི་བཀོད་པ་སོང་ནས༔ སྐུའི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ ན་མོ་མཉྫའི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་འཇམ་དཔལ་གྱི༔ སྐུ་ཡི་དབང་དང་དངོས་གྲུབ་སྩོལ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ༔ མགྲིན་པ་རིང་བ༔ མཆུ་འཕྱངས་པ༔ ལྷ་རྫས་གོས་ཀྱི་མགྲིན་པ་དཀྲིས་པ༔ དཔག་བསམ་ཤིང་གིས་ཁ་རྒྱན་པ༔ ནང་དུ་ཆུ་དང་བཅུད་ཀྱིས་


CMR011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གང་བའི་དབུས་སུ་འཇམ་དཔལ་གཞོན་ནུ་གྱུར་པ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་གནས་བཞི་གང་༔ སྒྲིབ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞི་མངོན་དུ་བྱས་པའི་སྐལ་བ་དང་ལྡན་པར་སྒོམས༔ ཧཱུྃ༔ ཕྱག་རྟགས་སྤུ་མའི་ལྷ་ཚོགས་ཀྱིས༔ སློབ་མ་འདི་ལ་དབང་མཆོག་སྩོལ་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཞོན་ནུའི་སྐུ་ལུས་འཆང་བ་པོ༔ ཡེ་ཤེས་སྒྲོན་མེས་རབ་རུ་གསལ༔ འཇིག་རྟེན་གསུམ་ན་མུན་སེལ་བ༔ འཇམ་པའི་དབྱངས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ་པ་ཡིན༔ ད་གསུང་གི་དོན་དུ་རྗེས་ཟློས་མཛོད༔ ན་མོ་མཉྫ་ཤྲཱི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤུ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་འཇམ་དཔལ་གྱི༔ གསུང་གི་དབང་དང་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་བཏབ་པས་འཇམ་དཔལ་གྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ངོ་བོ༔ རྣམ་པ་གླེགས་བམ་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག༔ གསུང་


CMR011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་ཐོབ༔ འཆད་རྩོད་རྩོམ་གསུམ་ལ་རང་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ ཕྱག་རྟགས་སྤྲ་མའི་ལྷ་ཚོགས་ཀྱིས༔ སློབ་མ་རྣམས་ལ་དབང་མཆོག་སྩོལ༔ ངག་གི་སྒྲིབ་པ་དག་ནས་ཀྱང༔ ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག༔ རྩ་སྔགས་ལ༔ ཝཱཀ་ཨབྷི་ཥིཉྩ་ཧཱུྃ༔ གཞོན་ནུའི་སོགས། འཇམ་པའི་དབྱངས་ཀྱི་གསུང་གི་བཀྲ་ཤིས་ཤོག༔ དེས་གསུང་གི་དབང་ཐོབ་པ་ཡིན༔ ད་ཐུགས་ཀྱི་དོན་དུ་རྗེས་ཟློས་མཛོད༔ ན་མོ་མཉྫ་ཤཱི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་འཇམ་དཔལ་གྱི༔ ཐུགས་དབང་དངོས་གྲུབ་བདག་ལ་སྩོལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་འཇམ་དཔལ་གྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཡི་གེ་དྷིས་མཚན་པ་དང་༔ ཤེས་རབ་ཀྱི་རལ་གྲི་མེ་འབར་ཞིང་ཡི་གེ་དྷིས་མཚན་པ་དང་༔ ཨུཏྤལ་སྔོན་པོ་ཡི་གེ་ཧཱུཾ་གྱིས་མཚན་པ་དཔག་ཏུ་མེད་པ་བྱོན༔ འོད་དུ་ཞུ་ནས་ཁྱེད་རང་གི་སྙིང་གར་ཐིམ་པས༔ སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ མི་ཤེས་པའི་མུན་པ་


