Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་དཔལ་སྤྱི་གཤེད་པད་མ་ནག་པོའི་སྒྲུབ་ཐབས་ལས་མཐའ་དུག་གི་སོག་ལེ་ནག་པོའི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་དཔལ་སྤྱི་གཤེད་པད་མ་ནག་པོའི་སྒྲུབ་ཐབས་ལས་མཐའ་དུག་གི་སོག་ལེ་ནག་པོའི་ལོ་རྒྱུས།next

བཅོམ་ལྡན་འདས་འཇམ་དཔལ་སྤྱི་གཤེད་པད་མ་ནག་པོའི་སྒྲུབ་ཐབས་ལས་མཐའ་དུག་གི་སོག་ལེ་ནག་པོའི་ལོ་རྒྱུས།


CMR013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་སྤྱི་གཤེད་པད་མ་ནག་པོའི་སྒྲུབ་ཐབས་ལས་མཐའ་དུག་གི་སོག་ལེ་ནག་པོའི་ལོ་རྒྱུས་དང་ཡིན་ལུགས་བརྗོད་པ་བྷི་ཛ་ཧ་རཾ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔


CMR013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ནག་པོ་ལ་ན་མོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དུས་ཀྱི་ཐ་མ་ལ་ཡ་བནེ་དཔུང་ཆུང་དོན་དུ་ནི༔ པདྨ་བདག་གི་ཐུགས་བཅུད་ཕྱུངས༔ འཇམ་དཔལ་གཤིན་རྗེའི་ལས་མཐའ་བསྟན༔ དམ་ལྡན་རྣལ་འབྱོར་སྙིང་ལ་ཆོངས༔ དམ་མེད་ལག་ཏུ་མ་སྤེལ་ཅིག༔ ས་མ་ཡ༔ དེ་ལ་དང་པོ་ལྷ་སྒོམ་དང་སྒྲུབ་པ་དང་༔ སྲུང་མ་སྐུལ་བ་དང་༔ དགྲ་བགེགས་བསད་པ་དང་༔ སྲུང་བའི་འཁོར་ལོ་དང་༔ བསད་པའི་འཁོར་ལོ་དང་༔ ཇག་རྐུན་འཆིང་བ་དང་༔ དགྲ་བོ་བྱད་མ་མནན་པ་དང་༔ ལས་ཀྱི་མཐའ་


CMR013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སྦྱིན་སྲེག་དང་༔ ཕྲིན་ལས་ཁ་བསྒྱུར་བ་དང་བཅུའོ༔ དང་པོ་ལོ་རྒྱུས་ནི༔ སྔོན་འདས་པའི་དུས་ན་མུ་སྟེགས་ཀ་ལ་ཞེས་བྱ་བའི་འཁོར་དུ་མུ་སྟེགས་བརྒྱ་ཕྲག་ལྔ་ཙམ་གྱིས༔ ཐུབ་པའི་བསྟན་པ་སྣུབ་པའི་ཆེད་དུ་ངན་སྔགས་ཀྱིས་རྒྱ་གར་རྡོ་རྗེ་གདན་སོགས་འཇིག་པ་ལ་ཐུག་པའི་ཚེ༔ དུས་གསུམ་གྱི་སངས་རྒྱས་བཀའ་ཡི་བགྲོ་བ་མཛད་པ་ལས༔ འཇམ་དཔལ་ཁྲོ་ཆུ་དུག་གདོང་འདི་བྱད་ཁ་ཟློག་པ་ལ་མྱུར་བ་ལྟར༔ དགྲ་བགེགས་བསད་པ་ལ་མེ་ལྕེ་བས་ཚ༔ གློག་དམར་བས་མྱུར༔ ཐོག་མདའ་དང་འདྲ་སྟེ། གཤིན་རྗེ་འདི་བས་ལྷག་པའི་ལྷ་མེད་གསུངས་ནས་སྒྲོས་


CMR013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཛད༔ དེ་ཅིའི་ཕྱིར་ན༔ ལས་ཀྱི་གཤིན་རྗེ་ཡ་མ་ར་ཙའི་ལྟོ་བ་སྟོང་གསུམ་ཆེ་བའི་ནང་དུ་གཤིན་རྗེ་ཆོས་རྒྱལ་བཞུགས༔ གཤིན་རྗེ་ཆོས་རྒྱལ་གྱི་ལྟོ་བའི་ནང་དུ་གཤིན་རྗེ་ཁྲོ་ཆུ་བཞུགས་གཤིན་རྗེ་ཁྲོ་ཆུའི་ལྟོ་བའི་ནང་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དེར་ཆགས་པའོ༔ དེ་ནས་སྲིད་པ་གསུམ་ལ་གཤིན་རྗེ་བས༔ འདི་བས་ལྷག་པའི་ལྷ་མེད་པས་སྲིད་པ་གསུམ་སྟོང་གསུམ་སྟོང་པར་འདོད་ཀྱང་༔ ཁྲོ་ཆུ་ཁོ་རང་དབང་ཆེ་བས་བྱད་མ་མུ་སྟེགས་ཙམ་ལ་ལྟ་ཅི་སྨོས༔ ཞེས་གསུངས་སོ༔ དེར་རིགས་གསུམ་མགོན་པོས་དབང་བསྐུར༔ དུས་གསུམ་གྱི་སངས་རྒྱས་ཀྱི་སྤྱན་སྔར་ཁས་བླངས༔ ཁྲོ་ཆུ་ཞེས་པའི་མཚན་གསོལ༔ སློབ་དཔོན་པདྨས་དུག་གདོང་མངའ་གསོལ༔ གང་སྒྲུབ་བུ་བཞིན་སྐྱོང་༔ དེར་གནོད་པའི་དགྲ་བགེགས་སྒྲོལ་བར་ཞལ་གྱིས་བཞེས་པའི་ལྷ་ཡིན་ཏེ༔ ཡི་དམ་ཆོས་སྐྱོང་གང་ཡིན་ཀྱང་རྣལ་འབྱོར་པ་རང་ལ་རག་གསུངས༔ དེ་ནས་གཤིན་རྗེ་ཁྲོ་ཆུ་ལས་ལ་དགའ་སྟེ༔ ཞག་བདུན་གྱི་ཕྱིར་ནང་མུ་སྟེགས་ཀ་ལ་ནག་པོ་འཁོར་མུ་སྟེགས་བརྒྱ་ཕྲག་དང་བཅས་པ་ཁྲག་སྐྱུག་ནས་ཤིའོ༔ དེ་ནས་རྒྱ་གར་བྷ་ར་དྷ་ཛཱ་ཞེས་པའི་གནས་དེ་ཡི་ལྷོ་ཕྱོགས་དུར་ཁྲོད་གན་འཇང་


CMR013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པར༔ རིགས་གསུམ་མགོན་པོ་གཅིག་ཏུ་དྲིལ་བའི་གཤིན་རྗེ་ཐམས་ཅད་གཅིག་ཏུ་བསྒྱུར་ནས་ཁྲོ་ཆུའི་སྤྲུལ་པ་འགྱེད་དེ༔ ཕྱི་རབས་དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་ལ་འབྱུང་བའི་དུས༔ སྤྱིར་སངས་རྒྱས་བསྟན་པ་ལ་དགྲ་དར་ན༔ བླ་མ་ལ་ཁྱད་དུ་གསོད༔ མཆེད་གྲོགས་ནང་དམེ་བྱེད༔ སྔགས་པ་དགྲར་ལང་མང་༔ རྣལ་འབྱོར་པ་ལ་མི་རྩི་བའི་དགྲ་རྐུན་མང་༔ ཕྱུགས་ཀྱང་ནོར་ཟད་ལ་ཐུག༔ ནད་དང་ཤི་ཆད་མང་༔ ཐན་དང་ལྟས་ངན་མང་དུ་བྱུང་བ་དང་་ཁྲོ་ཆུ་དུག་གདོང་མ་གཏོགས་ལྷ་གང་ལ་ཡང་འདུལ་བའི་སྐལ་པ་མེད༔ ༈ ཕྱི་མའི་དུས་ཀྱི་ཚེ་ལའང་ལས་མཁན་རྣམས་རང་དབང་ཆེ་བས་ཁྲོ་ཆུའི་རྣལ་འབྱོར་པ་ཕེབས་བྱུང་བས་ལས་མཁན་རྣམས་ལ་ཕྱག་གྱིས་ཤིག༔ ཞེས་ཆོས་རྒྱལ་གྱི་ཞལ་ནས་གསུངས་སོ༔ ༈ ད་ལྟ་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ཏུ་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང་དུ་བཞུགས་ཀྱང་༔ འཇིག་རྟེན་འདིར་ཉིན་རེ་བཞིན་དུ་ལེགས་ཉེས་ཐམས་ཅད་རྩིས་ལ་འདེབས་པ་དང་༔ རྣལ་འབྱོར་གྱི་རྟགས་དང་དྲོད་ཚད་ཉུལ་བ་དང་༔ སྒྲུབ་པའི་ཚོགས་ཁང་ཐམས་ཅད་འགྲིམ་པ་ཡིན་པས་ཁྲོ་ཆུ་སྒྲུབ་ཐག་ཉེ་བ་ཡིན་ནོ༔ སྔགས་པ་ནང་འགྲས་


