Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ།
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ།next

ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ།


CMR012_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།


CMR012_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀི་ཤྭ་ར་ཡ། ན་མོ་མཉྫ་ཤི་ཡ། བཅོམ་ལྡན་འཇམ་དཔལ་དབྱངས་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་སྒྲུབ་པའི་ཐབས་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྩ་བ་འཁོར་བར་ངེས་འབྱུང་དང་། །ཐར་པ་དོན་གཉེར་ལས་འབྲས་ཡིད་ཆེས་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་དང་། །རྒྱུད་ལ་གང་སྐྱེས་གཤིན་རྗེ་ཉིད་དེ་རྒྱལ་། །བླ་མ་གཙུག་ཏུ་ཁུར་ཞིང་ལེགས་པར་མཆོད། །དྲི་མེད་དབང་མནོས་དམ་ཚིག་སྲོག་ལྟར་བསྲུང་། །གཡོ་མེད་སེམས་ཀྱི་བསྙེན་སྒྲུབ་མཐར་


CMR012_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ། །བསྟན་པའི་སྲོག་ཤིང་བསྟན་སྲུང་གཤིན་རྗེའི་རྒྱལ། །བདག་དང་ཆོས་ལ་བརྟག་ཅིང་དཔྱད་པའི་ཚེ། །བསྐྱེད་བྱ་སྐྱེད་བྱེད་དོན་ལ་གཏན་མ་གྲུབ། །ཐ་སྙད་སྒྱུ་མའི་རོལ་པ་དཔག་ཏུ་མེད། །སྣང་སྟོང་འཇོག་ཚེ་ཤེས་པ་གཤིན་རྗེའི་རྒྱལ། །ཞི་གནས་མེད་ན་ལྷག་མཐོང་མི་རྟོགས་ཤིང་། །ལྷག་མཐོང་མེད་ན་ཉོན་མོངས་མི་སྤོང་ངོ་། །ཟུང་དུ་འཇུག་ཕྱིར་ཐོག་མར་ལོག་པ་ཡི། །གཡེང་བ་ཞི་བྱེད་གཤིན་རྗེའི་གཤེད་པོའི་རྒྱལ། །དེས་ན་སོ་སོར་རྟོགསཔས་རབ་བརྟགས་པས། །བདག་མེད་གཉིས་ཀྱི་རྣམ་པར་བཤད་པ་ན། །དྲན་པ་རྒྱང་སོ་ཟུང་འབྲེལ་ལེགས་གོམས་


CMR012_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མཉམ་བཞག་མི་རྟོག་ཡེ་ཤེས་གཤིན་རྗེའི་རྒྱལ། །རྗེས་ཐོབ་དུས་ཀྱང་ལྟ་བ་དེས་དྲངས་པའི། །བློ་ཡི་རྒྱུན་གྱི་ཕྱི་ནང་དངོས་པོ་ཀུན། །ཆུ་ཟླ་ལྟར་དུ་རང་བཞིན་མེད་ཤེས་པའི། །དག་པའི་འཇིག་རྟེན་ཡེ་ཤེས་གཤིན་རྗེ་རྒྱལ། །མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་པ་ལ། །རྗེས་ཐོབ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཞིག །བམ་་་་་་སྲིད་དབྱེར་མེད་རོ་གཅིག་པས། །མཐར་ཐུག་རྒྱལ་བའི་དགོངས་པ་གཤིན་རྗེའི་རྒྱལ། །མདོར་ན་གང་ཤར་སྣང་བོ་ཐམས་ཅད་ཀུན། །ཐད་ཀ་ཐད་ཀར་གཅོད་པའི་རྣལ་འབྱོར་པས། །འཕྲད་ལེགས་རང་གྲོལ་ཤེས་པ་ལེགས་པར་སྐྱོངས། །བཅིང་གྲོལ་རེ་དོགས་བྲལ་བ་གཤིན་རྗེའི་རྒྱལ། །ཉོན་མོངས་སྡུག་བསྔལ་བྱད་གདོན་བར་ཆད་རྣམས། །རྣམ་པར་གྲོལ་བ་རྒྱལ་བ་ལས་ལྷག་གསུངས་། །སེམས་དང་བདུད་གཉིས་དབྱེར་མེད་རོ་གཅིག་པས། །ལམ་གྱི་གྲོགས་དང་སོ་སོར་ཤེས་པ་རྒྱལ། །འོན་ཀྱང་དེ་ཡི་ནང་ནས་རྒྱལ་བ་ཡི། །སྔགས་ཀྱི་ཁྱད་ཆོས་ཐབས་ལམ་བོགས་འདོན་ལོ། །བསམ་གྱིས་མི་ཁྱབ་སྐབས་འདིར་སྤྱི་དགོས་ཀྱི། །རུ་ཏྲ་འཇོམས་པའི་རྒྱལ་པོ་གཤིན་རྗེ་ཡི། །གདམས་པ་དུ་མ་འཐོར་འདི་བསྟན་པ་དང་། །སེམས་ཅན་


CMR012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་རྣམ་གྲངས་གོ་རིམ་རྣམས། །བླ་མའི་དྲིན་གྱིས་རྩ་བ་ཐོ་རུ་བསྡེབས། །དམ་ཅན་རྒྱ་མཚོས་བཟོད་གསོལ་གནང་བར་མཛོད། །དེ་ཡང་འཇམ་དཔལ་གཤིན་རྗེའི་བཤད་པ་འཐོར་བུ་རྣམས་རྩ་བ་ཐོ་རུ་བསྡེབས་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ་འདི་ལ་དོན་རྣམ་པ་གསུམ་སྟེ། གདམས་པ་གང་ནས་བྱུང་བའི་ལོ་རྒྱུས་བསྟན་པ་དང་། །དེ་ལྟ་བུའི་གདམས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་པ་དང་། ཡོན་ཏན་གྱི་གདམས་པ་འདི་ཇི་ལྟར་ལེན་པའི་ཚུལ་བསྟན་པའོ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མདོ་རུ་བསྡུ་ན་ཐེག་པ་རིམ་པ་དགུར་འདུས་སོ། ༈ །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། ཐེག་པ་ཐུན་མོང་བ་གསུམ། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་ལ། ཀྲི་ཡ། ཨུ་པ། ཡོ་ག་སྟེ། རྒྱུད་སྡེ་འོག་མ་གསུམ། བླ་མེད་ལ་བསྐྱེད་པ་མ་ཧཱ་ཡོ་ག་ལུང་ཨ་ནུ་ཡོ་ག༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། ཐེག་པ་རིམ་པ་དགུ་ཞེས་གསུངས། ༈ དམ་པ་ལས། ཐེག་པ་གོང་གི་དབང་དུ་ཡིན་པས། དགུ་ཞེས་པ་མི་རིགས་པར་གསུང་


CMR012_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་། ཐེག་པ་དགུ་ཞེས་པ་འདི་ནི། ཐེག་ཆེན་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་སུ་ཕྱེ་ན། རྒྱུད་སྡེའི་རིགས་ལ་ཐ་སྙད་བཏགས་པ་ཡིན་པས། དོན་ལ་ཐེག་པ་ཆེ་འབྲིང་ཆུང་གསུམ་ལས་མི་གདའ་ཞིང་། འགལ་བ་མེད་པའི་རྒྱུད་ལུང་རིགས་དང་བཅས་པ། རྗེ་བཙུན་དམ་པ་ཨུ་རྒྱན་གཉིས་པས་གསུངས་སོ།། ༈ དེ་ཡང་བཤད་བྱའི་ཆོས་གཤིན་རྗེའི་གདམས་པ་འདི་ནི་ཤེས་པ་རྣམ་པ་བཅུའི་སྒོ་ནས་འཆད་པ་ལ། དང་པོ་ཁུངས་ཤེས་པ་ནི། གདམས་པ་འདི་ནི་བསྐྱེདཔ་མ་ཧཱ་ཡོ་གར་གཏོགས་ཤིང་། རྒྱུད་ནི་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་བཏུས་སོ། །དེ་ཡང་མུ་སྟེགས་ཐམས་ཅད་ཕྲིན་ལས་བཞིའི་སྒོ་ནས་འདུལ་བའི་ཆེད་གཙོ་བོར་རྟོན་པ་མུ་སྟེགས་ཟླ་གསང་ནག་པོ་ཞེས་ཀྱང་ཟེར་རོ།། གཉིས་པ་རིགས་ཞེས་པ་ནི་འཇམ་དཔལ་རིགས་ཡིན་ནོ།། གསུམ་པ་མཚན་ཞེས་པ་ནི་གཤིན་རྗེ་སྐུ་ཡི་རིགས། འཆི་བདག་གསུང་གི་རིགས། ཚེ་བདག་ཐུགས་ཀྱི་རིགས། སྲོག་བདག་གཤིན་རྗེ་རིགས་སུ་འདུས་པའི་བདག་ཉིད་ཡིན་པས། མཚན་ཡང་གཤིན་རྗེ་ཁྲོ་ཆུ་དུག་གདོང་ཞེས་གསོལ། གཞན་ཡང་མུ་སྟེགས་སྲོག་གི་སྤུ་གྲི་ནག་པོ་བྱད་མ་འབུམ་གྱི་སྲོག་གཅོད།


