Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་ཆུ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་ཆུ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས།next

ཁྲོ་ཆུ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས།


CMR013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཁྲོ་ཆུ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ནི། སྤྱིར་ཁྲོ་ཆུ་ཕ་ཁོལ་དུག་སྡོང་ནི་ཕྱི་རོལ་པའི་ལུགས་ཡིན་པས་རང་རེའི་ཐུགས་དམ་མི་རུང་། ཞང་ཁྲོམ་ལུགས་འདི་ཟབ་ཅིང་ཐམས་ཅད་ཡོངས་གྲགས་ཡིན་ན་ཡང་། འདིའི་གཏེར་གཞུང་གི་གླེགས་བམ་ཆེ་དྲགས་པའང་། བླ་མ་རྣམས་ཀྱི་མཛད་ཆོས་མང་ན་ཡང་། དྲག་སྔགས་གདུག་པ་ཅན་མིན་ཕྱིར་གནད་ཐམས་ཅད་ཞལ་དུ་ཤེས་དགོས། གཞུང་རང་གབ་འཁྲུགས་ཆེན་པོས་སྦས་དྲགས་པས་ཇི་ལྟ་བ་བཞིན་ཤེས་དཀའ་བ་ལགས། སྤྱིར་སྤྲོས་བཅས་མ་ཧཱ་ཡོ་ག་ལྟར་སྒྲུབ་ཆེན་བྱ་ཚུལ། སྤྲོས་མེད་ཨ་ནུ་ཡོ་ག་ལྟར་ལུས་དཀྱིལ་བསྒོམ་ཚུལ། ཤིན་ཏུ་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་དྲན་རྫོགས་སུ་བསྒོམ་ཐབས་གསུམ་ལས། འདི་ཨ་ཏི་ཡོ་ག་ལྟར་ཡིན་ནོ། །དེ་ལ་བསྙེན་སྒྲུབ་དང་སྲུང་ཟློག་གི་ཤོག་དྲིལ་མཐའ་དག་གབ་སྤྱད་དཀྱིལ་འཁོར་བཅས་པ་ནི་མ་ཧཱ་ཡོ་ག་ལྟར་ཡིན་ལ། འདི་ནི་ཤིན་ཏུ་སྤྲོས་མེད་གཅིག་ཆོག་གསུམ་གྱི་གདམས་ངག་ཡིན་ནོ། །དེ་གང་ཟབ་ཅེ་ན། ལས་དང་པོ་པ་ལྟ་སྒོམ་ལ་ངེས་པ་མ་ཐོབ་པས་ནི་སྤྲོས་བཅས་ཟབ་ལ། ལྟ་བ་རྟོགས་བསྐྱེད་རྫོགས་ལ་ངེས་པ་ཐོབ་ནས་སྤྲོས་མེད་


CMR013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་དམིགས་པ་ཙམ་ཁོ་ནས་འགྲུབ་ཀྱི། བཅའ་ཚོགས་སོགས་ཅི་ཡང་མི་དགོས་སོ། །དེ་ཡང་དུས་ཀྱི་བསྙེན་པ་ནམ་རུང་ཆོག །སྲུང་བ་སྔ་དྲོ། ཟློག་པ་ཕྱི་དྲོ་བྱའོ། ཨེན་ནམ་མཁའ་སྟོང་པའི་ས་བོན་ཏེ་སྭ་བྷ་ཝའི་ཚབ། ཡནི་གཤིན་རྗེའི་ས་བོན་ཏེ་གཤིན་རྗེའི་འབོད་པའི་འབོད་པ། བྷྱོཙནི་ཡུམ་གསང་བ་དུག་ཏི་ནག་མོའི་ས་བོན་ཏེ་སྐུ་དངོས་སུ་མི་གསལ་ལུས་དང་གྲིབ་མ་ལྟར་ལྷན་ཅིག་སྐྱེས་པའོ། །སྟོང་ཉིད་ལྟ་བའི་ངང་ལས། སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཧ་ལ་ཏེ་འཇིག་རྟེན་གྱི་དུག་སྣ་ཚོགས་ལས་གྲུབ་པའི་ངོ་བོ་ལ་རྣམ་པ་སྲ་བརྟན་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དབྱིབས་གྲུ་བཞི་ལ་རྒྱ་ཆེ་བ་འཕང་མཐོ་བའི་མཁར་ཆེན་པོ་རྔམས་འཐུག་པ་ཁ་དོག་སྨུག་ནག་ན་བུན་འཐིབས་པ་ལྟ་བུ། དུག་གི་མེ་སྔོ་དམར་དུ་ལྷབ་ལྷབ་འབར་བ། དུག་གི་རླངས་པ་ཕྱུ་རུ་རུ་འཐུལ་བ། འཇིག་རྟེན་གྱི་ལྷ་སྲིན་བྱད་མ་རྦོད་གཏོང་ཐམས་ཅད་ཀྱིས་དེ་མཐོང་བ་ཙམ་ནས་བརྒྱལ་ཞིང་རེངས་པ་དང་མྱོས་པར་བྱེད་པ། དེ་ལྟ་བུ་ནི་སྲུང་བ་གཅིག་ཆོག་དུག་རྫས་རྡོ་རྗེའི་སྲུང་བ་ཞེས་བྱ་སྟེ། འདི་གཅིག་པུའི་དམིགས་པ་གསལ་ན། གཞན་སྲུང་བའི་གུར་ཁང་མང་པོ་མི་དགོས། མང་པོ་བྱས་ཀྱང་