CMR013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནའང་ཕ་རོལ་གྱི་ལྷ་གང་བསྒྲུབས་ཐམས་ཅད་ཚུར་རང་གི་སྲུང་མར་བསྐོས་ཏེ༔ བྱད་མའི་གཤེད་དུ་ཕབ་ནུས་པའི་སྟོབས་ཡོད་ངེས་པས་གཞན་ལས་ལྷག་པའི་ལྷ་གཤིན་རྗེ་ཡིན་ནོ། ཁྱད་པར་མུ་སྟེགས་དང་ཐོན་ལ་མྱུར༔ དེ་ནས་ཡིན་ལུགས་བརྗོད་པ་ནི་དབུའི་མཆོད་རྟེན་གསུམ་གྱི་ནང་དུ་ནི་དུས་གསུམ་གྱི་སངས་རྒྱས་བཞུགས༔ དབུ་གསུམ་རིགས་གསུམ་གྱི་མགོན་པོ༔ དབུ་རྒྱན་ཐོད་སྐམ་ལྔ་ནི་རྒྱལ་བ་རིགས་ལྔ༔ ཐུགས་ཀ་ན་འཇམ་དཔལ་རིགས་ལྡ༔ ཕྱི་རོལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ནང་དུ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཡོད་པའི་ལྷ་མ་ཚང་བ་མེད་པ༔ རྫུ་འཕྲུལ་རྣོ་མྱུར་དྲག་རྩལ་དང་ལྡན་པ་དེ་ལྟ་བུའོ༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པའི་བསོད་ནམས་བས་ཀྱང་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལ་ལན་གཅིག་མཆོད་པ་བསོད་ནམས་ཆེའོ༔ ཞེས་སློབ་དཔོན་པདྨས་གསུངས་སོ། དེ་ལྟར་མཚན་ནས་བརྗོད་པ་དང་༔ བསྐུལ་པ་དང་གཡབ་མོས་ཀྱང་དགྲ་བགེགས་ཕྲན་བུ་ཙམ་ལ་ཅི་སྨོས༔ དེ་གང་ཞེ་ན་སངས་རྒྱས་སྟོང་རྩ་གཉིས་ཀྱི་མཐུ་སྟོབས་ཁྲོ་ཆུ་དུག་གདོང་ལ་


CMR013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་ནས་དབང་བསྐུར༔ ལྷ་འདྲེ་མི་གསུམ་གྱི་དང་བན་བོན་བརྒྱ༔ བྱད་མ་ལྷ་སྲུང་འབུམ་ཕྲག་ཙམ་ཡང་ཞག་བདུན་ནས་བརླག་པར་ཁས་བླངས༔ དགྲ་བགེགས་བྱད་མ་ལྷ་ཚངས་པའི་ཚེ་དང་ལྡན་པ་ཡང་ཞག་གསུམ་ནས་ཁ་ནས་ཁྲག་སྐྱུག་ནས་གྲིར་གསོད་པར་ཞལ་གྱིས་བཞེས་ནས་རྡོ་རྗེའི་ཐ་ཚིག་བཞག༔ དགྲ་བགེགས་བྱད་མའི་མཐུ་དང་ནུས་པ་ཆེ་བ་དང་༔ སྲུང་ཟློག་མང་ཡང་ལོག་སྡུག་འཁྱམས་གསུམ་མེད་པར་ཕྲིན་ལས་བཅོལ་ནས་སྤྱི་གཤེད་ཡ་མ་ནག་པོར་གྲགས་ཏེ༔ དེ་ལྟར་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས་ལྷག་པའི་ལྷ་མེད་པར་སློབ་དཔོན་པདྨས་གསུངས་སོ༔ སྒྲུབ་ཐབས་ལོ་རྒྱུས་ཀྱི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ དེ་ནས་ལྷ་བྷྱོ་པའི་རིམ་པ་ནི༔ རང་རྟོགས་པ་མཐོ་ཞིང་ཡི་དམ་གྱི་བསྙེན་སྒྲུབ་ཚད་ལྡན་སྐྱེལ་བའི་རྣལ་འབྱོར་པ་ཡིན་ན༔ རང་ཡི་དམ་གསལ་བའི་མདུན་དུ་ཆོས་སྐྱོང་བའི་ཚུལ་དུ་ཁྲོ་ཆུ་དུག་གདོང་གཞུང་ལྟར་བསྐྱེད༔ བར་དུ་བྲུབ་ཁུང་དགྲ་བགེགས་བསྐྱེད༔ ཅི་བཅོལ་སྒྲུབ་པར་ཁས་བླངས་པར་བསམ༔ དེ་ལྟར་སྒྲུབ་པའི་ཐུན་མཚམས་སུ་གཏོར་མ་འབུལ་བ་དང་སྲུང་མ་བསྐུལ་ལོ༔ ཕྲིན་ལས་གང་བྱེད་ཀྱང་གཞུང་དང་མཐུན་ནོ༔ རང་རྟོགས་པ་


CMR013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དམའ་བ་དང་ཡི་དམ་གཞན་གྱི་ཁོག་མི་ཕུབ་ན༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཁྲོ་ཆུ་དུག་གདོང་བསྐྱེད༔ དབུ་གསུམ་གྱི་སྟེང་དུ་རིགས་གསུམ་མགོན་པོ་བསྐྱེད༔ མདུན་དུ་བཀའ་སྲུང་གཟའ་བདུད་མཁའ་འགྲོ་དུག་ཏི་ནག་པོ༔ བདུད་པོ་ལྕམ་དྲལ༔ ཡ་མ་རཱ་ཙ་རྣམས་བསྐྱེད༔ བར་དུ་བྲུབ་ཁུང་དགྲ་བགེགས་བསྐྱེད༔ ཡ་མ་རཱ་ཙ་ལས་མཁན་དུ་བསམ༔ བཀའ་སྲུང་རྣམས་ཀྱིས་ཅི་སྒྲུབ་པར་ཁས་བླངས་པར་བསམ་ལ་ཐུན་མཚམས་སུ་གཏོར་མ་འབུལ༔ ཕྲིན་ལས་གང་བྱེད་ཀྱང་གཞུང་དང་མཐུན་ནོ༔ ལྷ་སྒོམ་པའི་རིམ་པ་སྟེ་གཉིས་པའོ༔ ས་མ་ཡ༔ རྒནཉམྦུ༔ དེ་ནས་སྒྲུབ་པ་བྱ་བའི་རིམ་པ་ནི༔ དཀྱིལ་འཁོར་མདའ་གང་ཙམ་ལ་མཎྜལ་གྲུ་བཞི་བྱས་ཏེ༔ དུག་ཁྲག་དང་རོ་སོལ་གྱིས་ནག་པོར་བྱུག༔ ཆོས་འབྱུང་གྲུ་གསུམ་བསྣོལ་མ་བྲིས་པའི་དབུས་སུ་པདྨ་འདབ་དྲུག་བྱ་འདབ་དྲུག་དབུས་དང་བདུན་དུ༔ འབྲུ་ནག་གི་གཏོར་མ་ལ་ཤ་ཁྲག་དང་ཐུན་རྫས་སྣ་ཚོགས་ཀྱིས་བརྒྱན་པ་བཤམས༔ སྟེང་དུ་ཨོཾ་བཙུགས༔ སྣོད་དུ་སྒྲུབ་གཏོར་རིན་ཆེན་འབར་བ་བཤམས༔ དེའི་གཡས་གཡོན་དཀྱིལ་གསུམ་དུ་སྲུང་ཟློག་བསད་གསུམ་གྱི་སྔགས་བཞུགས་སོ༔ ལོགས་སུ་གཏོར་ཟློག་གཞུང་


CMR013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཅས་ལ་བཞག་གོ༔ གཏོར་ཟློག་འོག་ཏུ་དགྲ་བོ་བྱད་མའི་ལིང་ག་དཔེའུ་རིས་ལྟར༔ གང་བྱེད་པ་ལྟར་བྲིས་ལ༔ གཟུ་དཔང་བཀུག་གཞུག་ལྷ་དབྱེ་སོགས་བྱས་ལ་བཞག་གོ༔ དེ་ནས་སྨན་རཀ་གཏོར་གསུམ་མཆོད་པ་སོགས་དང་༔ ཁྱད་པར་ཁྲག་གི་ཡོན་ཆབ༔ དབང་པོ་ལྔ་ཡི་མེ་ཏོག༔ ཚིལ་ཆེན་གྱི་བདུག་སྤོས༔ ཞུན་ཆེན་གྱི་སྣང་གསལ༔ མཁྲིས་པའི་དྲི་ཆབ༔ ཤ་ཁྲག་གི་ཞལ་ཟས༔ རྔ་གླིང་རོལ་མོ་ལ་སོགས་དྲག་པོའི་རོལ་ཆས་དང་ལྡན༔ སྟ་གོན་བྱས་ལ༔ ཨོཾ༔ གསང་སྒྲུབ་ཀྱི་མཆོད་གཞུང་གབ་པ་སྡེ་དགུའི་དམག་གི་གད་རྒྱང་ནག་པོ་བཞུགས་སོ༔ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་སོགས་སྔོན་འགྲོ་གཞུང་ལྟར་ལས༔ ཨོཾ་སྭ་བྷ་ཝ་ཤུདྡྷསོགས། དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ མདུན་དུ་ཆོས་འབྱུང་དམར་ནག་གྲུ་གསུམ་བསྣོལ་མ་དང་བྱད་མ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ༔ སྐད་ཅིག་གིས་བརྫུས་སྐྱེས་སུ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་སྐུ་མདོག་དམར་ནག་མེ་ལྟར་འབར་བ༔ ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་ལྗང་བ༔ གཡོན་དམར་བ་དབུས་མཐིང་ནག་ཏུ་འབར་བ༔ སྤྱན་དགུ་སྡང་མིག་བགེགས་ལ་གཟིར་བ༔ ཞལ་གདངས་བ་