CMR012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཐའ་སྡུད་སྤྱི་གཤེད་ནག་པོ། ཞེས་མཚན་གྱི་རྣམ་གྲངས་མང་དུ་སྣང་ངོ་། །བཞི་པ་འཁོར་ཞེས་པ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཤིན་རྗེ་ཐམས་ཅད་གཉིས་མེད་ཀྱི་སྤྲུལ་པ་སོགས་གཤིན་རྗེ་ཐམས་ཅད་རྩ་བའི་འཁོར། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་དྲེགས་པའི་ཕྱི་ཐམས་ཅད་འཁོར་གྱི་ཚུལ་དུ་བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབ་པར་བྱེད་པ་ནི་འདི་ཡི་དམ་ཚིག་དང་ལས་ཀྱི་ཆེ་བ་ཡིན་ནོ།། ལྔ་པ་ལས་ཞེས་པ་ནི་བན་བོན་མུ་སྟེགས་ཕྱི་ནང་གསང་གསུམ་གྱི་བྱད་མ་འབུམ་ཡིན་ཀྱང་། སྐད་ཅིག་ཙམ་ཡང་བརླགས་པར། སངས་རྒྱས་སྟོང་རྩ་གཉིས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ་བ་ཡིན་ནོ།། དྲུག་པ་བསྐུལ་ཞེས་པ་ནི་དུས་རྒྱུན་དུ་དམ་རྫས་འཚོགས་པ་དང་འཕྲིན་ལས་གནད་ཀྱི་བསྐུལ་པ་བྱས་པས། ཁོ་རང་གི་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་འདྲེ་ཐམས་ཅད་སྔོན་གྱི་དམ་ཚིག་གཉན་པོ་དྲན་ནས། རང་དབང་མེད་པར་འདུས་ནས་ལས་བྱེད་པ་ཡིན་ནོ།། བདུན་པ་མཛད་པ་ཞེས་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨུ་རྒྱན་གྱི་རྒྱལ་པོ་


CMR012_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབྱུང་གནས། གུ་རུ་ཁྲག་འཐུང་ནག་པོ་རྣམས་ཀྱི་རྒྱུད་བཤད་པའི་ཚུལ་གྱིས་བལ་པོ་བཱ་སུ་དྷ་ར་ལ་གནང་ངོ་། །སློབ་དཔོན་ཆེན་པོ་དེས་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་ཕྱུངས་ཏེ་ལྕགས་ཀྱི་པར་བུ་ནག་པོར་བཅུག་སྟེ་རྒྱ་རིམ་པ་བདུན་གྱིས་བཏབ་སྟེ་བལ་ཡུལ་བུམ་ཐང་དུ་གཏེར་དུ་སྦས་སོ། །ལ་ལར་ཀ་ཞུ་དམར་པོར་སྦས་ཟེར་བ་སྣང་ཞིང་། ལ་ལར་བསེ་སྒྲོམ་སྨུག་པོར་བཅུག་ཟེར་བ་སྣང་ངོ་། །མུ་སྟེགས་སྟོན་པ་བདག་ཉིད་ཀྱི། །ལས་ཀྱི་གཤིན་རྗེའི་ངན་སྔགས་འདི། །གཤིན་རྗེ་ནག་པོའི་རྒྱུད་ནས་བཏུས། །ལྕགས་ཀྱི་པར་བུར་བཅུག་ནས་ནི། །བལ་ཡུལ་བུམ་ཐང་གཏེར་དུ་སྦས། །ཕྱི་རབས་དུས་ཀྱི་ཐ་མ་ལ། །ལས་ཅན་གཅིག་དང་འཕྲད་པར་ཤོག །ལས་ཅན་གཅིག་གིས་ཐོན་ནས་ཀྱང་། །གདུག་པའི་དགྲ་བགེགས་སྒྲོལ་བར་ཤོག །ཅེས་གསུངས་སོ། །དེ་ལྟར་གཞུང་ཡིག་རྣམས་བལ་ཡུལ་གྱི་གཏེར་མ་ཡིན་ཀྱང་། དེ་ལས་གཞན་པའི་ཤོག་དྲིལ་མོན་བུམ་ཐང་གི་ཀ་ཞུར་བསེ་སྒྲོམ་དུ་བཅུག་ནས་སྦས་པ་ཡིན་ཅིང་གྲགས་པས། ཆོས་རྒྱུས་མེད་པ་ལ་ལ་དག་གིས་ཤོག་དྲིལ་རྣམས་ཚེ་བདག་སོགས་ཀྱི་ཡིན་པས་མ་དག་པར་སྨྲ་འདུག་སྟེ། འོ་ན་འདི་ཡི་གཞུང་རྣམས་ཀྱང་དེ་


CMR012_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་བྱུང་བས་མ་དག་པར་འདོད་དགོས་ཏེ་མི་ནུས་སོ། །དེས་ན་སྙིང་འབྱིན་སོགས་ཀྱི་ཤོག་དྲིལ་རྣམས་ཐུན་མོང་མ་ཡིན་པས་ཇི་ལྟར་བྱས་ཀྱང་རུང་བའི་རྒྱུ་མཚན་ཤེས་པ་གནད་ཡིན་ནོ། །དེ་ཡང་སློབ་དཔོན་ཆེན་པོ་འདི་ལ་མུ་སྟེགས་སྟོན་པ་ཞེས་པས། ངན་སྔགས་ཀྱི་སྒོ་ནས་མུ་སྟེགས་པ་དཔག་ཏུ་མེད་པ་བརླགས་པས། དེ་སྐད་མཚན་ལ་ཐོགས་པ་ཡིན་ཏེ། རྒྱུད་ལའང་མུ་སྟེགས་ཟླ་གསང་ནག་པོའི་རྒྱུད་ཅེས་བྱ་བ་འདྲ་བར་འདུག་གོ། བརྒྱད་པ་དོན་ཆེད་ཤེས་པ་ནི། ཕྱི་རབས་ཀྱི་རྣལ་འབྱོར་པས་སྤྱི་དགོས་ཀྱི་རུ་ཏྲ་འདུལ་བ་དང་། བནྡེ་ཁས་ཉེན་དབང་ཆུང་ལ་དགྲ་དར་བ་དེ་དག་འདུལ་བ་དང་། ཕྱི་ནང་བན་བོན་ནག་པོ་མཐུ་ཅན་མུ་སྟེགས་ཤན་པ་བྱད་མ་ཐམས་ཅད་འདུལ་བའི་ཆེད་དུ་མཛད་དོ།། དགུ་པ་གཏེར་སྟོན་ཤེས་པ་ནི། རྒྱ་ཞང་ཁྲོམ་ཞེས་བྱ་བ་གཤིན་རྗེ་དངོས་སུ་གྲུབ་པའི་རྣལ་འབྱོར་པ་གཅིག་བྱོན་པ་དེས་གཏེར་སྟོན་གྲགས་པ་ཆེན་པོ་ཐོན་ནོ། །གདམས་པ་ཆེ་བ་སྟོན་པའི་ཕྱིར་། གཏོར་མ་བསྐུལ་པ་བྱས་པ་ཙམ་གྱིས་བལ་ཡུལ་དང་གཙང་སྟོད་བར་གྱི་བྱེད་མ་བན་བོན་ལྔ་བཅུ་ཞག་བདུན་ནས་ཕྱི་རྟགས་ཐོན་ངེས་པར་བསྒྲལ་ལོ། །དེ་ལྟར་བྱས་པས་ནུས་པ་


CMR012_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་ཆེ་བའི་གྲགས་པ་ཆེན་པོས་ས་སྟེང་ཁྱབ་པར་གྱུར་ཏོ།། བཅུ་པ་བརྒྱུད་པ་ཤེས་པ་ནི། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱ་ཞང་ཁྲོམ་བྱ་བ་དེ་ལ། གནུབས་སྟོན་དར་བ་དབང་གིས་འབྲི་སུམ་ཅུ་སོ་གསུམ་གྱིས་ཉོས་པའི་རྟ་འབྲུག་གཤོག་བྱ་བ་གཅིག་དང་། གསེར་སྲང་གང་། སྦྱང་ཐུལ་གཅིག་ཕུལ་ནས་ཞུས། གཅིག་བརྒྱུད་བྱེད་པའི་བཀའ་རྒྱས་གདམས། ཞག་བདུན་བསྒྲུབས་པས་བསྟན་དགྲ་སུམ་ཅུ་ལ་ཕྱི་རྟགས་ཐོན་པར་བྱས་པ་ལ། ནུས་པ་དང་གྲགས་པ་ཆེན་པོ་བྱུང་ངོ་། །དེ་ལ་ཡ་བ་ཤཱཀྱ་རྡོ་རྗེས་ནང་ནོར་གཡུ་འོད་འབར་བྱ་བ་གཅིག་དང་། གསེར་སྲང་གང་ཕུལ་ནས་ཞུས་སོ། །གཅིག་བརྒྱུད་ཀྱི་བཀའ་རྒྱས་གདམས། ཞག་བདུན་བསྒྲུབས་པས་མཐུ་དང་ནུས་པས། བསྟན་དགྲ་སུམ་ཅུ་ཙམ་ཞག་བཞི་བཅུ་ནས་ཕྱི་རྟགས་ཐོན་ནོ། །དེ་ལ་ཨ་གྲགས་ཀྱིས་མཉེས་པའི་འབུལ་བ་བྱས་ནས་ཞུས་ཏེ། ཞག་བདུན་བསྒྲུབས་པས་ཕོ་ངོ་སུམ་ཅུ་ཙམ་ལ་ཕྱི་རྟགས་ཐོན་ནོ། །དེ་ལ་ཨ་དབང་གིས་འབུལ་བ་མང་དུ་བྱས་ནས་ཞུས། བསྒྲུབས་པས་མཐུ་དང་ནུས་པ་ཆེ་བའི་གྲགས་པ་ཆེན་པོ་ཐོན་ནོ། །དེ་ནས་བླ་མ་དམ་པའི་བར་ནུས་མཐུ་ཆེན་པོ་དང་ལྡན་བཞིན་དུ་བརྒྱུད་


