Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིགས་བྱེད་ཀྱི་རྩང་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིགས་བྱེད་ཀྱི་རྩང་ཟློགnext

འཇིགས་བྱེད་ཀྱི་རྩང་ཟློག


CMR013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་གྱེར་ཡོད། ཧཱུྃ༔ ཁྲོ་བོ་ཆེ་བཙན་ཡེ་ཤེས་འཇིགས་བྱེད་ཀྱི༔ གཏོར་མདོས་ཐ་མ་ལྕགས་རི་ནག་པོ་ལ༔ རྩང་ལ་གནས་པའི་སྲིན་མོ་ཉི་ཤུ་བརྒྱད༔ ཤར་གྱི་དབང་ཕྱུག་རྡོ་རྗེ་མ་བདུན་ནི༔ དམ་ལྡན་རྣལ་འབྱོར་ཀུན་གྱི་ཡུམ་གཅིག་སྟེ༔ དབྱིངས་ནས་སྤྱན་འདྲེན་ཤར་གྱི་རྩང་ལ་བཞུགས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་མཆོད་པར་རོལ༔ ཉིད་ཀྱི་མིང་པོ་ཚངས་པ་ལ་སོགས་པ༔ ཤར་གྱི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ ལྷོ་ཡི་དབང་ཕྱུག་རིན་ཆེན་སྲིང་བདུན་ནི༔ རིན་ཆེན་རྣལ་འབྱོར་ཀུན་གྱི་སྲིང་མོ་སྟེ༔ དབྱིངས་ནས་སྤྱན་འདྲེན་ལྷོ་ཡི་རྩང་ལ་བཞུགས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་རུས་ལ་རོལ༔ ཉིད་ཀྱི་མིང་པོ་གཤིན་རྗེ་ལ་སོགས་པ༔ ལྷོ་ཡི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ ནུབ་ཀྱི་དབང་ཕྱུག་པདྨའི་མཛའ་བདུན་ནི༔ སྔགས་འཆང་དམ་ལྡན་ཀུན་གྱི་མཛའ་མོ་སྟེ༔ དབྱིངས་ནས་སྤྱན་འདྲེན་ནུབ་ཀྱི་རྩང་ལ་བཞུགས༔ དགྲ་བགེགས་ཤ་ཁྲག་དོན་སྙིང་དགྱེས་པར་རོལ༔ ཉིད་ཀྱི་མིང་པོ་ཀླུ་དབང་ལ་སོགས་པ༔ ནུབ་ཀྱི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ བྱང་གི་དབང་ཕྱུག་ཀརྨ་བྲན་བདུན་ནི༔


CMR013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ལྡན་རྣལ་འབྱོར་ཀུན་གྱི་བྲན་མོ་སྟེ༔ དབྱིངས་ནས་སྤྱན་འདྲེན་བྱང་གི་རྩང་ལ་བཞུགས༔ དགྲ་བགེགས་སྲོག་དབུགས་ཤ་ཁྲག་རྔམ་པར་རོལ༔ ཉིད་ཀྱི་མིང་པོ་གནོད་སྦྱིན་ལ་སོགས་པ་༔ བྱང་གི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག་མ་ཚོགས་ཉེར་བརྒྱད་ཉེར་བཞི་དབྱིངས་ནས་བཞུགས༔ བཞི་ནི་ལེགས་ཉེས་སྟངས་འཛིན་ཀུན་གྱི་བདག༔ སྒོ་མའི་ཚུལ་གྱིས་ཕྲིན་ལས་རྣམ་བཞི་བསྒྲུབ༔ ཕྱོགས་བཞི་སྒོ་རྩང་བཞི་ལ་དགྱེས་པར་བཞུགས༔ དགྲ་བགེགས་ཤ་ཁྲག་ལྷག་རོལ་བཞེས་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད༔ གདུག་པའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ ཡར་རྩེ་ཟུར་གསུམ་སྐུ་གསུམ་གནས་སུ་སྦྱོར༔ ཕོ་གདོན་མོ་གདོན་ཀླུ་གདོན་དགྲ་ལ་ཟློག༔ མར་རྩེ་ཟུར་གསུམ་དུག་གསུམ་རྩད་ནས་གཅོད༔ དུག་གསུམ་ལས་གྱུར་ནད་གདོན་དགྲ་ལ་ཟློག༔ སྐེད་པ་རྒྱ་མདུད་དུར་ཁྲོད་གཞལ་ཡས་ཁང་༔ རྩང་གི་ལྷ་མོ་དབང་མོ་ཉེར་བརྒྱད་བཞུགས༔ མ་མོའི་དལ་ཡམས་རིམས་ཁ་དགྲ་ལ་སྒྱུར༔ རྩང་སྟོད་དམར་པོ་བསྐལ་པའི་མེ་དཔུང་འབར༔ བཙན་དམག་མང་པོ་ལས་ལ་ཤ་ར་ར༔ བཙན་གྱི་ཤྭ་ཁ་སྡང་བའི་