CMR013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་འདྲིལ་བ་མཆེ་བ་ཟངས་ཡག་ཏུ་གཙིགས་པ་དབུ་གསུམ་གྱི་སྟེང་དུ་དུག་ལྕགས་ཁྲོ་ཆུའི་མཆོད་རྟེན་གསུམ་དང་ལྡན་པ་སྟེ༔ སྲིད་པའི་རྩེ་མོར་སླེབ་པ༔ ཕྱག་དྲུག་གཡས་གསུམ་གྱིས་དགྲ་སྣ་ནམ་མཁའ་ལ་ཕྱར་བ་སྣང་སྲིད་ཀྱི་ལྷ་འདྲེ་བསྔང་བར་བྱེད་པ༔ གཡོན་གསུམ་གྱིས་དགྲ་བགེགས་བྱད་མའི་ཙིཏྟ་བསྣམས་པས་དགྲ་བོ་བྱད་མའི་ཤ་ཁྲག་གསོལ་བ༔ སྤུ་གྲི་གཡས་སུ་གདེངས་བས་བྱད་མ་ཕོ་རྒྱུད་རྩད་ནས་གཅོད་པ༔ རལ་གྲིའི་གཤོག་པ་གཡོན་དུ་བསྐྱངས་པས་དགྲ་བོ་མོ་རྒྱུད་རྡུལ་དུ་བརླགས་པ༔ སྐུ་སྐེད་ཕོ་མཚན་ཆུ་སྲིན་གྱི་ཁ་གདངས་བས་སྐྱེ་འགྲོའི་ཚེ་སྲོག་གཅོད་པར་བྱེད་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་སྦྲུལ་ནག་གི་ཆུན་པོའི་རྒྱན་པ་ལ་དུག་ཁྲག་གི་ངར་དང་ལྡན་པ་ཡིས་དགྲ་བོ་བྱད་མ་ལྷ་སྲུང་གི་སྙིང་ལ་གཟིར་བ༔ སྐུ་སྟོད་གླང་ཆེན་གྱི་ཀོ་བས་གཡོགས་ཤིང་༔ ཞིང་ཆེན་པགས་པས་སྐེད་དཀྲིས་ཤིང་སྦྲུལ་ནག་གིས་བརྒྱན་པས་ཁྲོ་ཆས་ཡོངས་སུ་རྫོགས་པ༔ མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་ཞིང་༔ རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་འཕྱང་བ༔ བ་སྤུ་བུ་ག་ཐམས་ཅད་ནས་རང་འདྲ་བའི་ཁྲོ་ཆུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་


CMR013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བ༔ ཤིན་ཏུ་འཇིགས་པའི་ཉམས་དང་ལྡན་པ༔ དུག་རླངས་མེ་རི་འབར་བའི་ཀློང་དཀྱིལ་ན་བཞེངས་པའོ༔ ཆོས་འབྱུང་ཟུར་དྲུག་རྩིབས་དྲུག་གི་སྟེང་དུ༔ མདུན་དུ་ཆོས་འབྱུང་ལ་དགྲ་བགེགས་བྱད་མའི་སྟེང་དུ༔ འཆི་བདག་ནག་པོ༔ གཡས་སུ་ཆོས་འབྱུང་ཟུར་གཉིས་ལ་ཚེ་བདག་ནག་པོ་བྷེ་ཝ་ས་ཏ༔ གཡོན་དུ་ཆོས་འབྱུང་ཟུར་གཉིས་ལ་སྲོག་བདག་ནག་པོ་ཟ་བ་ལྗང་ནག༔ དེ་ལྔ་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་དགྲ་སྟ་ཙིཏྟ་བསྣམས་པ༔ རྒྱབ་ཏུ་ཆོས་འབྱུང་གི་རྩིབས་སྟེང་དུ་ཡ་མ་རཱ་ཙ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཆུ་སྲིན་སེངྒེ་ཕག་རྒོད་དབུ་ཅན༔ སྤྱན་དགུ་བར་སྣང་ལ་གཟིགས་པ་སྡེ་བརྒྱད་ལས་ལ་བསྐུལ་བ༔ ཡ་ཁ་གནམ་དུ་གདངས་ཤིང་མ་ཁ་ས་ལ་སླེབས་པ༔ མཆེ་བ་བཅུ་གཉིས་གངས་རི་ལྟ་བུར་གཙིགས་ཤིང་ལྗགས་གསུམ་བར་སྣང་གི་ཁམས་སུ་བསྐྱངས་བས་དགྲ་བོ་ཟས་སུ་ཟ་བ༔ འཇིགས་པའི་གཟུགས་ཅན་དྲག་པོའི་ཆ་ལུགས་དང་ལྡན་པའོ༔ ཀུན་ཀྱང་སྐུ་སྨད་ཁྲོ་ཆུའི་ཕུར་པ་ཟུར་གསུམ་རྣོ་ངར་དང་ལྡན་པ༔ སྐེད་པ་ཆུ་སྲིན་གྱི་ཞལ་གདངས་བས་དགྲ་བོའི་སྲོག་གཅོད་པ༔ སྤུ་གྲི་རལ་གྲིའི་


CMR013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་པ་བར་སྣང་གི་ཁམས་སུ་བསྐྱངས་བ༔ ཁྲོ་ཆས་ཡོངས་སུ་རྫོགས་པར་གསལ་བའི་འཁོར་དུ་ལས་གཤིན་བྱེ་བ་ས་ཡ་དགྲ་ལ་རྔམ་པ༔ བགེགས་ལ་འཇིགས་པ་རྫུ་འཕྲུལ་མཐུ་སྟོབས་དང་ལྡན་པའོ༔ དེའི་མདུན་དུ་བཀའ་གཉན་སྲུང་སྡོད་ལ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་དབུ་དགུ་པ༔ རྩ་ཞལ་དམར་ནག་གཟའ་བདུད་དངོས་དང་མགོ་བརྒྱད་སྡེ་བརྒྱད་ཀྱི་མགོ་ས༔ དབུ་དགུ་བྱ་རོག་མགོ་ཡིས་བསྟན་པ་སྲུང་བའོ༔ ཕྱག་བཞི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ་གཞུ༔ འོག་མ་གཉིས་ཀྱིས་རལ་གྲི་དང་སྦྲུལ་ཞག་འཛིན་པའོ༔ མགོ་ལུས་ཐམས་ཅད་མིག་གིས་གང་བ༔ ལྟོ་བ་སྲིད་གསུམ་ཤར་ནས་ཟ་བའི་ཁ་ཆེའོ༔ སྐུ་སྨད་སྦྲུལ་འཇུག་རྒྱལ་མཚོ་དཀྲུགས་པས་ཀླུ་དང་ས་བདག་ལས་ལ་འཁོལ་བ༔ སྐུ་སྟོད་ནམ་མཁའི་དབྱིངས་སུ་འདུག་པས་ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད་པ་་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པར་བསྐྱེད༔ དེའི་མདུན་དུ་ཡུམ་གཏུམ་མོ་དུག་ཧྲུལ་མ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ༔ ཕྱག་གཡས་ལྕགས་ཀྱུ་ནམ་མཁར་ཕྱར་


CMR013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ གཡོན་པའི་ཞགས་པས་དགྲ་བགེགས་ཆིངས་བར་བྱེད་པ༔ རེ་ལྡེ་ནག་པོའི་ན་བཟའ་དང་རྨ་བྱའི་མདོངས་ཀྱིས་དབུ་གཙུག་བརྒྱན་པ༔ ཞིང་ཆེན་གསར་པའི་ཤམ་ཐབས་ལ་སྦྲུལ་ནག་གི་སྐུ་རེགས་བཅིངས་བ༔ ཞབས་གཉིས་གར་ཐབས་སུ་དགྲ་བགེགས་རུ་ཏྲའི་གདན་ལ་བཞུགས་པ༔ དེའི་མདུན་དུ་སྲོག་བདག་སྔགས་པ་སྡེ་དྲུག༔ བཀའ་སྲུང་བདུད་པོ་ལྕམ་དྲལ༔ དམ་ཅན་གཤིན་རྗེའི་ལྕམ་མོ་མ་གཅིག་ལྷ་མོ་དུད་པའི་སོལ་བ་མོ༔ ཡང་འཁོར་དྲེགས་པ་སྡེ་བརྒྱད་དང་བཅས་པ་གསལ་བར་གྱུར༔ གཙོ་བོའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་དང་ཡཱ་ཡིག་དམར་ནག་ལས་འོད་ཟེར་འཕྲོས་པས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལས་ཀྱི་གཤིན་རྗེའི་ཞིང་ཁམས༔ འབྱུང་བ་ཚ་གྲངས་འཁྲུགས་པའི་ཕོ་བྲང་ནས་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ནག་པོ༔ འཁོར་ལས་གཤིན་དང་ཕོ་ཉ་བཀའ་སྲུང་སྡེ་བརྒྱད་དང་བཅས་པ་ཐམས་ཅད་དགྲ་བོ་བྱད་མ་བསྒྲལ་ཕྱིར་སྐད་ཅིག་ཙམ་གྱིས་དྲག་པོའི་ལས་ལ་གནས་འདི་རུ་སྤྱན་དྲངས་པར་གྱུར༔ ཅེས་བསྐྱེད་པ་ལྟར་དམིགས་པ་གསལ་བཏབ་ལ༔ རྔ་གླིང་རོལ་མོའི་དབྱངས་དང་བཅས་པས་སྤྱན་དྲངས་ཤིང་དྲག་ཏུ་འདི་བརྗོད་དོ༔