CMR011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ནས་ཤེས་རབ་ཕྱོགས་མེད་དུ་འབར་བར་སྒོམས་ཤིག༔ ཧཱུྃ༔ ཕྱག་རྟགས་སྤུ་མའི་ལྷ་ཚོགས་ཀྱིས༔ སློབ་མ་ཁྱོད་ལ་དབང་མཆོག་སྩོལ༔ མ་རིག་མུན་པ་སངས་ནས་ཀྱང་༔ བློ་གྲོས་སྐྱེད་པར་མཛད་དུ་གསོལ༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཞོན་ནུའི་སོགས། འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ་པ་ཡིན༔ ད་ཡོན་ཏན་གྱི་དོན་དུ་རྗེས་ཟློས་མཛོད༔ ན་མོ་མཉྫ་ཤི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་འཇམ་དཔལ་གྱི་ཡོན་ཏན་དབང་དང་དངོས་གྲུབ་སྩོལ༔ ད་ཁྱེད་རང་རྣམས་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་སྔར་སྨོས་མ་ཐག་པར་གསལ་བ་ལ༔ འཇམ་དཔལ་གྱི་ཡོན་ཏན་གྱི་ངོ་བོ་ཞི་བའི་ཆས་བཅུ་གསོལ་བའི་མོས་པ་གྱིས༔ ཧཱུྃ༔ སངས་རྒྱས་བཞུགས་གནས་རིན་ཆེན་འདི༔ འཁོར་ལོ་རྡོ་རྗེ་རིན་ཆེན་མཛེས༔ པདྨ་རྒྱ་གྲམ་དམ་ཚིག་གནས༔ དབུ་རྒྱན་ཟེ་སྲོག་དབང་བསྐུར་རོ༔ ཨོཾ་མཉྫ་ཤྲཱི་བུདྡྷཱ་རཏྣ་པདྨ་ཀརྨ་མུ་གུ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མི་བརྗེད་གཟུང་འཛིན་རིན་ཆེན་ཕྲེང་༔ སྐུ་གསུང་ཐུགས་རྟེན་ཕྲིན་དབང་བསྐུར་ཐོབ་ཤོག༔ ཨོཾ་


CMR011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫཤྲཱི་སརྦ་རིཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བདུད་དཔུང་ཟིལ་གནོན་གསུང་རབ་ཆོས་ཀུན་གསལ༔ མི་སྙན་སྐྱོན་བྲལ་སྙན་ཆའི་དབང་བསྐུར་རོ༔ ཨོཾ་མམྦྷའི་།སརྦ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རབ་མཛེས་སྣ་ཚོགས་དབྱིངས་སུ་འཁོར༔ རཏྣ་གསེར་གྱི་མགུལ་ཆུའི་དབང་བསྐུར་རོ༔ ཨོཾ་མཉྫ་ཤི་སརྦ་རཏྣ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་རིག་ཡོངས་འབྲེལ་སྤྲུལ་སྐུ་སྣ་ཚོགས་སྟོན༔ དོ་ཤལ་ཨུཏྤལ་བསྒྲིགས་པའི་དབང་བསྐུར་རོ༔ ཨཱ་མནྡྲ་ཤཱི་སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་ཤེས་དཔུང་རྒྱན་ཉོན་མོངས་ཟིལ་གནོན་དཔལ༔ རིན་ཆེན་དབུ་བརྒྱན་འབར་བའི་དབང་བསྐུར་རོ༔ ཨོཾ་མཉྫཤྲཱི་སརྦ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གསང་སྔགས་རྨད་བྱུང་ཡེ་ནས་ཐུགས་ལ་གསལ༔ རེ་སྐོང་བྲེ་ཁེབས་སེ་མོ་དོ་ཡིས་དབང་བསྐུར་རོ༔ ཨོཾ་མཉྫ་ཤྲཱི་སརྦ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྟ་སྤྱོད་རྣམ་དག་སྤྱི་དང་བྱེ་བྲག་ཁྱབ༔ ན་བཟའ་སྟོད་གཡོགས་སྨད་དཀྲིས་དབང་བསྐུར་རོ༔ ཨོཾ་མནྡྲ་ཤཱི་སརྦ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ཏུ་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར༔ ཕྱག་གདུབ་ཞབས་གདུབ་རྣམ་བཞིའི་དབང་


CMR011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ༔ ཨོཾ་མཉྫ་ཤྲཱི་སརྦ་རཏྣ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཞོན་ནུའི་སོགས། འཇམ་པའི་དབྱངས་ཀྱི་ཡོན་ཏན་བཀྲ་ཤིས་ཤོག༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ཡོན་ཏན་གྱི་དབང་ཐོབ༔ འཇམ་དཔལ་སྒྲུབ་པའི་ཡོན་ཏན་རྣམས་འབྱུང་བའོ༔ ད་ཕྲིན་ལས་ཀྱི་དོན་དུ་རྗེས་ཟློས་མཛོད༔ ན་མོ་མཉྫའི་ཡེ༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་འཇམ་དཔལ་གྱི༔ ཕྲིན་ལས་དབང་དང་དངོས་གྲུབ་སྩོལ༔ དབང་གཏོར་ཐོགས་ལ༔ གཏོར་མ་བུདྡྷ་འཇམ་དཔལ་ནི༔ གཡས་པས་འཁོར་ལོ་གཡོན་གླེགས་བམ༔ སྐུ་མདོག་སྨུག་པོ་ཟབ་བེར་གསོལ༔ དེ་ཡི་སྤྱི་བོར་འཇམ་དཔལ་ནི༔ བུ་ཆུང་གུར་གུམ་མདོག་ཅན་པ༔ བྱིས་པ་ལོ་བརྒྱད་ལོན་པ་ཙམ༔ གཡས་པས་རལ་གྲི་གཡོན་པོ་ཏི༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཤར་དུ་རྡོ་རྗེ་འཇམ་དཔལ་དཀར༔ གཡས་པས་རྡོ་རྗེ་གཡོན་པདྨ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷོ་རུ་རིན་ཆེན་འཇམ་དཔལ་སེར༔ གཡས་པས་རིན་ཆེན་གཡོན་རལ་གྲི༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ནུབ་ཏུ་མཚོ་སྐྱེས་འཇམ་དཔལ་དམར༔ དེ་ཡི་ཕྱག་ནི་གཡས་པ་