CMR013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཟློག༔ རྩང་སྨད་ནག་པོ་མུན་པ་ཐིབས་སེ་ཐིབ༔ བདུད་པོ་ཞགས་ཐོག་མང་པོ་ཉེ་རེ་རེ༔ བདུད་ཀྱི་བར་ཆད་སྡང་བའི་དགྲ་ལ་ཟློག༔ སྐེད་པ་རྒྱ་མདུད་ཁྲམ་རིས་ལྷུན་གྱིས་གྲུབ༔ གཤིན་རྗེ་ཁྲམ་ཐོག་མང་པོ་ཡེ་རེ་རེ༔ གཤིན་རྗེའི་ཁྲམ་ཁ་སྡང་བའི་དགྲ་ལ་ཟློག༔ བར་མཚམས་དྲི་བ་མིག་མང་རིས་སུ་གསལ༔ ཕོ་ཉ་ལས་མཁན་མང་པོ་རྒྱུག་པའི་སྲང་༔ སྤྲུལ་པའི་ཁྲོ་ཆུང་སྐར་མདའ་རླུང་ལྟར་རྒྱུག༔ གནོད་བྱེད་དགྲ་བགེགས་བསམ་སྦྱོར་དགྲ་ལ་ཟློག༔ བ་སུ་ཏ་དང་སྔོ་དམར་ཞགས་པས་དཀྲིས༔ མ་མོ་མཁའ་འགྲོ་མང་པོ་སྤྲིན་ལྟར་གཏིབ༔ ཁྲག་ནད་རྒྱུ་གཟེར་སྡང་བའི་དགྲ་ལ་ཟློག༔ གདུག་པའི་རྩང་ཕུར་མེ་འབར་ཚྭ་ཚྭ་ལ༔ གནམ་ལྕགས་བུང་བ་མང་པོ་སེར་ལྟར་འབེབས༔ དམ་ཉམས་དགྲ་བགེགས་དྲི་འཛིན་ལམ་ནས་ཞུགས༔ ཚེ་བསོད་བཀྲག་མདངས་ནུས་མཐུ་འཇིབ་ལ་ཤོག༔ མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ལ་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ གསང་སྔགས་དཀྱིལ་འཁོར་མཚན་ཙམ་འཛིན་པ་


CMR013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༔ གཡོ་སྒྱུ་མེད་པར་སྤྱི་བོའི་གཙུག་ཏུ་བཀུར༔ གང་བཅོལ་ཕྲིན་ལས་ཐོགས་མེད་བསྒྲུབ་བོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་འདི་ཡང་ལྕགས་ཕོ་བྱི་བའི་ལོ༔ སྨིན་དྲུག་ཟླ་བའི་ཉེར་བཞི་ལ་རཱ་ག་ཨ་སྱས་སྦྱར༔ མངྒ་ལཾ༔ བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇིགས་བྱེད་ཀྱི་རྩང་ཟློགnext