CMR013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཡ་བྷྱོ༔ དད་པ་དང་ནི་དམ་ཚིག་གི༔ ཚུར་གཤེགས་ཚུར་བྱོན་ལས་ཀྱི་གཤིན་རྗེའི་ཚོགས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས༔ སྲོག་ལ་རྔམས་པའི་གཤིན་རྗེ་ནག་པོ་ནི༔ ཁྲོ་ཆུ་དུག་གདོང་དགྲ་བགེགས་བྱད་མའི་གཤེད་མ་གཡེལ་མ་འདའ་རིགས་གསུམ་སྤྲུལ་པའི་ལྷ་་་་རྣལ་འབྱོར་བདག་གི་གདུང་བས་འབོད་ལགས་ན༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཚེ་བདག་འཆི་བདག་སྲོག་བདག་གཅིག་བསྡུས་པ་རྫུ་འཕྲུལ་དྲག་རྩལ་ཐོགས་མེད་གཤིན་རྗེའི་གཤེད༔ གཞན་གྱི་དོ་ཟླ་མེད་པའི་མཐུ་སྟོབས་ཅན༔ དྲག་པོའི་ལས་ལ་ཐོགས་མེད་གཤེགས་སུ་གསོལ༔ ཡ་མ་རཱ་ཙ་འཆར་ཁ་ཆོས་ཀྱི་རྒྱལ༔ ཨརྱ་མེ་རུ་རལ་པ་ཚལ་དགུ་དང་༔ འཇོམས་བྱེད་ཁ་ཐུན་ཀིང་ཀང་དམར་ནག་སོགས༔ ཐམས་ཅད་གཅིག་བསྡུས་དུག་གདོང་གནས་འདིར་གཤེགས༔ སངས་རྒྱས་སྟོང་རྩ་མཐུ་སྟོབས་དབང་བསྐུར་ནས༔ ལྷ་འདྲེ་མི་གསུམ་བན་བོན་མཐུ་ཆེན་དང་༔ གཏད་མཁན་སྟོང་དང་སྔགས་པ་ནང་རྒྱས་སོགས༔ དགྲ་བགེགས་བྱད་མ་བསྒྲལ་བར་ཁས་བླངས་པའི་སྤྱི་གཤེད་ཡ་མ་ནག་པོ་གཤེགས་སུ་གསོལ༔ ལས་གཤིན་


CMR013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་མོན་བཞི་བདུད་པོ་བཞི༔ གཤིན་ཆེན་སྡེ་བཞི་འཆི་བདག་བཅུ་གཉིས་དང་༔ ཕོ་གཤེད་མོ་གཤེད་མོན་པ་ཕོ་མོ་སོགས༔ དུག་གསུམ་ལས་ལ་གྲུབ་པའི་གཤིན་རྗེ་གསུམ༔ རུ་ཏྲ་སྡེ་བཞི་དང་བཅས་གཤེགས་སུ་གསོལ༔ རིགས་གསུམ་འདུས་པ་རྔ་ཐོགས་སྟོང་གི་ལྷ༔ བྱད་མ་འབུམ་གྱི་སྲོག་གཅོད་སྤུ་གྲི་ས༔ སྔོན་གྱི་ཁས་བླངས་དམ་བཅའ་དྲན་མཛོད་ལ༔ དགྲ་བགེགས་བྱད་མ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཕྱི་ནང་མཆོད་པ་འབུལ་ཕྱིར་གཤེགས་སུ་གསོལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་གཤེགས་སུ་གསོལ༔ སྲེག་བླུགས་ཞལ་ཟས་འབུལ་ཕྱིར་གཤེགས་སུ་གསོལ༔ བཀའ་ཡི་གཏོར་མ་ལེན་ཕྱིར་གཤེགས་སུ་གསོལ༔ བྱད་དང་དྲོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ༔ ཆག་ཆེན་ཉམ་ང་བཟློག་ཕྱིར་གཤེགས་སུ་གསོལ༔ རྐྱེན་ངན་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བདག་གིས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ བྷྱོ་ཡ་ཛཿ དུག་གདོང་སྦྱོར་ཡུམ་གཏུམ་མོ་དུག་ཏི་མ༔ མ་གཅིག་ལྷ་མོ་མཁའ་འགྲོའི་ཚོགས་བཅས་དང་༔ འཇམ་དཔལ་


CMR013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུ་དུག་གདོང་བཀའ་བྱུང་གིས༔ མ་ཐོགས་མྱུར་བར་གནས་འདིར་གཤེགས་སུ་གསོལ༔ བཀའ་སྲུང་གཟའ་བདུད་ཆེན་པོ་གཤེགས་སུ་གསོལ༔ ཕོ་ཉ་སྔགས་པ་སྡེ་དྲུག་གཤེགས་སུ་གསོལ་་་གཏེར་སྲུང་བདུད་པོ་ལྕམ་དྲལ་གཤེགས་སུ་གསོལ༔ ཡང་འཁོར་དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀཿ ཡ་མ་རཱ་ཙ་ཀཱ་ལ་རུ་པ་དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་ཏི་ཀ་ལ་རུ་པ་ཨ་ཀྲོ་ར་ཙ་ཡ་མ་རཱ་ཙ་ཀ་ལ་ས་མ་ཡ་ཛ་ཛཿ ཛཧཱུྃ་བཾ་ཧོཿ ཨོཾ་མ་མ་ཏྲག་རཀྵ་བྷྱོ་ཛཿ ཀེ་ཏ་རཱ་ཧུ་ལ༔ དུ་ཏྲི་ཤུ་ཏྲི་ཤུ་ལ་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན༔ བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་བཀའ་སྲུང་དང་བཅས་ཏེ་མྱུར་དུ་བྱོན་པར་བསམས་ལ༔ བྷྱོ་ཡ༔ ཆོས་འབྱུང་དམར་ནག་པད་ཉི་རུ་ཏྲ་དང་༔ དགྲ་བགེགས་བྱད་མ་བསྒྲལ་བའི་བམ་གྱི་སྟེང་༔ ཁྲོ་ཆུ་དུག་གདོང་ལས་གཤིན་བཀའ་འཁོར་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་ཏི་ཀ་ལ་རུ་པ་ཨ་ཀྲོ་ར་ཙ་ཡ་མ་རཱ་ཙ་ཀ་ལ་ས་མ་ཡ་ཏིཥྛ་ལྷན༔ དཀྱིལ་འཁོར་དང་གཏོར་མ་དབྱེར་མེད་པར་བཞུགས་པར་བྷེ༔ བྷྱོ་ཡ༔ རིགས་གསུམ་སྤྲུལ་པའི་འཇམ་དཔལ་གཤིན་རྗེ་


CMR013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད༔ ཁྲོ་ཆུ་དུག་གདོང་འཁོར་བཅས་ལ༔ རྣལ་འབྱོར་བདག་གི་ལུས་ངག་གིས༔ རྩེ་གཅིག་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ་ཏི་ཀ་ལ་རུ་པ་ཨ་ཀྲོ་ར་ཙ་ཡ་མ་རཱ་ཙ་ཀ་ལ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ བྷྱོ་ཡ༔ འཇམ་དཔལ་ཁྲོས་པའི་ལྷ་ཚོགས་གཤིན་རྗེའི་གཤེད༔ ཁྱོད་ལ་མཆོད་འབུལ་དམ་རྫས་ནི༔ དགྲ་བགེགས་བྱད་མ་རྣམས་ནི་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་ཡོན་ཆབ་དམ་པ་འདི༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་༔ ཞུན་ཆེན་སྣང་གསལ་མཁྲིས་པའི་དྲི་མཆོག་དང་༔ ཤ་ཁྲག་ཞལ་ཟས་རྐང་གླིང་རྔ་སྒྲ་དང་༔ སྨན་གཏོར་རཀྟ་དགྲ་བགེགས་བླ་ཚེ་དང་༔ ཁ་རྗེ་དབང་ཐང་སྟོབས་དང་ནུས་མཐུ་བཅས༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ དུ་ཏྲི་ཡ་མ་སོགས༔ ས་མ་ཡ་ཨངྒྷཾ་སོགས་ཤབྟ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད་པའོ༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ བྱིན་རླབས་ནུས་མཐུ་དཔག་མེད་ཀྱི༔ དྲེགས་པ་ལྷ་སྲིན་རྣམས་ཀྱིས་ཀྱང་༔ མཐུ་