CMR011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ འཇམ་དཔལ་སྐུ་འཛིན་གཡོན་པས་ནི༔ པདྨ་འཛིན་པ་དར་རཏྟས༔ བརྒྱན་པ་བྱང་དུ་ཀརྨ་འཇམ་དཔལ༔ ལྗང་གུ་ཕྱག་གཡས་རྒྱ་གྲམ་གྱིས༔ ཡུ་བ་བྱས་པའི་རལ་གྲི་དང་༔ གཡོན་པས་གླེགས་བམ་འཛིན་པའོ༔ མ་ལུས་པ་ནི་ཐམས་ཅད་པ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ དེ་ལྟར་འཇམ་དཔལ་རིགས་དྲུག་སོ་སོའི་སྐུ་ལས་སྐུ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས་ཕྲིན་ལས་སྣ་ཚོགས་འགྲུབ་པར་སྒོམས་ཤིག༔ ཧཱུྃ༔ ཕྱག་རྟགས་སྤུ་མའི་ལྷ་ཚོགས་ཀྱིས༔ སློབ་མ་རྣམས་ལ་དབང་མཆོག་སྩོལ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་པའི༔ ཕྲིན་ལས་དབང་བསྐུར་ཐོབ་པར་ཤོག༔ གཏོར་མ་ལག་ཏུ་བཞག་ལ༔ ཨོཾ་མཉྫ་ཤི་ན་མོ༔ བཛྲ་མཉྫཤཱི་ཧཱུྃ༔ རཏྣ་མཉྫ་ཤྲཱི་ཧཱུྃ༔ པདྨ་མཉྫཤཱི་ཧཱུྃ༔ ཀརྨ་མཉྫཤཱི་ཧཱུྃ༔ བུདྡྷཱ་མནྡྲ་ཤཱི་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཞོན་ནུའི་སོགས། འཇམ་པའི་དབྱངས་ཀྱི་ཕྲིན་ལས་བཀྲ་ཤིས་ཤོག༔ ད་གཏོར་མ་འདི་ཉིད་འཇམ་དཔལ་གཞོན་ནུར་གྱུར་པ་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་འཁོར་འཇམ་དཔལ་རིགས་དྲུག་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་བཞིན་དུ་སྤྱི་བོར་


CMR011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན༔ འོད་དུ་ཞུ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཕྱག་རྟགས་སྤུ་མའི་ལྷ་ཚོགས་ཀྱིས༔ སློབ་མ་རྣམས་ལ་དབང་མཆོག་སྩོལ༔ དངོས་གྲུབ་མ་ལུས་ཀུན་འབྱུང་བའི༔ གཏོར་མའི་དབང་བསྐུར་ཐོབ་པར་ཤོག༔ ཨོཾ་མ་མ་ཝཱཀ་མཉྫ་ཤི་པུཊྛི་བྷ་ཝནྟ་སྭཱ་ཧཱ༔ གཞོན་ནུའི་སོགས། འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག༔ དེས་འཇམ་དཔལ་ཕྱག་རྟགས་སྤྲ་མ་ཞེས་བྱ་བའི་དབང་རྒྱས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་བཟུང་སྙམ་པ་གྱིས་ལ་དེ་ནས་འདིའི་རྗེས་ཟློས་མཛོད༔ སློབ་དཔོན་གྱིས་ནི་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ སློབ་དཔོན་ཁྱེད་ཀྱིས་སློབ་མ་རྣམས༔ བྱང་ཆུབ་བར་དུ་བྲན་དུ་ཟུང་༔ ཞེས་བརྗོད་མཎྜལ་འབུལ་ལོ༔ ཞེས་པ་གནམ་ཆོས་རྩ་ཚིག་རྡོ་རྗེའི་གསུང་ལས་གཏེར་བློན་རཱ་ག་ཨ་སྱས་རྒྱས་པར་ཕྱག་ལེན་གཏན་ལ་ཕབ་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ འདི་ལ་ཉེས་འགལ་གང་མཆིས་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་འདི་དང་འབྲེལ་བ་ཐོགས་ཚད་མ་རིག་པའི་མུན་པ་སངས་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་གྱུར་ཅིག༔ མངྒ་ལཾ།། ། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་


CMR011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག༔ བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འཇམ་དཔལ་ཕྱག་རྟགས་སྤྲ་མའི་དབང་རྒྱས་པར་བཀོད་པ།no next