CMR012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཞན་ཡང་སློབ་དཔོན་ཆེན་པོ་བཱ་སུ་དྷ་རས་གནུབས་སྟོན་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་གནང་ཞིང་། དེ་ནས་གཡུང་སྟོན་རྒྱལ་བའི་རྡོ་རྗེ་ལ་སོགས་པ་ལའང་བརྒྱུད་ཚུལ་སོགས་མང་དུ་ཡོད་པར་སྣང་ངོ་། །བདག་གིས་ནི་རྗེ་བཙུན་ཆེན་པོ་སྔགས་འཆང་དམ་པ་སྟག་ཞིག་བཞད་པའི་རྡོ་རྗེ་ལ་གཞུང་དང་ཡིག་སྣ་མན་ངག་ཞིབ་མོ་མང་ཞིག་དང་བཅས་པ་བརྡ་ལེགས་པར་འཕྲོད་པར་ཞུས་སོ། །གཞན་ཡང་འདི་ལ་མཁོས་པར་བྱེད་པའི་བསོད་སྙོམས་པ་གཉིས་ལ་སོ་སོར་སྲུང་ཟློག་བསད་མནན་གང་ལའང་མན་ངག་ཁྱད་པར་ཅན་མང་ཞིག་ཞུས་ཤིང་། བདག་གིས་སྲུང་ཟློག་སོགས་ལ་ཡིད་ཆེས་པའི་གདིང་ཅུང་ཟད་དང་ལྡན་པར་བྱས་ཤིང་སྲོག་ལྟར་བཅང་བ་ཡིན་ནོ།། དང་པོ་དེ་ལྟར་བླ་མ་དམ་པ་གོང་མ་རྣམས་ཀྱིས་སློབ་མ་ལ་མན་ངག་ཆ་ཚང་ཟུར་ཙམ་རེ་ལས་མ་གནང་བ་ལ་བརྟེན་ནས་ཐར་ཐོར་དུ་སོང་འདུག་པ་ལ་རྗེས་སུ་ཡང་འདི་ལྟར་གྱུར་ན་ཤིན་ཏུ་འཕང་བར་མཐོང་ཞིང་། རྣལ་འབྱོར་དམ་ཚིག་དང་ལྡན་པའི་བསྟན་སྲུང་དམ་པར་བསམ་སྟེ། དཔེའུ་རིས་རྟགས་དང་བཅས་པ་རྣམས་མན་ངག་ཟིན་བྲིས་སུ་བྱས་ཤིང་། གཞན་རྣམས་ནི་སྔར་འདུག་པ་ལྟར་དུ་མན་ངག་གི་གོ་རིམ་གཞན་དུ་


CMR012_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཐོ་རུ་བསྡེབས་ཤིང་གདམས་པ་རྣམས་ཕྱོགས་བསྡུས་སུ་བྲིས་པ་ཡིན་པས་ཡིད་ཆེས་པའི་ཁུངས་སུ་ཡོད་དོ།། གཉིས་པ་དེ་ལྟར་བྱུང་བའི་གདམས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་པ་ནི། མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་འཇམ་དཔལ་གཤིན་རྗེ་འདི་འགྲན་གྱི་དོ་ཟླ་མེད་པ་ཡིན་ཏེ། དེ་ཡང་འདི་ལ་གཤེད་དང་གཉན་པོ་བྱ་བ་གཏན་ནས་མི་སྲིད་པས། བྱད་མ་ལྷ་སྲུང་ཐམས་ཅད་རང་གནད་ལ་འབེབས་པར་འགྱུར་ཞིང་རང་མཐུ་རང་ལ་འབེབས་པར་བྱ་བའི་ཡོན་ཏན་དང་། ཕྱི་ནང་གསང་གསུམ་མ་གཤིན་ཕུར་གསུམ་བན་བོན་མུ་སྟེགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་གཤེད་དང་གཉེན་པོ་ཡིན་པས། སྲོག་ཆགས་ཕྲ་མོ་རྣམས་ལ་ཆུ་སྲིན་གདུག་པ་ཁ་གདངས་བ་འདྲ་བ་དང་། ཁྱད་པར་དུ་མུ་སྟེགས་ཀྱི་རྫས་མཐུ་ནག་པོ་ལ་ནི་ཡེ་ཤེས་དང་འཇིག་རྟེན་གང་གིས་ཀྱང་ལྟ་བར་མི་བཟོད་ན་འདི་ལ་གནོད་པ་མེད་ཅིང་གྲོགས་སུ་འགྲོ་བ་དང་། བྱད་མ་ཕ་རོལ་པོ་ནུས་པ་ཆེ་ཞིང་སྲུང་ཟློག་ཇི་ལྟར་མང་བཞིན་དུ་ལྷག་པར་ཡང་ཕར་ལ་ཟློག་བསད་ཀྱི་ལས་མྱུར་བ་དང་། ཐང་གཅིག་བསྒྲུབས་ནས་ཕྱིས་སྒྲུབ་མི་དགོས་ཤིང་བསྙེན་པ་ཁ་གསོ་བ་ཙམ་དང་། གཏོར་མ་བསྐུལ་པ་བྱས་ནས་ཁྲོས་ནས་མཐུ་བ་བརྡབ་


CMR012_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱིས་དགྲ་བོ་སྐད་ཅིག་ཉིད་ལ་བསྒྲལ་བ་དང་། ལོག་རྡུགས་འབྱམ་གསུམ་བྱ་བ་མི་སྲིད་ཅིང་བསྲུང་བའི་གནད་ཐམས་ཅད་ཤེས་ཤིང་། དྲན་པ་ཙམ་གྱིས་ཀྱང་ལྷ་འདྲེ་ཐམས་ཅད་མདུན་དུ་རང་ཤུགས་ཀྱིས་བྲན་དང་ཕོ་ཉར་གྱུར་པ་དང་། སྐུལ་པ་བྱེད་པའི་ཚེ་ཡང་ལྷ་འདྲེ་ཐམས་ཅད་དམ་ཚིག་དབང་གིས་འདུ་ཞིང་བཀའ་ཉན་ལས་བྱེད་པར་འགྱུར་བ་དང་། ཁྱད་པར་མཆོག་ཏུ་གྱུར་པའི་ཆེ་བ་འབོད་རྦད་བསད་གསུམ་སོགས་ཀྱི་ལས་མི་དགོས་པར། ལས་སྦྱོར་གང་བྱེད་དེ་ཉིད་ལ་ལྕོག་ཟླུམ་ལ་རལ་གྲི་ཕྱུང་རྒྱག་ལྟར་བསྒྲུབས་པས་ཆོག་པ་དང་། རླུང་སྒྲུབ་བམ་རྫུ་འཕྲུལ་གྱིས་སྒྲུབ་པ་ཡིན་པས། སྤུ་གྲི་བཀའ་མ་ལྟར་མྱུར་བ་ལ་སོགས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པར་གསུངས་སོ། གསུམ་པ་ལ་གསུམ་དུག་དབང་ཇི་ལྟར་བསྐུར་ཚུལ་དང་། དམ་ཚིག་ཇི་ལྟར་བསྲུང་ཚུལ་དང་། སྒྲུབ་པའི་ཐབས་ཉིད་དོ།། དང་པོ་ནི་སྐལ་པ་དང་ལྡན་པའི་རྣལ་འབྱོར་པས། ཐོག་མར་གཤིན་རྗེ་ཚེ་བདག་སོགས་ཀྱི་དབང་རྣམ་དག་ཐོབ་ཅིང་བླ་མ་གཙུག་གི་ནོར་བུ་ལྟར་བཀུར་ཞིང་། གཏོར་མ་བཟང་ཞིང་རྒྱ་ཆེ་བ་དང་འབུལ་བ་ལ་སོགས་པས་བླ་མ་མཉེས་ཤིང་གཏིང་དུ་ཡང་མཉེས་པ་ཁོ་ན་


CMR012_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་། དམ་ཚིག་སྲུང་བར་བྱེད་པའི་སློབ་མ་རྣམས་དུག་དབང་གི་ཆ་ནས་བཤད་པ་ལྟར་དུག་དབང་བསྐུར་བར་བྱའོ།། གཉིས་པ་ནི་སྤྱིར་གསང་སྔགས་ཀྱི་དམ་ཚིག་སྲུང་བར་བྱེད་པའི་སློབ་མ་རྣམས་ལ་དུག་དབང་གི་ཆོ་ག་ནས་བཤད་པ་ལྟར་གྱི་དུག་དབང་བསྐུར་བར་བྱའོ།། གསུམ་པ་ནི་སྤྱིར་གསང་སྔགས་ཀྱི་དམ་ཚིག་བསྲུང་བས་འཐུས་ཤིང་། ཁྱད་པར་གྱི་དམ་ཚིག་ལ། ཞུ་དུས་བླ་མ་ལ་དད་གུས་བྱ། གཏོར་ཚོགས་དང་འབུལ་བ་བཟང་བར་བྱ། རྟེན་རྫས་བཅའ་ཐབས་སུ་བཤད་པ་ལྟར་ཚོགས་པར་བྱ། སྒྲུབ་དུས་ཁྱི་དང་བུད་མེད་ཀྱིས་མ་མཐོང་བར་བྱ། ཁྱིམ་པ་ཡིན་ན་སྒྲུབ་དུས་བུད་མེད་སྤྱི། ཁྱད་པར་ཡུགས་ས་མོ་མི་འབག༔ དགྲ་དང་མནའ་མི་བྱ། དགྲའི་ཟ་འཕྲོ་མི་ཟ། རང་གི་གོས་དྲི་མ་ཅན་དགྲ་ལ་མི་བཀོན་། སྤྱིར་གཏོར་མ་དང་ཁྱད་པར་དགུ་གཏོར་བསྐུལ་པ་དང་བཅས་པ་མི་བཅག །འདི་ཡི་དམ་ཚིག་གཅིག་པ་མ་གཏོགས་ང་ཡི་ལྷ་འདི་ཡིན་ཞེས་མི་བསྒྲག །གལ་ཏེ་དམ་ཚིག་ཉམས་ན་རང་ལ་ལྡོག་ཅེས་ལ་ལས་ཟེར་འདུག་སྟེ། མི་ལྡོག་ཞུད་པ་ཡིན་པས་ལས་གང་ཡང་མི་འགྲུབ་པར་གསུངས་ཤིང་། ཚོགས་གཏོར་རྒྱ་ཆེན་པོ་དང་བཟོད་གསོལ་བྱ། ཐུགས་