CMR013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཚུར་འདུས་བདག་ལ་ཐིམ༔ དགྲ་བགེགས་བྱད་མ་བསྒྲལ་བ་དང་༔ གང་ལ་དམིགས་པ་ལས་འགྲུབ་གྱུར༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཀ་ལ་རུ་པ་ཧཱུྃ་ཕཊ༔ ཅེས་བཟླས་སོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྐམལཉྩནང༔ ཅེས་བཟླས་པའི་དམིགས་རིམ་ནི༔ རང་གི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་ཡ་ཡིག་དམར་ནག་གི་མཐའ་བསྐོར་དུ་སྔགས་ཕྲེང་གཡས་སུ་བསྐོར་བར་རྒྱུན་ཆད་མེད་པར་འཁོར་བར་བསམ༔ དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ནས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད༔ དེ་རྣམས་ཀྱི་བྱིན་རླབས་དང་འོད་ཟེར་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་བྱད་དང་སྡིག་སྒྲིབ་བག་ཆག་སྦྱངས༔ འོད་ཟེར་ཚུར་འདུས་བདག་ཉིད་ལ་ཐིམ་པས་འགྲོ་བ་སེམས་ཅན་ཚེ་དང་བསོད་ནམས་ལྷ་སྲིན་སྡེ་བརྒྱད་ཀྱི་མཐུ་དང་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་པ་བཞིན་འུབ་ཀྱིས་བསྡུས་ནས་བདག་ལ་ཐིམ་པར་བྷྱོ་ལ་སྔགས་ཅི་ནུས་བཟླས་པར་བྱའོ༔ དུ་ཏྲི་ཡ་མ་ར་ཙ༔ ཡ་མ་རཀྵ་སོགས༔ ཞེས་བཟླའོ༔ ཡང་བདག་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་མདུན་བསྐྱེད་ཞལ་དུ་ཞུགས༔ ཐུགས་ཀ་ནས་ཕྱིར་ཐོན་རང་གི་ཐུགས་ཀར་ཐིམ༔ ཡང་བདག་བསྐྱེད་ཀྱི་ཞལ་ནས་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱིར་ཐོན་ཏེ་བདག་བསྐྱེད་ཐུགས་ཀར་ཐིམ༔ དེ་ལྟ་བུའི་སྔགས་ཕྲེང་རྒྱུན་ཆད་མེད་པར་འཁོར་བར་བྷེ་ལ་བཟླའོ༔ བདག་མདུན་བར་དུ་འཁོར་ཚེ་མེ་དཔུང་ཚྭ་ཚྭའི་


CMR013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཔག་ཏུ་མེད་པར་འཁོར་བས་དགྲ་བགེགས་བྱད་མ་གནོད་བྱེད་ཐམས་ཅད་བསད་བཅད་གཏུབ་ནས་རྡུལ་དུ་བརླག་པར་བསྒོམས་ལ་བཟླས༔ རྒྱུན་ཆད་མེད་པར༔ སྐུ་གསུང་ཐུགས་ལ་ཁྲི་ཕྲག་གསུམ་བསྒྲུབ་པའི་ཚད་ལ་འབུམ་ཕྲག་གཅིག་ཐོས་པ་ཙམ་གྱིས་ཀྱང་༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱང་༔ ལས་ལ་འཁོར་བར་ཐེ་ཚོམ་མེད༔ དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དེ་ལྟར་རང་གི་གནས་གསུམ་དུ་ཐིམ་པ་ལས༔ ཁྲོ་ཆུ་དཀར་དམར་མཐིང་གསུམ་དུ་གྱུར་པར་བྷྱོ་ལ༔ དངོས་གྲུབ་བླང་བའི་སྒོམ་བཟླས་ཏེ༔ དུ་ཏྲི་ཡ་མ་ར་ཙ༔ ཡ་སོགས་ས་མ་ཡ་ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་སརྦ་སིདྡྷི་ཧཱུྃ༔ ཞེས་དབང་དང་དངོས་གྲུབ་དཔག་ཏུ་མེད་པར་ཐོབ་པར་བསྒོམ༔ དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བཟླའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨོཾ༔ དེ་ནས་ལས་སྦྱོར་དུས་ཀྱི་བཟླས་པ་ནི༔ ལིངྒ་ལ་བཀུག་གཞུག་གསུམ་བྱས་ལ༔ དུ་ཏྲི་ཡ་མ་ར་ཙ༔ ཡ་མ་རཀྵ༔ ཀ་ལ་རུ་པ༔ ས་མ་ཡ་རཀྵ༔ ཡཀྵེ་ཡ་ཙ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་དགྲ་བོ་བྱད་མའི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་པོ་གར་གནས་ཀྱང་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བཛྲ་ཡ་མ་ར་ཙ་བྷིཧཱ་ས་མ་ཡ༔ ཀ་ལ་རུ་པ༔ དགྲ་བོའི་མིང་ལ་ཁུག་ཅིག༔ མྱོགས་


CMR013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཁུག་ཅིག༔ བླ་ཤ་རེ་མ་ཏི་འགྲིམ༔ ཏྲི་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཏྲི་ཏིལ་ཐཾ་ཧྲཱིཿལ་ཛཿ ཏྲི་ཨ་ཀར་ཡ་ཛཿ ཏྲེ་ཨ་ཝེ་ཤ་ཡ་ཛཿ སརྦ་ཏྲི་མཱ་ར་ཡ་ཛཿ ཞེས་ཐུན་མཚམས་སུ་དེ་ལ་བདུན་གསུམ་རེ་བཟླས་པའི་དམིགས་པས་གཟིར་བར་བྱས་ཏེ་མཚམས་སུ་ཐུན་གཏོར་འབུལ་བ་ནི༔ ཞང་ཁྲོམ་ཕྱག་ལེན་ནོ༔ བསྙེན་འགྲུབ་ཀྱི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ ཉནགྷག་ཏུ༔ དེ་ནས་སྒྲུབ་པའི་སྒབ་འདྲེ་མནན་པར་བ་བྱ་བ་ནི༔ བསྙེན་སྒྲུབ་ཀྱི་ཐུན་མཚམས་སུ་སྒབ་འདྲེ་དཔེའུ་རིས་ལྟར་བྲིས་ལ༔ བདེན་བདར་བཀུག་གཞུག་བྱས་ཏེ་སྒྲུབ་ཁང་གི་ཕྱི་རོལ་མཚམས་ཐོའི་འོག་གམ་བྱང་ཤར་དུ་མནན་ནོ༔ ཁྱད་པར་ཁྲོ་ཆུའི་འཁོར་དུ་ཡི་དྭགས་མང་བའི་ཕྱིར༔ འགྲུབ་ན་ནོར་དབུལ་པོར་འགྱུར་དོགས་པས༔ སྒབ་འདྲེ་བསེ་རག་མནན་པ་གལ་ཆེའོ༔ ཕཊ༔ མདུན་དུ་ཨེ་ཏྲི་ནག་པོ་ཡོངས་སུ་གྱུར་པ་ལས༔ གནོད་བྱེད་སྒབ་འདྲེ་གླ་བའི་མགོ་ཅན་སྙིང་ཁར་ཏྲི་ནག་པོའི་མཚན༔ བདེན་བདར་བརྗོད༔ འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོ་འཁོར་དང་བཅས་པའི་བདེན་པས་གནོད་བྱེད་སྒབ་འདྲེ་བསེ་རག་དཀོར་རྐུན་ཐམས་ཅད་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ ཛཧཱུྃ་བཾ་ཧོཿ དུ་ཏྲི་ཡ་མ་ར་ཙ་སོགས་སྔགས་ཤམ་དུ༔ ཨོཾ་རྦད་རྦད་ཎི་ཏྲི་ནི་ཧཱུྃ༔ ཡཀྵ་ཤུདྡྷེ་དམ་ཛཿ ཏྲི་ཛ་ཁུག་ཛ་ཆིངས་ཛ་དམ་ལ་


CMR013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཤིག་སྭཱ་ཧཱ༔ ཞེས་བཀུག་གཞུག་ལན་གསུམ་བྱས་ལ༔ ཐུན་མཚམས་དགུ་བར་གཟིར་བར་བྱས་ལ༔ དེ་ནས་མནན་པའི་དུས་སུ་གཤིན་རྗེའི་ང་རྒྱལ་དང་ལྡན་པས་དོང་གྲུ་གསུམ་བསྐོས་ལ་དེའི་ནང་དུ་ལིང་ག་ཁ་ཐུན་དུ་བསྟན་ལ་གནོན༔ དེའི་དུས་སུ༔ དུ་ཏྲི་ཡ་མ་ར་ཙ་སོགས། རྩ་སྔགས་ཤམ་དུ༔ ས་མ་ཡ་ཛ་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་སྒབ་འདྲེ་བསེ་རག་དཀོར་རྐུན་ཐེའུ་རང་ཐམས་ཅད་མཱ་ར་ཡ་ནན༔ སྟེ་བྷ་ཡ་ནན༔ སྒྲུབ་བར་ཆད་བྱེད་པའི་སྒབ་འདྲེ་བསེ་རག་དཀོར་རྐུན་མཱ་ར་ཡ་ནན༔ སྟེ་བྷ་ཡ་ནན༔ ཞེས་རྐང་ཞབས་རྡོ་རྗེ་རྒྱ་གྲམ་དུ་བསམ་ལ་མནན་ནོ། སྟེང་དེར་མཆོད་རྟེན་ནག་པོའམ༔ ཡང་ན་མཆོད་རྟེན་དུ་བསམ་ལ་ཐོ་བརྩེགས་སྲུང་འཁོར་བྷྱོ་པ་གལ་ཆེའོ༔ དེ་ནས་བསྙེན་པའི་དམིགས་རིམ་གསལ་བརྟན་ལ་བཟླ་བར་བྱའོ༔ ས་མ་ཡ༔ འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ནག་པོའི་འཁོར་ལོ་བསྐོར་བ་དང་ཕོ་ཉ་བསྐུལ་བའི་སོག་ལེ་ནག་པོས་བཀའ་སྲུང་གབ་པའི་མན་ངག་ཁ་ཐིམ་བརྡ་ཐིམ༔ དེ་ནས་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི༔ ཟངས་ལྕགས་སམ་ཐོད་པའི་སྣོད་དུ་གཏོར་མ་དུག་ཁྲག་གིས་སྦག་སྟེ་གཞུང་ལྟར་བཀུག་གཞུག་ལན་གསུམ་བྱས་ལ་དགྲ་བགེགས་བྱད་མའི་ཤ་ཁྲག་ཏུ་བསམས་ལ༔ ལས་ཀྱི་གཤིན་རྗེ་ཞལ་གནམ་ས་ཙམ་གྱི་ཞལ་དུ་དགྲ་བོའི་ཤ་ཁྲག་དམར་བསྟིམ་གསོལ་བར་བསམ་ལ༔ དྲག་ཏུ་བསྐུལ༔ ཧཱུྃ་ཡ་བྷྱོ༔


