Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལྷན་ཐབས།next

གནམ་ཆོས་ལྷན་ཐབས།


CMR013_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལྷན་ཐབས་བཞུགས༔ ན་མོ་ཡ་མཱནྟ་ཀ་ཡ༔ རྡོ་རྗེ་འཇིགས་བྱེད་ཀྱི་རྟོགས་པ་ལས༔ ཆོས་རྣམས་ཆོས་ཉིད་དབྱེར་མེད་པས༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ༔ མི་ཤིགས་རྡོ་རྗེ་རྟོག་བྲལ་མཚན་མ་མེད༔ བདེ་བ་ཆེན་པོ་རྡོ་རྗེའི་སྐུ༔ ཞལ་དྲུག་ཕྱག་དྲུག་ཞབས་དྲུག་གམ༔ ཡང་ན་ཞལ་གཅིག་ཕྱག་བཞི་ནི༔ ཞལ་གཅིག་ཕྱག་གཉིས་པ་ཡང་རུང་༔ མ་ཧེའི་གདོང་ནི་སྦྱོར་བ་ཡི༔ ཞེས་གསུངས་པ་ལྟར་དྲན་རྫོགས་སུ་དཔའ་བོ་གཅིག་པ་བསྒོམ་སྟེ༔ དཀོན་མཆོག་གསུམ་དང་རྡོ་རྗེ་འཇིགས་བྱེད་ཀྱི༔ ལྷ་ཚོགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཕྱིར༔ བདག་གིས་བཅོམ་ལྡན་འཇམ་དཔལ་བསྒྲུབ་པར་བྱ༔ ཆོས་རྣམས་སྐྱེ་མེད་སྟོང་པའི་རང་རྩལ་ལས༔ བློ་ལས་གནམ་ལྕགས་ལས་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་མེད་ཡངས་ཤིང་རྒྱ་ཆེ་བ༔ འོག་གཞི་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་སྟེ༔ དེ་འོག་ར་ལས་ཁྲག་མཚོ་རྦ་ཀློང་འཁྲུགས༔ སྟེང་ཕྱོགས་ཨོཾ་ལས་འཁོར་ལོ་དཀར་པོའི་གུར༔ ཤར་ཕྱོགས་ཧཱུྃ་ལས་རྡོ་རྗེ་སྔོན་པོའི་གུར༔ ལྷོ་ཕྱོགས་སཱ་ལས་རིན་ཆེན་སེར་པོའི་གུར༔ ནུབ་ཕྱོགས་ཧྲཱིཿལས་པདྨ་དམར་པོའི་གུར༔


CMR013_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ཧཱ་ལས་རལ་གྲི་ལྗང་གུའི་གུར༔ དེ་རྒྱབ་ཧཱུྃ་ལས་ཁྲོ་བོའི་ཚོགས་ཀྱི་གུར༔ དེ་རྒྱབ་དུར་ཁྲོད་ཐོད་པ་སྐམ་རློན་གུར༔ དེ་རྒྱབ་ཧཾ་ལས་མཚོན་ཆ་སྣ་ཚོགས་གུར༔ དེ་རྒྱབ་རཾ་ལས་བསྐལ་པའི་མེ་དཔུང་གུར༔ དེ་དབུས་གྲུ་གསུམ་གླང་རྒོད་ཟུང་བཞིའི་སྟེང་༔ པདྨ་ཉི་ཟླ་བཻ་གྱི་གདན་སྟེང་དུ༔ རང་སེམས་ཧཱུྃ་མཐིང་འོད་ཀྱིས་དོན་གཉིས་བྱས༔ གདུག་པ་ཚར་བཅད་རྒྱལ་བའི་བྱིན་རླབས་བསྡུས༔ ཧཱུྃ་ཐིམ་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཡ་མཱནྟ་ཀ་མཐིང་ནག་འབར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད༔ མ་ཧེའི་གདོང་ཅན་ཤངས་ལ་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་གད་རྒྱངས་སྒྲོག༔ གནམ་ལྕགས་རྭ་ཅོ་སྔོ་དཀར་མེ་ལྕེ་འབར༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གློག་ལྟར་འཁྱུག༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ་མ་རྡུད༔ ཨག་ཚོམ་སྨིན་མ་མེ་ཡི་ཚྭ་ཚྭ་འཕྲོ༔ རལ་པ་གྱེན་གཟེངས་ཐོད་སྐམ་རྩེ་བྲན་ལྔ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན༔ གླང་ཀོ་ཞིང་ལྤགས་སྟག་གི་ཤམ་ཐབས་གསོལ༔ ཚངས་སྐུད་རྒྱན་དྲུག་སྦྲུལ་རིགས་ལྔ་ཡིས་བརྒྱན༔ སྦྲུལ་