CMR012_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐངས་བར་བྱས་ནས་སོར་ཆུད་པར་གསུངས་པས་གལ་ཤིན་ཏུ་ཆེའོ།། བཞི་པ་ལ་གཉིས། བསྙེན་སྒྲུབ་དང་ལས་སྦྱོར་ཇི་ལྟར་བྱ་བའོ།། དང་པོ་ནི་ཡར་ངོ་སོགས་གཟའ་སྐར་བཟང་པོར་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་འཁྲུལ་འཁོར་གྱི་ཁང་པར་སྤྱིར་བསྟན་དགྲ། ཁྱད་པར་བསྙེན་སྒྲུབ་ལ་བར་དུ་གཅོད་པ་རྣམས་ཀྱི་རུ་པ་ཟློག་བསད་ཀྱིས་བསྐོར་བ་གཞུག༔ སྟེང་དང་གཡས་གཡོན་དུ་ཟློག་པ་ལས་བཤད་པ་ལྟར་གཏོར་མ་དམ་རྫས་དང་བཅས་པ་བཤམས། གཞན་ཡང་ཡི་དམ་ཆོས་སྐྱོང་གི་མཆོད་པ་དང་གཏོར་མ་བཟང་ལ་རྒྱ་ཆེ་བར་བཤམས། དེ་ནས་མཚམས་དམ་པར་གཅོད་བསྲུང་བའི་གནད་དགུ་ཤེས་པའི་སྒོ་ནས། སྒོམ་བཟླས་ལ་ཐུན་བཞིར་འབད་པར་བྱ་ཞིང་། ཐུན་མཇུག་ཏུ་སྒྲུབ་པའི་བར་ཆད་ཟློག་པའི་མན་ངག་ཟློག་བསད་ལས་འབྱུང་བ་ལྟར་ཅུང་ཟད་བྱས་ལ། སྒྲུབ་པ་ཚར་ནས་ལས་མཐའ་གང་རུང་ལ་སྦྱར་རོ། །སྤྱིའི་གཏོར་མ་རྒྱུན་གཏོར་བསྐུལ་པ་དང་བཅས་པ་མ་ཆག་པར་བྱའོ། །སྐབས་སུ་ཚོགས་ཀྱི་བསྐང་བ་སྦྱར་བར་བྱ་སྟེ། རྩ་སྔགས་ཀྱི་བསྙེན་པ་ནི། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་


CMR012_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཙ། ས་མ་ཡ་ཛ་ཛ༔ ཞེས་སོ། །དེ་ལྟར་འཕྲོད་ན་ཡང་མཚམས་སོགས་གང་བྱེད་ཀྱི་སྒོ་ནས་རྒྱུན་ཁྱེར་གྱིས་བསྒྲུབས་ཀྱང་རུང་ངོ་། །འགྲུབ་རྟགས་ནི་བསྲུང་བའི་བྱ་ལམ་ནས་བཤད་པ་ལྟར་རོ།། གཉིས་པ་ལས་སྦྱོར་ལ་སྲུང་ཟློག་བསད་མནན་གང་བྱེད་ཀྱང་མར་ངོའི་མགོ་ཕུར་ལ་སོགས་བདུད་ཀྱི་ཉི་མ་ལ་རི་གསུམ་རྩེ། ལུང་གསུམ་མདོ་ལ་གཉན་ཞིང་དབེན་པའི་གནས་སུ་གཤིས་ལ་དགྲ་ཐོག་བབས་སུ་བྱུང་ན་གནས་ལ་ཡང་མ་ངེས་པར་གསུངས་སོ། །བསྲུང་བའི་གནས་དུས་ནི་བསྙེན་པ་དང་འདྲའོ། །སོ་སོའི་བཅས་སོགས་ཇི་ལྟར་འཚོགས་པ་བཞིན་བྱ་ཞིང་། ཡི་དམ་ཆོས་སྐྱོང་གི་གཏོར་མ་བཟང་ལ་རྒྱ་ཆེ་བ་གཡོ་སྒྱུ་མེད་པར་བཤམས། སྤྱི་འགྲོས་སུ་མ་ཏི་དགུའི་སྒོ་ནས་སོ་སོའི་མན་ངག་རྣམས་ཚང་བར་བྱས་ལ། རྟགས་དང་སྦྱར་ཏེ་ལས་སྦྱོར་གྱིས་གཞུང་བསྲང་། ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་བ་མ་ཆག་པར་བྱ། དེ་ཡང་ལྷ་གཞུང་བཞིན་བསྲང་བ་ཡིན་ལ་ལས་ཟེར་འདུག་ཀྱང་། རྫུ་འཕྲུལ་གྱི་ལྷ་དང་མཐུ་ཡིན་པས་རང་གཞུང་གི་གནད་མ་གོ་བ་ཡིན་པས་བདག་བསྐྱེད་ཀྱང་དེ་ཉིད་དང་། མདུན་བསྐྱེད་ཀྱང་རྟེན་གཏོར་རིམ་གྲི་ཕུར་གྱི་བསྐྱེད་ཆོག་ལ་གཙོར་བྱ་ཞིང་། ཡི་དམ་ཆོས་


CMR012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་རྣམས་རྒྱབ་རྟེན་དཔུང་བསྐྱེད་དུ་སྟེང་དང་འོག་ཏུ་སྐད་ཅིག་གིས་བསྐྱེད་ཅིང་། གཤིན་རྗེ་ཚེ་བདག་སོགས་གཤིན་རྗེ་གང་རུང་གིས་བསྐོར་ནས་སྤྱན་འདྲེན་བསྟོད་པ་སོགས་ཕྲིན་ལས་བཅོལ་བ་ལས་ལ་བསྐུལ་བ་ལ་གཙོར་བྱ་བ་ཡིན། དེ་ཡང་ཕྱི་པ་ལ་བྱེད་ན་དེ་ལྟར་རྒྱས་པར་བྱ། སྐྱེ་བོ་ཕལ་པ་ལ་ཅུང་ཟད་བྱ། ནང་པ་ལ་ལས་སྦྱོར་དེའི་སྐབས་སུ་དོན་ལས་ཞེན་པའི་ཆོས་སྤྱོད་ཅུང་ཟད་ཀྱང་མི་བྱེད་པར་ནག་སྒྲུབ་ཁོ་ནར་བྱེད་ན་མུ་སྟེགས་ལྟར་སྒྲུབ་པ་ཞེས་བྱའོ། །དེས་ན་ལས་གང་ཡིན་རྟགས་རྫོགས་པར་བྱུང་ནས་ཤ་ལྔ་བདུད་རྩི་ལྔ་དང་། མི་ནག་རྟ་ནག་བྱ་ནག་གཡག་ནག་ར་ནག་སྟག་གཟིག་སོགས་ཀྱི་ཤ་དང་། བཙན་དུག་དང་ཐང་ཕྲོམ་ལ་སོགས་པའི་དུག་སྣ་དང་། འབྲུ་སྣ་ཚོགས་ཀྱི་ཕྱེ་ཆང་དང་ཁྲག་གིས་སྦྲུས་ལ་ལས་སྦྱོར་གང་བྱེད་ཀྱི་གཏོར་མ་དང་། བསྟབ་པའི་རྫས་རྣམས་བྱ། གཏའ་གཏོར་འཛིན་གཏོར་གྱི་རྫས་རྣམས་ཀྱང་དེ་ཡིན་ནོ། །དེ་ནས་ལས་ཁུངས་ནས་ཕྱུང་སྟེ་བསད་པ་ལས་བཞི་ཚེ་ཁྲུས་ལུང་གི་སྙིང་པོ་ཅན་རྒྱས་པ་ཅིག་བྱས་ལ། ལས་མཐའ་གང་ཡིན་གྱི་མཐའ་ལ་གཏད་དོ།། ༈ དེའང་ཚེ་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ཟློག་བསད་ཀྱི་བསྙེན་སྒྲུབ་ལས་གསུམ་


CMR012_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟགས་ཇི་ལྟར་ཐོན་ཡང་སྔགས་པ་ནག་པོ་རུ་ཊར་གོལ་བའི་རྒྱུ། མི་ཚེ་མི་དགེ་བ་ལ་བསྐྱལ་བ་ཡིན་པས། རང་གཞན་ངན་འགྲོ་མུ་མཐའ་མེད་པའི་རྒྱུ་རུ་གྱུར་ཏེ། དེས་ན་སྐབས་འདིར་འཁྲུལ་པ་ཤིན་ཏུ་ཤས་ཆེ་བས། སྔགས་ཀྱི་དོན་མི་ཤེས་པ་རྣམས་ཀྱི་དོན་དུ་ཚེ་ཁྲུས་ལུང་གི་དགོངས་པ་དང་པོ་ལ་འཇུག་པའི་ཐབས་ཙམ་བཤད་པའོ། །དེ་ལྟར་འཁྲུལ་པ་ཆེ་བཞིན་དུ་ཚོགས་ཐ་མ་དང་དམར་སྤྲེངས་ཤིང་བསྟབ་ལས་བྱ་བ་དང་། ཟློག་བསད་མནན་བསྲེགས་སོགས། ལས་མཐའ་གང་འཇིགས་སུ་རུང་བ་རྣམས་བྱས་ན་ཡོན་ཏན་ཅི་ཡོད་ལ། མ་བྱས་ན་ཉེས་པ་ཅི་འབྱུང་ཞེ་ན། སྔགས་ཀྱི་རྣལ་འབྱོར་པ་རྣམས་ལ་ནི་ཤིན་ཏུ་དགོས་ཤིང་མེད་དུ་མི་རུང་བའི་མཆོག་ཡིན་ལ། ཐོག་མར་དགོས་པ་བཤད་དོ། །དེ་ཡང་སྔགས་ཀྱི་ཐབས་མཐའ་ཡས་ཁྱད་པར་ཅན་འབྲས་བུ་ལམ་དུ་བྱེད་པ་དང་། རྣམ་པ་ལམ་དུ་བྱེད་པ་ཡིན་ཏེ། ཕྱི་ན་ཁྲོ་ཚུལ་མེ་ལྟར་འབར། །ནང་ན་བྱམས་པ་ཆུ་ལྟར་བསིལ། །ཞེས་གསུངས་པ་ལྟར་། དྲག་པོའི་ཚུལ་གྱིས་སེམས་ཅན་ལ་བརྩེ་བ་ཆེན་པོའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་བཞིན། རང་ཉིད་ཀྱང་ཁྲོ་ཆུའི་ལྷ་སྐུ་སྒྱུ་མ་