CMR013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རིམ་པ་བདུན་གྱི་ས་འོག་ཏུ༔ ཚ་བའི་མེ་དང་གྲང་བའི་ཆུ༔ ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་ནས༔ ཁྲོ་ཆུ་གནམ་ལྕགས་མཁར་གྱི་ནང་༔ གྲུ་གསུམ་བསྣོལ་སྟེང་བྱད་མ་དང་་་དགྲ་བགེགས་བམ་གྱི་གདན་སྟེང་དུ་ལས་ཀྱི་གཤིན་རྗེ་བཞུགས་པ་ནི་ཁྲོ་ཆུ་དུག་གདོང་མཐུ་སྟོབས་ཆེ༔ སྐུ་མདོག་དམར་ནག་མེ་ལྟར་འབར༔ ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས༔ སྤྱན་དགུ་གདངས་མིག་བགེགས་ལ་གཟིར༔ ཤངས་ནས་རླུང་ནག་འཚུབ་མ་འཚུ༔ ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་རྡེབ༔ སྟོང་གསུམ་ལྷ་འདྲེ་འདར་བར་བྱེད༔ དུག་ལྕགས་ཁྲོ་ཆུ་ལས་གྲུབ་པའི༔ དབུ་གསུམ་མཆོད་རྟེན་གསུམ་དང་ལྡན༔ ཕྱག་དྲུག་དགྲ་སྣ་ཙིཏྟ་བསྣམས༔ འདབ་གཤོག་བར་སྣང་ཁམས་སུ་རྒྱུག༔ སྐུ་སྨད་ཕུར་པས་བྱད་མ་གཟིར༔ རྒྱན་པའི་འཇིག་པའི་ཆ་ལུགས་རྫོགས༔ ལས་སུ་དགྲ་བགེགས་ཁྲམ་ལ་འདེབས༔ ཟས་སུ་བྱད་མའི་ཤ་ཁྲག་གསོལ༔ དགེ་བ་ཀུན་གྱི་སྟང་འཛིན་པ༔ སྡིག་ཆེན་རྣམས་ལ་ཆད་པ་ཆོད༔ དགེ་སྡིག་ཡིག་ཆུང་བྱང་བུར་བྲིས༔ ཁྱོད་ནི་ལམ་རྒྱུད་ལྔ་


CMR013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག༔ སྐྱེ་འགྲོའི་སྲོག་ལེན་མཐུ་སྟོབས་ཅན༔ ལས་ཀྱི་གཤིན་རྗེ་སྲོག་གི་བདག༔ འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ སྤྱི་གཤེད་དུག་གདོང་དུས་ལ་བབ༔ ཆོས་ཀྱི་རྒྱལ་པོའི་དུས་ལ་བབ༔ ལས་གཤིན་དྲུག་གི་དུས་ལ་བབ༔ འཁོར་གྱི་གཤིན་རྗེ་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱ་མ་ལས་ངན་དང་༔ ལིངྒ་འདི་ལ་བྲིས་པ་དང་༔ ས་སྟེང་གནམ་འོག་གར་འདུག་ཀྱང་༔ གནས་འདིར་མྱུར་དུ་ཁུག་ལ་ཤོག༔ གཟུགས་ལིངྒ་འདི་ལ་ཁུག་ལ་ཤོག༔ བླ་འཁོར་ལོ་འདི་ལ་བསྐོར་ལ་ཤོག༔ མིང་བྱང་བུ་འདི་ལ་ཐོབ་ལ་ཤོག༔ གནད་ནས་བསྐུལ་ལོ་ཐུགས་དམ་ཅན༔ མ་གཡེལ་དུག་གདོང་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་ཐུན་མཚམས་སུ་བཟློག་བཟླས་ཀྱི་སྔགས་དམིགས་ལ་དྲག་ཏུ་སྤྲད་ལ་གཏོར་མ་དགྲ་ཕྱོགས་སུ་བསྟན་ནོ༔ ནམ་གུང་ཉིན་གུང་སོགས་དུས་དྲུག་ལ་བསྐུལ་ལོ༔ བྲང་བརྡུང་འོ་དོད་འབོད་པ་དགྲ་ལ་བརྡར༔ དེས་ནི་དགྲ་བགེགས་བསྒྲལ་བར་ཐེ་ཚོམ་མེད་དོ༔ འདི་ནི་ལས་སྦྱོར་ཀུན་གྱི་སྒྲུབ་པ་མ་གཏོགས་གང་རུང་མི་བྱའོ༔ སྲུང་ཟློག་དུས་གལ་ཆེ་


CMR013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུན་སྐབས་བཅད་པ་ལ་འདི་བཟང་ངོ་༔ ཁྱད་པར་མདོས་ཟོར་ལ་སོགས་མ་བྱུང་ནས་གན་ཐུག་དུས་སུ་ལན་རེ་ཙམ་བསྐུལ་ན་བཟང་བའོ༔ ས་མ་ཡ༔ བརྡ་ཐིམ༔ རྒྱ་རྒྱ་རྒྱ༔ ༈ དེ་ནས་དགྲ་བོ་བྱད་མའི་ལིངྒ་གཞུང་ལྟར་བྲིས་པ་ལ་བཀུག་གཞུག་ལྷ་དབྱེ་སོགས་བྱས་ཏེ༔ བཀའ་སྲུང་རྣམས་བསྐུལ་པ་བྱ་བ་ནི་གཏོར་མ་ག་ཞུང་ལྟར་དུག་ཁྲག་སྔག་སྟེ༔ དགྲ་བགེགས་དུ་གསལ་ལ་བདེན་བརྡར་ལན་གསུམ་བྱའོ༔ ༀདྷ་ཟུཊཀྲྀན་ཏྲཊི༔ བྷྱོ་ཡ༔ ཡ་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གིས༔ སྦྱོར་ཡུམ་མཁའ་འགྲོ་བདུད་མོ་དུག་ཏི་མ༔ སྐུ་མདོག་དམར་ནག་འཇིགས་པའི་ཁ་གདངས་ཤིང་༔ སྤྱན་གསུམ་ཁྲོ་གཉེར་གདངས་མིག་གློག་ལྟར་འཁྱུག༔ རིལ་པ་སེར་ནག་གྱེན་བསྒྲེང་ལྷ་རྣམས་དང་༔ གཡས་པས་ལྕགས་ཀྱུའི་དགྲ་བགེགས་སྙིང་ནས་འདྲེན༔ གཡོན་པས་ཞགས་པ་ནག་པོས་བྱད་མ་ཆིངས༔ རེ་ནག་གོས་དང་རྨ་བྱའི་རྒྱལ་མཚན་སྤྲས༔ ཞིང་ཆེན་ཤམ་ཐབས་སྦྲུལ་ནག་སྐུ་རེགས་བཅིངས༔ མཆོང་རྩལ་བྱེད་ཅིང་ནུབ་མོ་གཡབ་མོ་རྡེབ༔ རྫུ་འཕྲུལ་མེ་འབར་མྱུར་མགྱོགས་གློག་ལྟར་འཁྱུག༔ བདུད་དང་གཤིན་རྗེ་བྲན་དང་ཕོ་ཉར་འགྱེད༔ ཁྲོ་ཆུ་དུག་གདོང་གསང་བའི་ཡུམ་མཆོག་ཐུགས་དམ་བསྐུལ་ལོ་མ་གཡེལ་གཤེགས་སུ་


CMR013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ མ་བདུད་ལས་ལ་ཆས་ཏེ་གཤེགས་སུ་གསོལ༔ དགྲ་བགེགས་བྱད་མའི་གཤེད་དུ་གཤེགས་སུ་གསོལ༔ དུས་ལ་བབ་བོ་མ་གཡེལ་མྱུར་དུ་བྱོན༔ ཨོཾ་མ་མ་ཏྲག་རཀྵ་བྷྱོ་ཛཿ སྲོག་དུང་དུང་མ་མ་ཛ་ཐུན་རྦད༔ དགྲ་བགེགས་བྱད་མའི་ཤ་ཁྲག་ལ་ཏིམ་ཏིམ་ཛ་ཛ་རྦད་རྦད་ཁཱ་ཧི་ཁཱ་ཧི༔ བྱོ་བྷྱོ༔ ང་ནི་རིགས་གསུམ་མགོན་པོའི་སྤྲུལ་པ་སྟེ༔ ཕོ་ཉ་མཁའ་འགྲོ་དུག་ཏི་ནག་མོ་ཁྱོད༔ བཞེངས་ཤིག་མ་བདུད་གཤིན་རྗེའི་ཡུལ་ནས་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་དང་བདག་ལ་སྡང་བའི་དགྲ་བོ་རྣམས༔ བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་དང་༔ ཡིད་ལ་དམིགས་པའི་དགྲ་བགེགས་མིང་བྱང་འདི༔ ལོ་ཟླ་ཞག་དུས་མ་འགྱང་མྱུར་དུ་སྒྲོལ༔ མཁའ་འགྲོའི་ཚོགས་ཀྱིས་གཤིན་རྗེའི་དམག་སྣ་དྲོངས༔ མ་མོའི་ཚོགས་ཀྱིས་བྱད་སྣ་དགྲ་ལ་དྲོངས༔ ཕྲ་མེན་ཚོགས་ཀྱིས་དགྲ་ལ་ཡམས་ནད་ཐོངས༔ ཤན་པའི་ཚོགས་ཀྱིས་དགྲ་བོ་དུམ་བུར་གཏུབས༔ མ་གཡེལ་མ་གཡེལ་མཁའ་འགྲོ་དུག་ཏི་མ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་དུས་ལ་བབ༔ མཁའ་