CMR013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཟིན་དཀའ་བས་དྲན་ཙམ་རེ་བྱས་ཀྱང་ནུས་པ་མི་འབྱུང་ངོ་། །དེ་ལྟར་སྲུང་འཁོར་གཅིག་པོ་དེ་ཡི་ནང་དུ། བདག་བསྐྱེད་རྐྱང་པས་ཀྱང་ཆོག་མོད་ཀྱི། གཏོར་མ་བསྔོས་བསྐུལ་སོགས་འདོད་ན་བདག་མདུན་གཉིས་དུས་གཅིག་བསྐྱེད་པ་རྙིང་མ་སྤྱིའི་ལུགས་ཡིན་ལ། དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་སྤྱན་འདྲེན་བསྟིམ་མི་དགོས་ཏེ། དྲན་པ་ཙམ་ནས་རྫོགས་པ་ཉིད། །ལྟ་བ་གྱད་གྱི་ལྷ་ཞེས་གསུངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེའི་ནང་དུ་རང་ལུས་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བ་དམ་ཚིག་སེམས་དཔའ། རང་གི་སེམས་ཉིད་ཡེ་ནས་ཆོས་སྐུ་ཡིན་ཏེ། དེ་ལས་གུད་ན་ཡེ་ཤེས་པ་གཞན་མེད་ལ། སྤྱན་འདྲེན་བྱས་ཀྱང་སངས་རྒྱས་ལ་རྣམ་པར་རྟོག་པ་མི་མངའ་བས་འབྱོན་རྒྱུ་ཡང་མེད་དོ། །གསང་སྔགས་ཕྱིའི་ལུགས་ལ་སྤྱན་འདྲེན་ཡོད་དེ། དེ་རང་གི་རྣམ་རྟོག་སྦྱང་ཕྱིར་མ་གཏོགས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་པ་ལྟར། ལྷ་ཡེ་ཤེས་པའི་སྐུར་སྒོམ་ཙམ་ནས་ཡེ་ཤེས་པ་ཡང་དེར་བཞུགས་པའོ། །དེ་ལྟར་དྲན་རྫོགས་དམ་ཡེ་དབྱེར་མེད་འཇའ་ཤར་