CMR012_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དེ་ལྟར་མོས་པར་བྱས་ནས། མྱུར་བར་མཆོད་པས་འགྲུབ་པར་གསུངས་ཏེ། སྐྱེ་བོ་ཞེ་སྡང་ཅན་རྣམས་ལ་བརྒྱལ་བས་ཤིན་ཏུ་ཁྲོས་པའི་སྐུ་དང་། འདོད་ཆགས་ཅན་རྣམས་ལ་འདོད་ཆགས་ཤིན་ཏུ་ཆེ་བ་དང་། གཏི་མུག་ཅན་རྣམས་ལ་རབ་ཏུ་ཞི་བའི་དགོས་པ་དང་ཆེ་བ་ཡིན་ནོ། །དེ་ལྟར་བྱེད་པ་ནི་འབྲས་བུ་ལམ་དུ་བྱེད་པ་དང་། རང་བཞིན་གྱི་བདག་འཛིན་རུ་ཏྲ་དེ་ཤ་ཁྲག་གི་འབྱུང་གནས་དང་། གཟུགས་སུ་བྱས་ནས་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་ཆོས་སྐུ་དེ་ཉིད་ལྷའི་གཟུགས་སུ་ཤར་བའི་སྒྱུ་མའི་སྐྱེས་བུའི་ཆོས་ཉིད་བདེན་པར་ཅུང་ཟད་ཙམ་སྟོང་པ་ཉིད་ཀྱི་ངང་ནས་སྤྱིར་ཡང་བྱར་གཏུབ་པའི་རྟེན་འབྲེལ་གྱི་རྩལ་ཀ་མ་འགགས་པའི་ཚུལ་གྱི་ཕོ་ཉ་དུ་མས་དེ་ལ་བཟའ་སྟེ་རུ་ཊ་རྗེས་མེད་དུ་བཏང་ནས་གཟུགས་དེའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པའི་རྒྱ་མཚོར་བྱས་ལ། ལྷ་རྣམས་ཁྲོ་བ་དང་། ཆགས་པ་དང་བཞད་པའི་ཉམས་ཅན་ཞལ་གདངས་ཤིང་རྔམ་པའི་ཚུལ་གྱིས་བཞུགས་པའི་ལྷ་རྣམས་ལ་ལྷག་མ་མེད་པར་ཕུལ་བས་བདེ་བའི་རང་བཞིན་གཅིག་ཏུ་གྱུར་ཏེ། རང་གཞན་གྱི་ཉོན་མོངས་དྲུང་ནས་འབྱིན་ཏེ་སྐུ་གསུམ་གོ་འཕང་ཐོབ་པ་ནི་རྣམ་པ་


CMR012_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བྱེད་པ་དང་། ཅི་རིགས་པར་སྦྱར་བའོ། །དེ་དག་ནི་སྤྱི་དགྲ་འདུལ་བའི་ཐབས་ངེས་པ་ཅན་དུ་བྱ་དགོས་པ་རྣམས་སོ། །སྒོས་དགྲ་ལ་ཡང་། སྤྱི་དགྲས་བླངས་བའི་སེམས་ཅན་རང་ཁ་བ། རུ་ཊ་ལ་གཟུགས་སུ་བྱས་པ་མ་ཡིན་པ། མི་དང་མི་མ་ཡིན་པ་དག་གི་གཟུགས་སུ་བྱས་པ། སྤྱིར་བསྟན་པ་དང་སེམས་ཅན་ལ་གནོད་པར་བྱེད་པ་དང་། སྒོས་སུ་རང་གཞན་ལ་སྲོག་དང་གཅོང་ཐང་དང་ཀ་ཅ་ཤོར་བ་སོགས་ཀྱི་གནོད་པ་བྱེད་པ་རྣམས་སོ། །དེ་འདུལ་བ་ལའང་རང་དོན་དུ་མི་རུང་ཞིང་གཞན་དོན་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་བྱ་བར་གསུངས་སོ། །དེའང་རང་ཁར་ཀ་ཆ་སྦྱིན་གནས་བཅོལ་བའམ། རང་གི་ཀ་ཅའི་ཕྱིར་མི་རུང་ངོ་། །ལྷག་བསམ་ཡོད་ན་ནི་རང་དོན་བྱས་ཀྱང་གཞན་དོན་ཉིད་དོ། །དེའི་ཚུལ་ནི་སྡུག་བསྔལ་ཡིན་ཀྱང་གང་ཕན་དང་། ཞེས་པས། ཁོས་གཞན་ལ་གནོད་པ་བྱས་པ་ཉིད། ཁོ་རང་གི་ལས་འཁོར་བ་མཐའ་མེད་ཀྱི་ལས་བྱས་པ་མ་ཤེས་པ་ལ་སྙིང་རྗེ་བསྐྱེད་དོ། །ཁོའི་གཏན་སྡུག་གི་རྒྱུ་དེ་དང་འཕྲལ་བདེ་རྗེས་ནས་སྡུག་བསྔལ་དེའང་ད་ལྟ་ཉིད་དུ་སྨིན་པར་བྱས་ཏེ་རྣམ་སྨིན་གྱི་ལུས་འདི་དང་ཕྲལ་ནས། དེ་མ་ཐག་ཏུ་སངས་རྒྱས་པར་བྱའོ། །སྙམ་པའི་


CMR012_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མིན་སྐྱེ་བའོ། །དེ་ནས་བྱམས་པ་སྒོམ་པ་སོགས་བྱ་བའི་ནུས་པས་བསྐལ་པ་མང་པོར་ངན་སོང་དུ་འགྲོ་བའི་ལས་བསགས་པ་གཅིག་ཡིན་ནའང་ཚེ་འདི་ལ་མགོ་ན་བ་ཙམ་ཞིག་འབྱུང་སྟེ་ལས་འདག་པར་གསུངས་པ་དང་འདྲའོ། །དེ་ཡང་ལུས་ངག་གི་སྒོ་ནས་ཁྲོ་ཚུལ་དུ་མ་ཞིག་དགོས་ཤིང་སེམས་ཀྱིས་ཀྱང་ལྷག་བསམ་བཅོས་མིན་དང་ལྡན་པའི་སྒོ་ནས་དམིགས་པ་དྲག་དྲག་དུ་མ་ཞིག་དགོས་སོ། །དེ་ལྟར་བྱས་པས་སྙིང་རྗེ་བྱས་ན་མི་དགེ་མེད། ཅེས་གསུངས་ཤིང་། དེར་མ་ཟད་རྫུ་འཕྲུལ་སྡིག་པ་སོགས་མི་བྱེད་ཅེས་དང་། རྩ་ལྟུང་བཅུ་བཞི་སོགས་ཁེག་པར་གསུངས་སོ། །གཞན་དུ་ན་ལྷག་བསམ་ཡོད་བཞིན་དུ་དེ་ལྟར་མ་བྱས་པའི། ལྷག་བསམ་མེད་བཞིན་དུ་རང་རྒྱུད་པར་བྱས་ན་ནི་རྩ་ལྟུང་བཅུ་བཞི་སོགས་ཀྱང་འབྱུང་བར་གསུངས་ཤིང་། སེམས་ཅན་དེའི་གཏན་བདེ་དང་འཕྲལ་སྡུག་ཅུང་ཟད་ཙམ་ཞིག་རང་ལ་བྱམས་མེད་པའི་རྒྱུན་གྱི་རྗེས་པ་ཡིན་པས་བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་སོགས་དང་འགལ་ལོ། །དེ་ཡང་ནུས་པ་ཡོད་ན་དེ་ལྟར་ཡིན་གྱིས་མེད་ན་མིན་ནོ་ཞེ་ན། དེ་ལྟར་མེད་ན་འདི་ནི་རྗེ་བཙུན་པདྨས་ལྷག་བསམ་དང་ལྡན་པས་དང་པོ་ནས་སྦྱང་པའི་ཕྱིར་བརྡ་


CMR012_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་འཕྲོད་པར་གྱིས་ཤིག་དང་འབྲས་བུ་རྣམ་པ་ལམ་བྱེད་ཀྱིས་ཐབས་མཁས་ཁྱད་པར་ཅན་གྱི་སྒོ་ནས་འདོད་དོན་དཀར་དམར་སྣ་ཚོགས་ཀྱི་སྒོ་བྱས་ཏེ་ལྷ་ལ་འབུལ་ཞིང་། དེ་ཡང་བདེ་སྟོང་ཡེ་ཤེས་ཀྱི་ངང་ནས་བྱེད་པས་ཚོགས་གཉིས་ལེགས་པར་རྫོགས་ནས་བཙན་ཐབས་སུ་འཚང་རྒྱའོ། །ཞེས་རྒྱས་པར་བྱ་བ་ལ། དོན་བསྡུས་པ་ལ་འདི་ཁོ་ན་ལྟར་སྒྲུབ་ཐབས་མང་པོར་གསུངས། དེ་ལྟ་བུའི་དགོས་པ་དང་། ཡོན་ཏན་ཅན་གྱི་འདི་ཉམས་སུ་ལེན་པའི་དམིགས་པ་རྣམས་སྐྱོངས་ཚུལ་དངོས་བཤད་དེ། དེ་ཡང་བདག་ཕུར་ འབེན next hit་གསུམ་སྟེ་གསལ་བ་སྐུ་གསུམ་གྱི་བདག་ཉིད་ཅན། དེ་ཉིད་གཞི་ལམ་འབྲས་བུ་གསུམ་ཐམས་ཅད་དུ་སེམས་ཉིད་ཆོས་ཀྱི་སྐུ་གཅིག་པུ་ལས་ཐ་མི་དད་པར་ཤེས་པར་བྱ་ཞིང་། བདག་ཕུར་previous hit འབེན ་གསུམ་གཞི་ལམ་འབྲས་གསུམ་དུ་གྲུབ་མཐའ་གཅིག་པའི་དོན་དེའི་རྫོང་སྟེ་ལྟ་བའོ། །གསལ་བ་གསུམ་དང་ལྡན་པ་འཕྲང་སྟེ་སྒོམ་པའོ། །ཚེ་ཁྲུས་ལུང་གི་དགོངས་པས་བསྒྲལ་བ་ནི་སྲོག་འཕྲོག་པ་སྟེ་སྤྱོད་པའོ། སླར་ཡང་ཁྲུས་ལུང་གི་དགོངས་པས་གནས་སྤར་ནས་རྒྱལ་བའི་སྲས་སུ་བསྐྱེད་པ་འབྲས་བུའོ། །དེ་ལྟར་རྫོང་འཕྲང་སྲོག་གསུམ་སྟེ། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་གསུམ་