CMR013_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱངས༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་མཚན༔ ཡེ་ཤེས་ལྔ་ཡི་དབང་རྣམས་ཡོངས་སུ་རྫོགས་༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་༔ ཧཱུྃ་མཐིང་སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས༔ འོག་མིན་གནས་ནས་ཡེ་ཤེས་པ་སྤྱན་དྲངས༔ ཡ་མཱནྟ་ཀ་ཨེ་རྒྱ་ཧི༔ ཛཧཱུྃ་བཾ་ཧོས་དམ་ཡེ་དབྱེར་མེད་ཐིམ༔ ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་མཆོད༔ སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས༔ རྒྱལ་བའི་བྱིན་རླབས་འཁོར་འདས་མཐུ་སྟོབས་རྣམས༔ བསྡུས་ནས་རང་ལ་ཐིམ་པས་མཐུ་སྟོབས་རྒྱས༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྔགས་འདི་རྟོགས་པ་བདུན་པའི་སྔགས་རྒྱུད་ལས་བྱུང་ཞིང་༔ འདི་ནི་སྙིང་པོའི་གསང་སྔགས་ཞེས་བཤད་དོ༔ ཡི་གེ་འབུམ་བཟླས་བརྗོད་བྱས་ནས༔ གང་དང་གང་དུ་ཁམས་གསུམ་ན་གནས་པའི་ལས་དེ་དང་དེ་དག་ཐམས་ཅད་བྱེད་པ་སྟེ༔ ཞེས་གསུངས་སོ༔ སྔ་དྲོ་བསྲུང་བ་ནི༔ ཧཱུྃ༔ རང་གི་ཕྱག་གཉིས་ཉི་ཟླའི་གའུ་ནི༔ ཁ་སྦྱོར་བསྣམས་པའི་ནང་དུ་བསྲུང་བྱ་རྣམས༔ ཚུད་ལ་བསྐལ་པའི་རླུང་ཡང་མི་ཐར་ཞིང་༔ ཅི་དང་


CMR013_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་མི་ཚུགས་བསྲུང་བར་གྱུར༔ ཡིག་བདུན་དང་༔ ཨེ་ས་བྷྱོ་སྲུངས༔ ཅི་ནུས་བཟླས་ཤིང་སྟོང་ཉིད་རྫོང་བཅའོ༔ དགོང་མོ་ཟློག་པ་ནི༔ རང་ཉིད་རྡོ་རྗེ་འཇིགས་བྱེད་དམར་ནག་མདོག༔ ཡ་ཁ་གནམ་བྱས་མ་ཁ་ས་ལས་བྱས༔ སྐུ་ནི་སྲིད་པ་གསུམ་དང་མཉམ་པ་ཡི་ཐུགས་ཀའི་ཧཱུྃ་དང་སྐུ་ལས་འོད་འཕྲོས་པས་གཞལ་ཡས་རྡོ་རྗེ་མཚོན་ཆ་མེ་རི་རྣམས༔ གཡས་གཡོན་འཁོར་བས་གནོད་བྱེད་གཏུབས་ཤིང་བརླག༔ འོད་ཟེར་ཕྱིར་འཕྲོས་ཐམས་ཅད་མེ་དཔུང་གྱུར༔ གནོད་བྱེད་བྱད་མ་ལྷ་སྲུང་གཞོབ་བུན་སྲེག༔ ཡིག་བདུན་ཤམ་བུར༔ ཨོཾ་ཡ་མ་རཱ་ཛཿ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡཀྵེ་ཡཙྪ༔ ནི་རཱ་མ་ཡ་ཧཱུྃ་ཕཊ༔ ཞེས་དང་༔ རང་ཉིད་ཕྱག་གཉིས་ཉི་ཟླའི་ཆ་ལང་བསྣམས༔ བརྡབས་པས་གནོད་བྱེད་བྱད་མ་ལྷ་སྲུང་བཅས༔ ཤ་ཁྲག་དམར་ཆལ་རྡུལ་དུ་བརླག་པར་གྱུར༔ ཨེ་ས་བློ་ཟློག༔ ཅེས་དང་༔ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲིན་སྡེ་བརྒྱད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཐལ་མོ་བརྡབ་བོ༔ སྣོད་བཅུད་རང་ཐིམ་དེ་ཡང་ཧཱུྃ་ལ་ཐིམ༔ དེ་ཡང་མི་དམིགས་པ་ཡི་ངང་ལ་བཞག༔ སྟོང་ཉིད་ཕྱག་རྒྱ་


CMR013_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྫོང་བཅའོ༔ དགེ་བས་འཇམ་དཔལ་སྐུ་ཐོབ་ཤོག༔ ཅེས་པ་གནམ་ཆོས་གཞུང་གི་ལྷན་ཐབས་སུ༔ འདི་ཡི་རྒྱུན་བསྙེན་ཞག་བདུན་བྱས་པའི་སྐབས༔ རཱ་ག་ཨ་སྱས་ཉམས་ལ་བབས༔ ཉེས་འགལ་གང་མཆིས་ལྷ་སྲུང་རྣམས་ལ་བཤགས༔ གཤེད་དམར་རྒྱུད་ལས་ལས་ཆོགས་སྔགས་གསུངས་ནས༔ འདི་ཡི་སྔགས་ཀྱི་མཐུ་སྟོབས་ཀྱིས༔ བདག་གིས་སངས་རྒྱས་ཉིད་བསྒྲུབ་སྟེ༔ འཇིག་རྟེན་གསུམ་གྱི་དབང་ཕྱུག་འགྲོ༔ གསང་སྔགས་བརྩོན་པས་སྦྱར་བྱས་ནས༔ སྡེ་དང་བཅས་པར་བར་སྣང་ལ༔ འགྲོ་འགྱུར་འདིར་ནི་ཐེ་ཚོམ་མེད༔ ཅེས་པའི་ཕན་ཡོན་བསམས་ནས་འབྲེལ་པ་ཙམ་ཞིག་བཞག་པ་ལ་སོགས༔ བྷནྡྷ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ལྷན་ཐབས།next