CMR013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་བསྒོམས་པ་དེའི་རྒྱན་ཆ་ལུགས་ནི། །མངོན་རྟོགས་རྒྱས་པའི་ནང་ལྟར་བསྒོམ་མོ། །དེ་ལྟར་དྲན་རྫོགས། རྒྱ་གཞུང་ན་གཙོ་རྐྱང་ལས་མེད་ཅིང་། གཙོ་རྐྱང་འབྲིང་པོ་འཁོར་ཡང་བསྒོམ་ན་འཁོར་ལ་ཡི་དྭགས་ཡོད་པས་རྣལ་འབྱོར་པ་ནོར་དབུལ་བས་སོ། །།ཐུགས་ཀར་ཉི་མའི་སྟེང་དུ་ལས་ཀྱི་གཤིན་རྗེའི་ངོ་བོ་ཡམཐིང་ནག་གདན་ཐབས་སུ་བཏིང་བའི་སྟེང་དུ་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་འགྱིང་ཐབས་སུ་གནས་པའི་མཐར། བསྙེན་སྔགས་སྔགས་ཕྲེང་མཐིང་ནག་ཡི་གེའི་ངོ་ཕྱིར་བསྟན་དེ་ཐམས་ཅད་ལངས་ནས་གནས་པ་ཀྱི་ལི་ལི་འཁོར་བ་བསྙེན་པ། དྲག་ཏུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་འཇིག་རྟེན་སྐྱོང་བ། སྡེ་བརྒྱད་ལྷ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ། བདུད་དང་བདུད་ཀྱི་ལྷ་འདྲེ་ཐམས་ཅད་མཐུ་སྟོབས་ནུས་པ་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་སིབ་སིབ་ཐིམ་པས་རང་ཉིད་མཐུ་སྟོབས་ནུས་པ་རབ་ཏུ་རྒྱས་པར་བསྒོམ་པ་ནི། བསྙེན་པའི་དམིགས་པ་གཅིག་ཆོག་དང་སྒྲུབ་པ་ཡིན་ནོ། །བསྙེན་སྔགས་དུས་སོགས། རང་གི་ཐུགས་ཀའི་ཧཱུཾ་དེ་ལྕགས་སྦུབ་ལྟར་ཁོག་སྟོང་དུ་ཡོད་པའི་


CMR013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཁོག་གི་སྦུབ་སྟོང་པའི་ནང་དུ། རང་གི་བླ་སྲོག་ནི༔ལྗང་གུ། དེའི་གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས། མདུན་དུ་རྟ་ནོར། རྒྱབ་ཏུ་སྦྲ་གུར་དགོན་ཁང་རྣམས་ཚུད་པ་དང་། ཧཱུྃ་གི་ནཱ་དའི་ནང་དུ་བླ་མ་སྲུང་འཁོར་བསྒོམ་དགོས་པ་རྣམས་བསྒོམ་པ་སྟེ། དེ་རྣམས་མིང་ཡིག་སྒོམ་པ་དང་། ཡི་དམ་ལྷའི་སྐུར་བསྒྱུར་ནས་སྒོམ་པ་སོགས་མི་བྱེད་པར་ཐ་མལ་གྱི་ལུས་སུ་སྒོམ་པ་ཟབ་ཅིང་། དམིགས་པ་གསལ་ཞིང་སྲུང་སྔགས་གལ་ཆེ་ན་བརྒྱའམ་སྟོང་། རྒྱུན་དུ་ཉེར་གཅིག་ཙམ་མ་ཆག་པར་བྱ་བ་སྲུང་བ་གཅིག་ཆོག །གྲི་ལྕགས་ཀྱི་ཕུར་པ་སོར་བཞི་པ་བཙན་དུག་དང་གྲི་ཁྲག་གིས་ངར་བླུད་དེ་སྲུང་སྔགས་སྟོང་གིས་སྔགས་ནས། དར་ནག་གིས་དྲིལ་རླུད་བུ་སོགས་ཀྱིས་བཏུམས་ནས་གོང་བ་གཡས་སུ་བཏགས་པ་རང་སྲུང་བྱད་མ་འབུམ་རྡུགས་སོ། །གྲྭ་སློབ་དང་ཡོན་བདག་སོགས་ལ། རང་གི་དྲི་ཆུ་བར་པ་ལ་སྲུང་སྔགས་བརྒྱའམ་སྟོང་གིས་སྔགས་ཏེ་གཏོར་བས་གཞན་སྲུང་བྱེད་མ་འབུམ་རྡུགས་ཏེ། ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་གཅིག་ཆོག་བྱེད་མ་འབུམ་རྡུགས་སོ། །དགོང་ཀ་རང་ཉིད་ཁྲོ་ཆུའི་སྐུ་ལས་རང་འདྲ་བའི་གཤིན་རྗེའི་དམག་ཚོགས་བྱེ་བ་དུང་ཕྱུར་སྐུ་ཆུང་ལ་ཡན་ལག་