CMR012_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞིའི་དོན་ཤེས་ཤིང་རིགས་པ་ནི། རིགས་པ་ཡེ་ཤེས་ཀྱི་ཕུར་པའོ། །དེའི་དོན་ཤེས་པ་རྣམས་ལ་སྙིང་རྗེ་བསྐྱེད་པ་ནི། ཚད་མེད་སྙིང་རྗེའི་ཕུར་པའོ། །ཕྱག་གཡས་ཀྱི་སོར་མོ་ལྔ་ཁྲག་འཐུང་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ཁྲག་འཐུང་ཡུམ་ལྔར་གསལ་བའི་བར་དུ་ཕུར་པ་བསྒྲིལ་བ་ནི། སྦྱོར་མཚམས་བྱང་ཆུབ་ཀྱི་ཕུར་པའོ། །དམིགས་རྟེན་གྱི་ཕུར་པ་དངོས་ནི་མཚན་མ་རྫས་ཀྱི་ཕུར་པ་སྟེ། དེ་ལྟ་བུའི་ཕུར་པ་བཞི་ལེགས་པར་ཤེས་པར་བྱས་ནས་རུ་ཊ་ལ་འདེབས་པ་ནི་གནད་དམ་པའོ། །དམིགས་པ་རྣམས་དངོས་ནི་བློ་ནུས་ཆེ་ན་གནས་ལུགས་བསྐྱེད་པ་མང་དུ་བྱ། ཆུང་ན་བླ་མའི་མན་ངག་ལྟར་ཆོས་ཐམས་ཅད་ཐག་ཆོད་ངེས་ཤེས་དྲག་པོས་སྐྱོངས། དེ་ནས་སྔགས་ཀྱི་ཁྱད་ཆོས་ཡིན་པས་དེ་ལྟ་བུའི་ཡུལ་སྟོང་ཉིད་དང་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་གཉིས་དབྱེར་མེད་པའི་ཡེ་ཤེས་ཆོས་སྐུ་ཁྱབ་གདལ་ཆེན་པོ་དེ་ངའོ་སྙམ་པའི་ང་རྒྱལ་དེ་བསྐྱང་། དེ་ནས་ཡེ་ཤེས་ཁྱབ་གདལ་ཆེན་པོ་དེ་ཉིད་ཀྱིས་གཟུགས་རྣམས་འཇམ་དཔལ་གཤིན་རྗེའི་སྐུར་བསྟན་པའི་ཟུང་འཇུག་སྒྱུ་མའི་སྐྱེས་བུ་དེ་ངའོ་སྙམ་པའི་ང་རྒྱལ་བསྐྱེད་དོ། །དེ་དང་ནམ་ཡང་མི་འབྲལ་བའི་སྤྱོད་ལམ་རྣམ་དག་བྱ་བ་ནི། རང་ཉིད་


CMR012_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་གསལ་ཏེ་ཆོས་སྐུའོ། །རང་ལས་ཕོ་ཉ་རྣམ་པ་སྣ་ཚོགས་སྤྲོས་ནས་ལས་བྱེད་དང་ཕུར་པ་ལས་ཀྱི་གཤིན་རྗེ་བསྐྱེད་པ་ནི། ལས་མཁན་ཕོ་མོར་གསལ་བ་སྟེ་ལོངས་སྐུའོ། །དེ་ནས་བདག་གཞན་འདི་དང་འདི་ལ་དེ་ལྟར་མ་གཏོགས་པའི་གནོད་བྱེད་འདི་དང་འདིས་རང་ཉིད་འཁོར་བའི་རྒྱུར་གནོད་པ་འདི་དང་འདི་བྱས་པ་སྙིང་རེ་རྗེ། དེས་ན་འདིའི་ངན་སོང་རྒྱུན་གཅོད་པའི་ཕྱིར། མངོན་སྤྱོད་དྲག་པོའི་སྒོ་ནས་ལུས་སེམས་ཕྲལ་ཏེ་འཚང་རྒྱའོ་སྙམ་པ་བཅོས་མིན་མ་སྐྱེས་ཀྱི་བར་དུ་སྦྱང་ངོ་།། ༈ དེ་ནས་མདུན་དུ་རྣམ་ཐར་སྒོ་གསུམ་གྱི་དྲག་པོ་ཆོས་དབྱིངས་ཨེའི་བཙོན་ཁང་དུ། སྤྱི་དགོས་ཀྱི་རུ་ཊ་རྣམས་གཟུགས་བརྙན་གཅིག་ཏུ་བསྐྱེད་བསྟིམས་བྱས་པ་ནི་དམིགས་བྱ་རུ་ཊར་གསལ་བ་སྟེ་སྤྲུལ་སྐུའོ། །དེ་ནས་ཚེ་ཁྲུས་ལུང་གི་དགོངས་པ་བྱ་སྟེ། དེའང་མཁྱེན་གསོལ་དང་གཟུ་དཔང་ཚར་ནས། ལས་མཁན་གྱི་རྩེ་གསུམ་ཧཱུྃ་གསུམ་ཕཊ༔ གསུམ་གྱིས་མཚན་པ་དེ། གཟས་པ་པོའི་སྙིང་དུ་ཚེའི་སྦྲ་རྒྱ་ཁྲག་གི་དྭངས་མ་བྱིའུའི་སྒོ་ང་ཙམ་གྱི་ནང་དུ་ཚེའི་ངོ་བོ་ཨ་དཀར་པོ། དེའི་ནང་དུ་སྲོག་གི་ངོ་བོ་ནི་དམར་པོ་གནས་པ་ལ་བཏབ་པས་ཚེའི་སྦ་རྒྱ་བཀྲལ། ཨ་ཧྲི་དང་བཅས་པ་དེ་དང་ཡེར་གྱིས་བླངས་ཏེ། །


CMR012_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ཁར་བཅུག་པས་ཚེའི་ངོ་བོར་བཀུག་ནས་རང་ལ་ཐིམ་པས་ཚེ་དཔལ་རྒྱས་པར་བྱས་པ་ནི་ཚེ་ལུང་ངོ་། །དེས་ཁོ་ཉོན་མོངས་བྲལ་ཏེ་སེམས་དག་པའི་ངོ་བོ་ཡིན་ཀྱང་གླ་རྩིའི་ཐུམ་ཤུན་ལྟར་བག་ཆགས་ཀྱི་དྲི་མ་དང་། རང་གི་རྩོལ་སྒྲིབ་ཀྱི་དྲི་མ་སྤང་སྲིད་པས། དེ་སྤང་བའི་ཕྱིར་སླར་ཡང་ཧཱུྃ་གསུམ་གྱིས་ཚིགས་ཕྱིར་བླངས་ནས་ཕཊ་གསུམ་གྱིས་འོག་མིན་དུ་དཔལ་ཆེན་པོའི་ཐུགས་ཀར་འཕངས་ཏེ་ཞུ་བས་ཡུམ་གྱི་མཁར་བབས་ནས་སྲས་སུ་བསྐྱེད་དེ། དེ་མདུན་དུ་ཐོན་ནས་འཁོར་བ་ཁྲུས་ལུང་ངོ་། །དེ་ནས་དུག་ཅན་གྱི་དུག་བྱིན་ནས་སླར་ལོག་ཏུ་མེད་པ་ལྟར། ཁོའི་རུ་ཊ་རྒྱུན་གཅོད་པ་ལ་ཉོན་མོངས་ཡེ་ཤེས་སུ་བསྒྱུར་དགོས་སོ། །འདི་ལ་ཁྲུས་ལུང་གི་དགོངས་པ་སངས་རྒྱས་ཚར་ནས། ད་དུང་ཉོན་མོངས་ཞེན་ན། སྐྱོན་མེད་རྣམ་པ་ལམ་བྱེད་ཀྱི་ཐབས་མཁས་སོ། །དེ་ལྟར་མིན་ན་འབྲས་བུ་ལམ་བྱེད་ཐམས་ཅད་དེ་ལྟར་འགྱུར་བའི་སྐྱོན་བཅས་སོ། །དེས་སེམས་ཉིད་སྤར་བའི་ལམ་དེར་ཁོའི་དུག་གསུམ་དང་སྤྱིའི་རུ་ཊ་ཐམས་ཅད་ཀྱི་ངོ་བོ་ནི་དུད་ཁ་གཅིག་ལུས་པ་དེ་དང་ཁོས་བླངས་པའི་རྣམ་སྨིན་གྱི་ཕུང་པོ་དེའང་དོན་ཅན་དུ་འགྱུར་བའི་ཕྱིར་དུས་གཅིག་ཏུ་གཟིར་བས་འདོད་ཆགས་རྣམས་ཤ་