CMR013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དུག་ཏི་ནག་མོའི་དུས་ལ་བབ༔ གཏེར་སྲུང་བདུད་པོ་ལྕམ་དྲལ་དུས་ལ་བབ༔ དུས་ལ་བབ་བོ་མ་གཡེལ་ལས་མཛོད་ཅིག༔ དུ་ཏྲི་ཡ་མ་ར་ཙ༔ ཡ་མ་རཀཱ༔ ཀྲོ་ཏ་པ་ཙ་ལ་ཏི་ཀ་ལ་རུ་པ་ཨ་ཀྲོ་ར་ཙ་ཡ་མ་ར་ཙ་ས་མ་ཡ་ཛ་ཛཿ རྩ་སྔགས་ཤམ་དུ—ཨོཾ་མ་མ་ཏྲག་རཀཱ་ཧཱུྃ་བཛྲ་ཙ་ཙ་ཨ་ཤུག་མ་ཐུན་བྷྱོ་ཛཿ མ་མ་ཐུན་ཧྲཱིཿལཨ་ཧབ་ཨ་ཧབ༔ མ་མ་དུ་དུང་དུང་བྷྱོ༔ ཙ་ཏྲི་ཡ་མ་དགྲ་བོ་ནི་ཏྲི་ཁུག་ཛཿ བཻ་རིལ་བྷྱོ་བྷྱོ་ཛཿ ཞེས་སྲུང་ཟློག་བསད་གསུམ་གྱི་དམིགས་པ་དང་སྦྱར༔ ས་མ་ཡ༔ ཁ་ཐཾ༔ རྒཊྛཔཏཱད༔ མི་མངོན་པར་སྦོས་ཤིག༔ བརྡ་ཐིམ༔ རྒྱ་རྒྱ་རྒྱ༔ ཞེས་བསྐུལ་པ་གཏོར་མ་དགྲ་བགེགས་ཕྱོགས་སུ་བརྡེག་གོ༔ ས་ཁོ་མ་ཐི་ཡ༔ དྷཱིཧཱུྃ།པསཏི་ནུསུཾཏ་ཉམལ༔ འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ལས་མཐའ་དུག་གི་སོག་ལེ་དང་༔ མྱུར་བྱེད་བྱུང་བུ་གཅིག་རྒྱུག་དང་༔ མནན་གཏད་བཟློག་མེད་ནག་པོ་དང་༔ སྡེ་བརྒྱད་སེང་གེའི་ཁ་འཐབས་དང་༔ སྒྲུབ་པའི་ལས་མཐའ་གང་བྱེད་ཀྱང་༔ སྲུང་བ་རྣོ་མྱུར་ལས་ལ་མྱུར༔ སྔགས་པ་སྡེ་དྲུག་མ་བསྐུལ་ན༔ ལོང་བས་ལོང་བ་ཁྲིད་དང་མཚུངས༔ འདི་ཉིད་བསྐུལ་ན་དགྲ་བོ་ལ༔ གང་བསམ་ཐོག་མེད་མྱུར་དུ་འགྲུབ༔ ཚང་ཕྱིར་གཞུང་ནས་མ་ཕྲི་ཞིག༔ ས་མ་ཡ༔ ཏཐཾཏ༔ དགྲ་ལ་རྟགས་འོང་བའི་མན་ངག་ལ༔ གཞུང་


CMR013_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལིངྒ་བསྐྱེད་བསྟིམ་དང་༔ བཀུག་གཞུག་དྲག་ཏུ་བྱས་ལ༔ གཏོར་མ་དུག་ཁྲག་ཤ་ཁྲག་གིས་བརྒྱན་པ་བཤམས༔ རང་ཉིད་གཤིན་རྗེ་གཤེད་དུ་བསྒོམ༔ ལས་མཁན་སྔགས་པ་སྡེ་དྲུག་གིས་ཅི་བཅོལ་བསྒྲུབ་པར་ཁས་བླངས་ནས༔ དགྲ་བོའི་བླ་སྲོག་ཁྱེར་ནས་ཁྲོ་ཆུའི་ཞལ་དུ་བསྟབ་པར་བསམས་ལ༔ དྲག་ཏུ་བསྐུལ་ཞིང་རཀྟ་སྦྲེང་༔ ཤ་ཆེན་བསྲེགས་རྐང་གླིང་འབུད་ལ་རྔ་རྡུང་ཞིང་འདི་སྐད་དོ༔ བྷྱོ་ཡ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཕོ་ཉ་སྔགས་པ་སྡེ་དྲུག་པོ༔ ལས་ལ་བསྐུལ་ལོ་མ་གཡེལ་བར༔ སྔོན་གྱི་དམ་བཅའ་དྲན་མཛོད་ལ༔ དགྲ་བགེགས་བསྒྲལ་ཕྱིར་གནས་འདིར་བྱོན༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་སྔགས་པ་ནི༔ དཀར་པོ་སྟག་གི་མགོ་བོ་ཅན༔ ཕྱག་ན་ཁྲམ་ཤིང་ལྕགས་ཀྱུ་བསྣམས༔ དགྲ་བོ་བྱད་མ་ལས་ངན་འདི༔ ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག༔ ལིང་ག་འདི་ལ་ཐིམ་པར་གྱིས༔ ཁྲོ་བོ་དུག་གདོང་ཞལ་དུ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་སྔགས་པ་ནི༔ སེར་པོ་འབྲུག་གི་མགོ་བོ་ཅན༔ ལག་ན་ཁྲམ་ཤིང་ཞགས་པ་བསྣམས༔ དགྲ་བོ་བྱད་མ་ལས་ངན་འདི༔ ལྷོ་ཡི་ཕྱོགས་


CMR013_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁུག་ལ་ཤོག༔ ལིང་ག་འདི་ལ་ཐིམ་པར་གྱིས༔ ཁྲོ་བོ་དུག་གདོང་ཞལ་དུ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་ཀླུ་ཡི་སྔགས་པ་ནི་དམར་པོ་བྱ་ཡི་མགོ་བོ་ཅན་་་་ལག་ན་ཁྲམ་ཤི་ང་ལྕགས་སྒྲོག་འཛིན་་་་དགྲ་བོ་བྱད་མ་ལས་ངན་འདི་ནུབ་ཀྱི་ཕྱོགས་ནས་ཁུག་ལ་ཤོག༔ ལིང་ག་འདི་ལ་ཐིམ་པར་གྱིས༔ ཁྲོ་བོ་དུག་གདོང་ཞལ་དུ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་སྔགས་པ་ནི༔ སྔོན་པོ་སྦལ་པའི་མགོ་བོ་ཅན༔ ལག་ན་ཁྲམ་ཤིང་དྲིལ་བུ་ཐོགས༔ དགྲ་བོ་བྱད་མ་ལས་ངན་འདི༔ བྱང་གི་ཕྱོགས་ནས་ཁུག་ལ་ཤོག༔ ལིང་ག་འདི་ལ་ཐིམ་པར་གྱིས༔ ཁྲོ་བོ་དུག་གདོང་ཞལ་དུ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཅེས་གཏོར་མ་དགྲ་ཕྱོགས་སམ་ཡང་ན་གཏོར་ཟློག་ཡོད་ན་རྩང་གི་ཕྱི་རོལ་དུ་ཕུལ་ལོ༔ དེ་ནི་ལས་ལ་ཐོགས་པ་མེད་པར་དགྲ་བོ་འགུགས་པར་ཐེ་ཚོམ་མེད༔ ས་མ་


CMR013_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡ༔ གུ་ཧྱ༔ སྔགས་པ་སྡེ་དྲུག་གི་འོག་མ་གཉིས་པོ་འདི་གལ་ཆེའོ༔ དེ་མན་མ་རྟོགས་མི་བསྐུལ་བ་དེ་དམ་ཚིག་ཡོད་པ་ནི་གཏེར་གཞུང་ཉིད་ཀྱིས་གནང་བའོ༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་ཕོ་ཉ་ནི༔ ལས་ལ་སྔགས་པའི་དྲག་རྩལ་ཅན༔ སྟེང་ཕྱོགས་ནམ་མཁའ་དཀྱིལ་ཡང་ནི༔ སྡེ་བརྒྱད་ཡོངས་ཀྱི་སྔགས་པ་ནི༔ སྣང་སྲིད་ཟིལ་གནོན་ཁྱུང་མགོ་ཅན༔ ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ ཁྱུང་གཤོག་འབར་བས་མེ་དཔུང་འབར༔ ཁ་རླངས་དགྲ་ལ་ཐོག་སེར་འབེབས༔ སྤྲིན་ནག་བརྒྱུད་ཅིང་རླུང་ནག་གཏོར༔ གཟའ་བདུད་མིག་དམར་ཞེས་ཀྱང་དྲག༔ གཤིན་རྗེའི་ཕོ་ཉ་མཐུ་རྩལ་ཅན༔ ལས་ལ་སྔགས་པ་མཐུ་མ་ཆུང་༔ དགྲ་བོ་བྱད་མ་ལས་ངན་འདི༔ ཕྱོགས་བཞི་མཚམས་བརྒྱད་གར་འདུག་ཀྱང་༔ ལིང་ག་འདི་ལ་མྱུར་དུ་ཁུག༔ ཉི་ཟླ་ཆ་ལང་རྡོབས་ལ་ཤོག༔ སྐར་མདས་དགྲ་བགེགས་སོད་ལ་ཤོག༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ལས་མཁན་ཁྱོད་ཀྱི་དུས་ལ་བབ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཧཱུྃ༔ འོག་ཕྱོགས་ས་བདག་སྔགས་པ་ནི༔ ནག་པོ་གླང་གི་མགོ་བོ་ཅན༔ ལག་ན་ནད་རྐྱལ་ཁྲམ་ཤིང་བསྣམས༔ སྐུ་སྨད་ཕུར་པའི་དབལ་དང་ལྡན༔