CMR013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲགས་པ་སེར་སྐྱོགས་ལྟར་འཕྲོས་པས་བྱད་མ་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་བྱ་སྤུ་རླུང་གི་ས་གཏོར་བ་ལྟར་སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད་པར་བསྒོམས་ལ། ཟློག་སྔགས་བརྒྱ་བས་མི་མང་ཚར་བདུན་ལས་མི་ཉུང་བ་ཟཟླས་ལ། ལག་པ་གཉིས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་གཡོན་གྱི་ལྟེ་བར་གནོད་བྱེད་དགྲ་བགེགས་ཡོད་པ། གཡས་ཀྱི་ལྟེ་བར་ཆུ་གྲི་འབར་བས་མཚན་པ། དྲག་ཏུ་བརྡབས་པས་སྲོག་རྩ་དང་གློ་སྙིང་འཛེར། འཁོར་ལོས་བཅིར་བས་ཤ་ཁྲག་སྐྱོ་མར་གྱུར་པ་སྤྲུལ་པའི་གཤིན་རྗེའི་དམག་ཚོགས་ཀྱིས་ཟོས་པར་བསྒོམས་པས་བསད་ཟློག་གཉིས་ཀ་འགྲུབ་སྟེ་གལ་ཆེ་དུས་ལན་རེ་ཙམ་ལས། རྒྱུན་དུ་དམིགས་པ་དེ་མི་བྱའོ། །ཐལ་རྡེབ་གནམ་ལྕགས་འཁོར་ལོ་བཀའ་རྒྱ་ཅན་ནོ། །གདོན་དྲག་པོ་གཅུན་ན། རང་ཉིད་ཁྲོ་ཆུའི་ཕྱག་དང་པོའི་གཡས་སོར་ལྔ་ཁྲོ་བོ་མཐིང་ནག་མཚོན་ཆ་སྣ་ཚོགས་ཅན་ལྔ། གཡོན་སོར་ལྔ་གནམ་ལྕགས་ཀྱི་སྡིག་པ་ནག་པོ་ལྔ་བསྒོམ། གདོན་གང་ཡིན་ཐལ་མོའི་བར་དུ་བཅར་བས་སྲོག་སྙིང་ཕུལ་ཁས་བླངས་དམ་བཅའ་ཕུལ་བར་བསྒོམ་ལ། ཟློག་སྔགས་བཟླས་ཤིང་ཐལ་མོ་ལན་དགུ་བརྡེབ་བོ། །ཁྲོ་བོ་སྡིག་རྡེབ་བཀའ་རྒྱ་ཅན་ནོ། །དེ་


CMR013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྫོགས་རིམ་མཐའ་ནས་དབུས་ཡལ་སོགས་བློས་བྱས་བསྒོམ་མི་དགོས་ཏེ། རང་སེམས་ངོ་བོའི་སྟེང་དུ་བཞག་པས་འཐུས་སོ། །མཆོད་གཏོར་ལོགས་སུ་མི་དགོས་ཏེ། རང་ཉིད་ཁྲོ་ཆུར་གསལ་སྐབས་བཟའ་བཏུང་གང་ཡིན་དེ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ་བཟའ་འོ། །དེ་བས་རྒྱུན་དུ་ཅི་ཡང་མི་དགོས་མོད་ཀྱི། དམ་ཚིག་ཡིན་པས་ཉི་ཤུ་དགུ་ལ་དམར་གཏོར་གཅིག་ལ་དགྲ་བགེགས་བཀུག་གཞུག་བསྡུས་པ་སྤྱི་ལྟར་བྱས་ལ་བསྐུལ་མང་ཉུང་གང་འདོད་གཅིག་བཏོན་པས་གནོད་པའི་ཕྱོགས་སུ་ཕུལ་ལོ། །རྒྱུན་དུ་གཏོར་བསྔོས་ཀྱི་སྐབས་སུ་ཡི་དམ་རྣམས་ཀྱི་འོག །ཆོས་སྐྱོང་རྣམས་ཀྱི་གོང་དེར་ཁྲོ་ཆུའི་བསྙེན་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པར་བྱ། དེས་ཁྲོ་ཆུ་ཤིན་ཏུ་སྤྲོས་མེད་རྒྱུན་ཁྱེར་ཉམས་ལེན་སྲུང་ཟློག་ཐམས་ཅད་ཆ་ཚང་བ་སྟེ། ཟུར་མང་ནང་སོས་བསྐུལ་ནས་སྔགས་ནག་རཱ་ག་ཨ་སྱས་གབ་སྦས་སྤངས་ཏེ་བཀོད་པའོ། །སྤྱི༔ ཟབ་རྒྱ༔


CMR013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོ་ཆུ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས།next