CMR012_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད། གཏི་མུག་རྣམས་ཤ་ཡི་རི་བོ་སྟོང་གསུམ་ཁེངས་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་ཤ་ཁྲག་རུས་གསུམ་ནུས་པ་ཉོན་མོངས་རྣམས་སྐད་ཅིག་ལ་འཇོམས་ནུས་པ། ཡོན་ཏན་ཟག་མེད་ཀྱི་བདེ་བ་སྟེར་བ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་དེ་མ་ཐག་ཏུ་ཐོབ་པར་བྱེད་པའི་ནུས་མཐུ་དང་ལྡན་པར་བསམས་ནས། འབུལ་བའི་ཡུལ་སྐབས་སུ་གང་བབས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཉམས་བྱུང་རྒྱལ་གྱིས་བཞེས་སྒྲའི་གད་མོ་དང་བཅས་ཏེ་ཕུལ་བས། ལྷ་ཐམས་ཅད་ཟག་མེད་ཀྱི་བདེ་བས་མཉེས་ཤིང་ཁོས་གཙོར་བྱས་བདག་གཞན་གྱི་ཉོན་མོངས་དྲུང་ནས་འབྱིན་ཏེ་སྐུ་གསུམ་གྱི་གོ་འཕང་ཐོབ་ནས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པར་བསམ་ཞིང་རླུང་རོ་སངས་ཀྱིས་འབུད། ལྟ་སྟངས་ནམ་མཁར་ཅེ་རེ་བྱ། རང་རིག་པའི་ངོ་བོ་ལམ་གྱིས་བཟུང་། ཤེས་པ་ཧུར་ལིང་ངེ་བ་བྱས་ལ་སྟབས་གང་ཡིན་གྱི་བཟླས་སྒོམ་སོགས་གང་དགོས་རྣམས་བྱ། དེ་ནས་གོང་དུ་བཤད་པའི་ཟུང་འཇུག་སྒྱུ་མའི་རྣལ་འབྱོར་ཡུན་རིང་དུ་སྐྱོང་། དེ་ལྟར་སྤེལ་མར་ཉམས་སུ་བླངས་བར་བྱའོ། །དེ་ལྟར་ཤེས་བཞིན་དུ་ཉམས་སུ་བླངས་ན་འདོད་དོན་ཐམས་ཅད་བཤད་པ་བཞིན་དུ་འགྲུབ་ཅིང་། །


CMR012_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་སྤྱིའི་རུ་ཏྲ་བདག་འཛིན་དང་། སྒོས་ཀྱི་རུ་ཏྲ་འདྲེ་གདོན་བྱ་བའི་མིང་ཡང་མི་ལུས་ཤིང་། སྒྲིབ་པ་ནི་ལྟ་ཡང་མི་སྨོས་ཤིང་ལམ་གྱི་བོགས་འདོན་དང་རིག་པའི་རྩལ་སྦྱང་དུ་འགྱུར་བར་བྱ། ཚུལ་དེ་ལྟར་མི་ཤེས་པར་ལྷ་སྔགས་རྣམས་ཚིག་ཙམ་ལ་བརྟེན་ཏེ་ཧོམ་ཁུང་སོགས་བྱེད་ཅིང་དང་པོ་ནས་བསྡིག་བསྡིག་འདྲ་བ་རེ་བྱས་ཀྱང་འདྲེ་གདོན་ཤི་བའི་རོ་ནི་སུས་ཀྱང་མ་མཐོང་ངོ་། འོན་ཀྱང་བྱིན་རླབས་ནུས་པ་ཡོད་པ་ལྟར་སྣང་བ་ནི་སྔོན་གྱི་ལས་སམ་འཕྲུལ་གྱི་ལྷ་སྔགས་ཀྱི་ནུས་པ་ཙམ་རེ་ཡིན་ཞིང་། ལས་ཀྱང་ཆ་རེ་འགྲུབ་མོད་ཀྱང་དམྱལ་བར་འགྲོའོ། །ཞེས་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་དང་དོན་འདྲའོ། །འདིར་ལས་ཀྱི་ཕོ་བྲང་གྲུ་གསུམ་བྱེད་དགོས་པའི་རྒྱུ་མཚན་ནི། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྣང་སྲིད་འཁོར་འདས་ཐམས་ཅད་རོ་མཉམ་དུ་གྱུར་པ་སྤྱི་སྒོས་རུ་ཏྲའི་མིང་ཙམ་ཡང་མེད་པ་ཆོས་སྐུ་ཁྱབ་གདལ་ཆེན་པོ་དེ་ཉིད་མངོན་དུ་མ་གྱུར་པའི་རྣལ་འབྱོར་པས། དེ་ལྟར་མྱུར་དུ་རྟོགས་པར་བྱེད་པའི་ཐབས་མཁས་སྔགས་ཀྱི་ཁྱད་ཆོས་རྣམ་པ་ལམ་བྱེད་ཡིན་ནོ། །དེ་ཡང་གྲུ་གསུམ་གྱི་ཆོས་ཐམས་ཅད། རང་བཞིན་གྱི་རྣམ་པར་དག་པ་སྟོང་པ་ཉིད་དང་། མཚན་


CMR012_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་དང་། སྨོན་པ་མེད་པ་དང༔ རྣམ་པར་ཐར་པ་སྒོ་གསུམ་མཚོན། ཕྱི་མཐིང་ནག་གི་ཆོས་སྐུ་འགྱུར་བ་མེད་པ་དང་། ནང་དམར་ནག་ནི་སྔགས་ཀྱི་ཁྱད་ཆོས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་། འགྱུར་མེད་ཀྱི་ཆོས་སྐུ་གཉིས་མེད་རོ་གཅིག་ཏུ་བདེ་སྟོང་གཉིས་མེད་དུ་གྱུར་པ་མཚོན། དེའི་ནང་ན་སྤྱི་དགོས་ཀྱི་རུ་ཏྲ་ཐམས་ཅད་གཞུག་པ་ནི་འཁོར་འདས་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པ་དང་། སྤྲུལ་པའི་ཕོ་ཉ་དང་མཚོན་ཆ་སྣ་ཚོགས་པས་སྐད་ཅིག་གིས་བསྒྲལ་ཞིང་གཏན་མེད་དུ་བརླགས་པ་ཡིན་ནོ། །ཆོས་ཉིད་མངོན་དུ་གྱུར་པའི་ངོ་བོར་འཁོར་འདས་ཀྱི་མིང་ཡང་མེད་པའི་དོན་མཚོན་པའོ། །གཞན་ཡང་མཐུ་ལ་དོར་བའི་མན་ངག་ཁྱད་པར་བ་རྣམས་རྫོང་འཕྲང་ཆེན་མོར་ཤེས་པར་བྱའོ། །དེ་ལྟར་ཧོམ་ཁུང་གྲུ་གསུམ་བྱེད་པའི་མཚོན་དོན་ཙམ་རེ་ཚིག་ཏུ་ཡང་མི་ཤེས་པར་རུ་ཏྲ་བསྒྲལ་སྐད་བྱས་ཀྱང་རུ་ཏྲ་དེ་ཉིད་ཁོ་ནར་མངོན་ནོ། །འདིའི་སྐབས་སུ་འཁྲུལ་པ་ཆེ་བར་སྣང་ཞིང་ཡིག་ཆ་ཡང་ཐར་ཆགས་སུ་མི་སྣང་བས་རྫོང་འཕྲང་ཆེ་ཆུང་། སྒྲུབ་ཆེན། གཤིན་རྗེ་ཚེ་བདག །ཨུར་མོ་ཁ་ཐུན། ཁྲོ་འདུལ། འཆར་ཀ །དམ་ཅན་ཆོས་རྒྱལ། མགོན་པོ་འབྲོང་ཞོལ། གཞན་ཡང་མ་མགོན་གྱི་


CMR012_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མང་པོ་དང་། བསད་པ་ལས་བཞི་མ་བསླད་པ་དང་། ལྷ་རྒྱུད་སྡེ་གསུམ་སོགས་གསར་རྙིང་གི་ལས་མཐའ་ཅན་ཐན་ཐུན་རྣམས་དང་། རྒྱུད་མཆོག་མ་ཧཱ་ཡོ་གའི་སྒོམ་ཁོག་སོགས། རྙིང་མའི་སྒྲུབ་ཐབས་འགའ་ཞིག་གི་དགོངས་པ་རྣམས་རང་བཟོ་མེད་པར་ཕྱོགས་གཅིག་ཏུ་བླང་བདེ་བར་བྱས་པ་ཡིན་པས། རིག་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་ཐུགས་རྣལ་དུ་ཕོབ་ལ་ཉམས་སུ་ལོངས་ཤིག༔ ཤེས་བྱེད་བཞེད་ནའང་དེ་རྣམས་སུ་གཟིགས་དང་ཁྱེད་རང་རྣམས་ཐུགས་རང་སར་འགྱུར་བ་ཡོད་དོ། །ལག་ཏུ་ལེན་པ་ཆོ་གའི་རིམ་པ་ནི༔ ཏིང་ངེ་འཛིན་གྱི་བཟློག་པའི་སྐབས་སུ་མདོར་བསྡུས་བཤད་པ་ལྟར་ཡིན་ལ། ཆོ་ག་དངོས་དང་གདབ་ལས་སོགས་ཇི་ལྟར་བྱ་བ་ནི་གཞན་དུ་ཤེས་ཤིང་། གསང་སྔགས་ལག་ལེན་གྱི་མཐའ་ཅན་ཡིན་པས་མཐོང་བ་དང་པོ་ཡིག་ཁྲིད་ལས་ཤེས་པར་བྱའོ།། འདི་ལ་ཁ་ཅིག་དེ་ལྟར་ན་ལེགས་འདུག་ཀྱང་། དེ་ལྟར་དེ་འདྲ་ཤེས་པ་རྣམས་ནི་ནུས་པ་འོང་ཅང་ཅིང་འདུག༔ སྔར་གྱི་དེ་འདྲ་མི་ཤིས་པ་རྣམས་ལ་ནི་བྱིན་རླབས་དང་ཐུགས་རྗེ་ནུས་པ་ཐམས་ཅད་འགྲན་ཟླ་མེད་པར་བྱུང་ཞེས་ཟེར་འདུག་སྟེ། དེ་ལྟར་ཤེས་ཀྱང་བྱིན་རླབས་མེད་པ་ནི་བསྙེན་སྒྲུབ་ལ་