CMR013_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡི༔ ཕོ་ཉ་སྔགས་པ་མཐུ་བོ་ཆེ༔ དམ་ལ་མ་འདའ་མྱུར་དུ་བྱོན༔ སྡང་བའི་དགྲ་བོ་བྱད་མ་འདི༔ ལོ་དང་ཟླ་བར་མ་བཞག་ལ༔ ཞག་དང་ཟ་མ་ཉིད་དུ་སྒྲོལ་་དགྲ་བོ་བྱད་མ་ཁྲམ་ལ་ཐོབ༔ ་ནད་ཀྱི་རྐྱལ་པ་དགྲ་ཡུལ་ཁོངས་དམྱལ་སྲུང་གཤིན་རྗེའི་སྔགས་པ་ཁྱོད༔ དུས་ལ་བབ་བོ་ས་མ་ཡ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ལིངྒ་བྲིས་པའི་དགྲ་བོ་འདི༔ ས་སྟེང་གང་དུ་འདུག་ཀྱང་རུང་༔ ད་ལྟ་ཉིད་དུ་ཁུག་ལ་ཤོག༔ རི་རབ་ཚོགས་པོར་འཕོངས་ལ་ཤོག༔ རྒྱ་མཚོ་ཧུབ་ཀྱིས་འཐུང་ལ་ཤོག༔ མིང་བྱང་འདི་ལ་བརྡས་ལ་ཤོག༔ འཁོར་ལོ་འདི་ལ་བསྐོར་ལ་ཤོག༔ ཉ་བོ་འདི་ལ་ཐིམ་པར་གྱིས༔ དུག་གདོང་ནག་པོའི་ཞལ་དུ་བསྟབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བརྒྱན་པའི་གགཏོར་མ་འདི་བཞེས་ལ༔ མ་གཡེལ་དགྲ་ལ་ལས་མཛོད་ཅིག༔ ཅེས་བསྐུལ་པ་འདི་གར་ཐོད་ཐོད་དུ་མི་བྱའོ༔ བཀའ་སྲུང་སྔགས་པ་སྡེ་དྲུག་གི་བསྐུལ་པ་རྫོགས་སོ༔ སྲུང་མ་བསྐུལ་བའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ བཀའ་སྲུང་གཟའ་བདུད་ནག་པོས་བཀའ་འདི་ཐུབ་པར་སྲུངས་ཤིག༔ རྒཔཾཏཱཐཁྱཆ། བརྡ་ཐིམ་རྒྱ༔ ཏཐཾ༔ རྒྱ་རྒྱ་རྒྱ༔ ༁ཾ༔ ཕ་ཁོལ་ལུགས་ཀྱི་སྔགས་བྱང་


CMR013_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ༔ ༁ཾ༔ གཆ།གགཎ༔ དུག་གདོང་ནག་པོ་ལ་ཕྱག་འཚལ་ལོ༔ མུ་སྟེགས་ཀྱི་པཎྜི་ཕ་ཁོལ་ལུགས་ཀྱི་སྒྲུབ་ཐབས་དང་༔ གཞན་ཐམས་ཅད་ཞང་ཁྲོམ་ལུགས་དང་འདྲ་ཞིང་མངོན་རྟོགས་སྐབས་སུ་བསྐུལ་མ་དུག་སྦྲུལ་གྱི་པགས་པ་མནན་ཞིང་སྐུ་སྨད་ལྕགས་ཕུར་རོ༔ བསྙེན་སྔགས་ནི༔ དུ་ཏྲི་ཡ་མ་ར་ཙ༔ རཀྵ་སརྦ་དུཊྚི༔ ཀྲོ་ཏ་པ་ཙ་ལ༔ ཀ་ལ་རུ་པ༔ ཨ་ཀྲོ་ར་ཙ་རྦད༔ ཨོཾ་ཨེ་ཨ་མུ་ཀ་མྱག་རྦད་ས་མ་ཡ་ཛཿ ཞག་བདུན་ནོ༔ ༈ དེ་ནས་གོང་ན་བསྒྲལ་ལས་བསད་སྔགས་ནི༔ དུ་ཏྲི་ཡ་མ་ར་ཙ་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་དུཊྚ་ཨེ་ཛཿ དགྲ་བོ་ཆེའི་སྲོག་རྩ་ལ་མྱོགས་མྱོགས་ཡཾ་ཡཾ་རྦད༔ ལ་ལི་ཐ་བ་ནི༔ ར་ཙ་ཕྲ་བ་ནི༔ དགྲ་བོ་བྱད་མའི་སྲོག་སྙིང་ལ་ནི་ཆད་ཨ་མུ་ཀ་མྱོགས་རྦད་ཆུད་ཀྲོ་ཏ་མཱ་ར་ཡ་རྦད་ཆད་ཛ་ཛཿ བསྙེན་སྔགས་ལ་བཟློག་སྔགས་སྤྲེལ༔ དུ་ཏྲི་ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ་སརྦ་དུཏྟཾ༔ ཨེ་ཛ་བྷྱོ་དགྲ་བོ་ཆེའི་བྱད་མ་ལྷ་སྲུང་དང་བཅས་པ་རྣམས་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག་ཨ་ཕ་ལ་ཨ་ལ་ལ་བསྒྱུར་ཅིག་བསྒྱུར་ཅིག༔ ཅེས་པ་ཕྱི་པའི་ལུགས་ཡིན་ཏེ༔ མཁས་པ་འགའ་ཞིག་གིས་འདི་གཤིན་རྗེ་ཁྲག་བསོད་ཞིབ་རྩིས་ཆུང་ཞིང་ཚད་ལྡན་མིན་པར་བཞེད༔ འོན་ཀྱང་འདི་མུ་སྟེགས་ལུགས་སུ་སྣང་ན་རྣལ་འབྱོར་རང་ཉམས་སྔགས་འདི་རླུང་ལ་བསྐོར་བའི་མན་ངག་ཟབ་མོ་ཞིག་ཡོད་པ་ཐུགས་


CMR013_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གབ་བོ༔ ཤམཛཐཾ། ཨེ་མ་ཐུབ་པ་ཆེན་པོ་ཡིས༔ འཇམ་དཔལ་རྩ་བའི་རྒྱུད་དག་ལས༔ ལུང་བསྟན་ཐོན་པའི་པཎྜི་ཏ༔ མུ་སྟེགས་ཕ་ཁོལ་དེ་ཉིད་ལ༔ དབང་ཕྱུག་ཆེན་པོས་དངོས་སུ་གནང་༔ རྒྱ་གར་ལྷོ་ཕྱོགས་ཐམས་ཅད་ཀྱིས༔ སངས་རྒྱས་བསྟན་པ་རྡུལ་དུ་བརླགས་་་མངལ་སྐྱེས་སུས་ཀྱང་མ་ཐུབ་བོ༔ སློབ་མ་མུ་སྟེགས་པཎྜི་ཏ༔ འདི་ཉིད་སླག་ཕ་ཅན་ལ་གནང་པ་དེ་ཡིས་བལ་པོས་ཡུལ་དུ་སྦས༔ འདི་ཉིད་ཟབ་པར་ཐེ་ཚོམ་མེད༔ འོན་ཀྱང་མུ་སྟེགས་ལུགས་ལྟ་བས༔ མཁས་པ་ཕལ་ཆེར་ཐུགས་རྩིས་ཆུང་༔ ཕྱི་ནང་སྒྲུབ་ཐབས་མི་གཅིག་མང་༔ སྒྲུབ་གནས་སོ་སོ་ཡིན་པའི་ཕྱིར༔ བྱང་ཆུབ་བསྒྲུབ་ལ་འདི་ཡིས་མཁོ༔ ཚེ་འདིར་མཐུ་ནུས་བསྒྲུབ་པ་དང་༔ དགྲ་བོའི་སྲོག་དབུགས་སྡུད་པ་ལ༔ མུ་སྟེགས་ལུགས་ཡིན་འདི་ཉིད་ཟབ༔ དེ་ཕྱིར་ཡི་དམ་མི་བྱ་ཞིང་༔ རླུང་འཁོར་ལ་སོགས་ལས་སྦྱོར་ལ༔ བརྟག་ན་དུག་གི་ངར་བླུད་འདྲ༔ འདི་འདྲའི་ཟབ་གནད་ཁོ་བོའི་ཤེས༔ སྤྱི༔ ཞེས་ཀརྨ་ཨ་རཱ་གས་བྲིས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཅོམ་ལྡན་འདས་འཇམ་དཔལ་སྤྱི་གཤེད་པད་མ་ནག་པོའི་སྒྲུབ་ཐབས་ལས་མཐའ་དུག་གི་སོག་ལེ་ནག་པོའི་ལོ་རྒྱུས།next