CMR012_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་མ་སོང་བ་ཡིན་མོད་ཀྱང་། མི་ཤེས་པའི་བྱིན་རླབས་ཅན་དང་ཕྲལ་ཏིང་ཀུན་ནས་མི་འདྲ་བ་དམ་པ་ཀུན་གྱིས་གསུངས་པ་སྟེ། མི་ཤེས་ཀྱང་ནག་འདུག་མཁན་གྱི་སྔགས་ནག་དེ་ལ་བཤད་པ་ལྟར་ལྷ་སྔགས་སོགས་ཀྱི་འཕྲལ་དུ་ནུས་པ་འབྱུང་ཡང་ལེགས་ན་གཏིང་དུ་ཐར་པའི་ལམ་དུ་འགྲོ་སྲིད་ཀྱང་། ཉེས་ན་ལས་འབྲས་སོགས་ལ་རྨོངས་པའི་དོན་གྱིས། བོན་དང་མུ་སྟེགས་པ་སྒྲུབ་པའི་ཕོ་རུས་ཅན་རྫུ་འཕྲུལ་དང་ནུས་པ་ཐོན་པ་རྣམས་ཀྱང་གཏིང་རུ་དུ་ཁའི་རྒྱུན་འབའ་ཞིག་ཏུ་གྱུར་བར་གསུངས་པ་དང་འདྲ་བར་བཤད་པ་ཡིན། ཡང་སྔར་ཐུགས་རྗེ་དང་ནུས་པ་བྱུང་བྱུང་ཐམས་ཅད་ཀྱིས་མི་ཤེས་ཀྱང་། དེ་ཁོ་ན་ལྟ་བུ་མིན་ཞིང་སྒྲུབ་པ་ལ་གཙོར་འཛིན་པའི་གང་ཟག་མཆོག་རེ་བྱུང་བ་ཡིན་ལ། ད་ལྟ་ནི་ལ་ལ་ཤེས་པ་ཙམ་རེ་བྱས་པའི་ལྕེ་འདྲེན་རེ་ལ་བརྟེན་ནས་སྒྲུབ་པའི་ཕོ་རུས་མེད་པར་མ་བསྒྲུབས་པར་གྲུབ་རྟགས་འབྱུང་དུ་རེ་བའི་ངང་ནས་མི་ཚེ་ཐ་མལ་དུ་ལུས་པའི་སྐྱོན་ཡིན་པས། ཐུགས་རྣལ་དུ་ཕོབ་ལ་སྨྱོས་ཤིག །དེ་ལྟར་བཤད་པ་ལྟར་བླ་མའི་མན་ངག་དམ་པ་རྣམས་མཆན་གཅིག་ཏུ་བསྒྲིགས་པའི་ཐོ་ཡིག་གི་ས་བཅད་དུ་གསལ་བ་ལྟར་ཕྱོགས་བསྡུས་བྱས་པ་འདི་ནི་གཅིག་ལ་གཅིག་ལྟོས་དགོས་པ་རྣམས་ཁ་


CMR012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་གྱི་དགོངས་པར་གསལ་ཞིང་རང་གར་འཇུག་པ་དགག་པའི་ཕྱིར་དུ་ཚིག་ཅུང་ཟད་སྦས་ཤིང་དོན་ལ་ཅུང་ཟད་ཀྱང་མ་སྦས་པར་གསལ་བར་ཡོད་པས། འདི་ལས་གསལ་དང་འགྲིག་འགྲིག་ཏུ་འདོད་ནས་དཀྲུག་པར་མ་བྱེད་ཅིག །ཆོས་བྱེད་བསྟན་ལ་སེམས་པའི་སློབ་མ་དང་། །དམ་ཚིག་སྲོག་གི་ཕྱིར་ཡང་མི་གཏོང་བའི་རྣལ་འབྱོར་པ་ཡིན་ན་ནི། གཅིག་ལ་གཅིག་ལ་སོགས་པ་ལ་བཀའ་གདམས་ཏེ་གཏོད་ཅིག །གཞན་དུ་ན་བླ་མ་ཐན་ལྟར་གསང་ཞིང་མན་ངག་རྐུ་ཐབས་སུ་ཁྱེར་བ། བསྟན་པ་དང་སེམས་ཅན་ལ་ཕན་འདོད་ཀྱི་བློ་དང་མི་ལྡན་པའི་དམ་ཉམས་ལ་མ་གཏད་ཅིག །ལུང་དང་གདམས་པ་མ་ཐོབ་པར་རང་དགར་མ་འཇུག་ཅིག༔ གལ་ཏེ་དེ་ལྟར་བྱེད་པ་བྱུང་ན་གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམ་བཞི་མྱུར་དུ་ཆོད་ཅིག །དྭངས་མ་བསྡུས་ལ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦ་བར་མཛོད་ཅིག །ཀྱི་ཧོ་བླ་མ་རིན་ཆེན་མདུན་ལས་བྱུང་བ་ཡི། །དགོས་འདོད་གཤིན་རྗེའི་གཤེད་ཀྱི་གདམས་པ་རྣམས། །ལོ་རྒྱུས་ཡོན་ཏན་དབང་དམ་རྫས་རྣམས་གཟུགས། །དེ་ནས་རྟེན་རྫས་ནས་བཟུང་གདམས་གཏད་བར། །རིམ་བཞིན་ཆུ་རི་བུ་ག་མེ། །དྲག་པོ་འདོད་པ་མིག་མེ་མེ་ཆུ་


CMR012_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །གཟུགས་ཏེ་ཕྱོགས་བདུན་མདའ་ཡི་ཁང་པར་གནས། །ཤོག་དྲིལ་ཐོར་སྡེབས་ལས་རབ་རྒྱ་མཚོ་འདི། །བུང་བས་ཆུ་སྐྱེས་སྦྲང་རྩི་ལེགས་བསགས་ནས། །དམ་པ་ཀུན་གྱི་དགའ་སྟོན་བྱེད་ལྟར་ཤོག །ཡེ་ཤེས་ཐོབ་འདོད་དྲན་ཤེས་རིན་ཆེན་གྱི། །རིན་ཆེ་བསྟན་སྲུང་དད་པ་རྡོ་རྗེ་ཡིས། །བསྐུལ་ཕྱིར་བླ་མའི་ཞལ་གྱི་བདུད་རྩི་མཆོག །ལེགས་བསགས་བསྟན་པ་བསྲུང་བའི་དགའ་སྟོན་བྱས། །ལེགས་སོ་ལེགས་པར་ཉམས་སུ་ལོངས་དང་སྨྲ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །འདི་ཡི་དགེ་བས་སྤྱི་དགོས་རྒྱུ་འདྲ་དང་། །བསྟན་དང་ཆོས་བྱེད་སེམས་ཅན་རྣལ་འབྱོར་ལ། །བཙན་ཐང་ཐོག་བབ་བྱེད་པ་དགོས་དགྲའི་སྙིང་། །གཤིན་རྗེ་ཐམས་ཅད་འདུས་པའི་ངོ་བོ་ཉིད། །གནམ་ལྕགས་རྒྱ་གྲམ་འབར་བས་དུམ་བུར་གཏུབ། །རུས་སྦལ་ནག་པོས་སྲོག་གཅོད་སྙིང་ཁྲག་འཇིབ། །སྤྱི་དགྲ་དང་ནི་སློབ་མ་དམ་ཉམས་རྣམས། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །དམ་ཚིག་གཅིག་ཀྱང་མཆེད་ལ་འཁུ་བ་རྣམས། །བསེ་ཡི་སྦལ་པ་ནག་པོས་ཤ་ཁྲག་ཟོ། །གནོད་བྱེད་སྔགས་པ་ནག་པོ་ཐམས་ཅད་ནི། །སྦལ་པ་དམར་པོས་སྲོག་སྙིང་བསྐོར་ཞིང་


CMR012_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །བསྟན་དགྲ་མུ་སྟེགས་བོན་པོ་ནག་པོ་རྣམས། །དུག་གི་ཕག་རྒོད་ནག་པོས་བསྒྲལ་བར་གྱིས། །གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམས་བཞི་ཆོད། །གཤིན་རྗེ་གནོད་སྦྱིན་ཁྲག་གཏོར་དལ་ཡམ་ཕོབ། །བདུད་མོ་ཁྲོ་གཉེར་ལྕགས་ཀྱུས་དགྲ་སྙིང་ཟུངས། །མོན་པ་གསོད་བྱེད་གནམ་ལྕགས་ཐོགས་མདའ་ཕོབ། །སྤྲུལ་པའི་ཁྱི་མོ་དགྲ་བོའི་བླ་ཕྱིར་རྒྱུག །གནམ་ལྕགས་བྱ་ཡི་ཁོང་ནས་ཙིཏྟ་ཕྱུང་། །དུག་སྦྲུལ་ནག་པོས་སྙིང་ལ་དུག་མདའ་རྒྱོབ། །གདུག་པའི་རུས་སྦལ་ནག་པོས་བླ་ཚེ་ཁུག །དམ་ཉམས་དགྲ་བོའི་རང་གཤེད་རང་ལ་ཕོབ། །ཁ་ཁ་ཁཱ་ཧི་ཁཱ་ཧི་དགྲ་བོ་མཱ་ར་ཡ། །གཤིན་རྗེའི་དམག་ཚོགས་རབ་ཏུ་དགྱེས་པར་བགྱི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦ་བར་མཛོད། །སྤྱི་དགོས་རུ་ཏྲའི་མིང་ཡང་མེད་པར་གྱིས། །ཕན་བདེ་འབྱུང་གནས་བསྟན་པ་འཕེལ་གྱུར་ནས། །འགྲོ་ཀུན་རྟག་ཏུ་བདེ་བའི་གནས་ཐོབ་ཤོག །ཚུལ་འདི་ལེགས་པར་གཤིན་རྗེའི་མན་ངག་མཆོག །བཀའ་རྒྱ་པ་ཡི་ལུགས་ཞེས་རྣལ་འབྱོར་པ། །ཛྷཱ་ན་རིན་ཆེན་སྨྲ་མོད་སྐྱེས་བུ་རྣམས། །ཚིག་དོན་ལེགས་པར་ཚོལ་དང་མངོན་སུམ་གསལ། །ཨྠྀི༔ སངས་རྒྱས་བསྟན་དགྲ་མ་ལུས་འདུལ་བ་


CMR012_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསྟན་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ།next