Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤེད་དམར་གཙོ་རྐྱང་གི་མགྱོགས་དབང་བསྐུར་ཐབས་ཁྱེར་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤེད་དམར་གཙོ་རྐྱང་གི་མགྱོགས་དབང་བསྐུར་ཐབས་ཁྱེར་བདེ།next

གཤེད་དམར་གཙོ་རྐྱང་གི་མགྱོགས་དབང་བསྐུར་ཐབས་ཁྱེར་བདེ།


CMR013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་གཙོ་རྐྱང་གི་མགྱོགས་དབང་བསྐུར་ཐབས་ཁྱེར་བདེ་བཞུགས་སོ༔


CMR013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤི་རཀ་ཡ་མཱནྟ་ཀ་ཡེ༔ བཅོམ་ལྡན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ནས༔ དེ་ཡི་མགྱོགས་དབང་ཁྱེར་བདེ་བཀོད་པ་ལ༔ བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས༔ གཞི་སྟེང་བུམ་པ་མཆོད་པ་སྤྱི་ལྟར་བཤམས༔ དབང་གཏོར་ཟུར་གསུམ་མེ་རིས་བརྒྱན་པ་ལ༔ ཡོད་ན་ཙཀྲི་འཛུགས་ལ་མེད་ཀྱང་རུང་༔ མ་འཛོམས་རྗེས་གནང་གཏོར་མ་སྤྱི་ཡིས་ཆོག༔ ད་ནང་རང་གི་རྒྱུན་གྱི་ཡི་དམ་གང་༔ བདག་བསྐྱེད་མངོན་རྟོགས་སོང་བས་འཐུས་པ་སྟེ༔ སྔོན་འགྲོ་སྐྱབས་སེམས་ལ་སོགས་མི་དགོས་ལ༔ དབང་བསྐུར་བསྡུས་པའི་ལུགས་སུ་བྱས་པ་ཡིན༔ རང་ཉིད་སྐད་ཅིག་གིས་རྩ་བའི་ཡི་དམ་གནས་འགྱུར་ནས་གཤིན་རྗེའི་གཤེད་དམར་པོའི་སྐུར་


CMR013_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ༔ མདུན་བསྐྱེད་རྣམས་ཀྱི་རྟེན་གཏོར་མ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་མི་མགོ་རློན་པས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ༔ དབུ་སྐྲ་སེར་པོ་གྱེན་དུ་བརྗེས་པ༔ ཕྱག་གཉིས་ཀྱི་གཡས་མི་མགོས་


CMR013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་དབྱུགས་པ་དཀར་པོ་ཕྱར་བ༔ གཡོན་ཐོད་ཁྲག་འཛིན་པས་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པ་ལ་འཁྱུད་པ་སྟག་དང་སྦྲུལ་གྱིས་བརྒྱན་པ༔ སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་མཚན་ས་བོན་གྱིས་མཚན་པའི་སེམས་དཔའ་སུམ་བརྩེགས་ཅན༔ ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ༔ དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་དམར་པོ་ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོས་མཚན་པ༔ དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ དབང་ལྷ་རིགས་ལྔ་སྤྱན་དྲངས༔ དབང་བསྐུར་དབང་རྟགས་སུ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར༔ མདུན་བུམ་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་ཀུན་གྱི་བྱིན་རླབས་བསྡུས་ཤིང་བུམ་ལྷར་ཐིམ་པས་སྐུ་ལས་བདུད་རྩི་བབས༔ ཨོཾ་ཧྲཱིཿ ཝཏྟི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་སྙིང་པོ་དང་༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་ཉེ་སྙིང་གཉིས་པོ་བརྒྱ་ལས་མི་ཉུང་བ་བཟླས༔ ཨོཾ་


CMR013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཱནྟ་ཀ་ཨབྷཾ་སོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ༔ ཧཱུྃ༔ འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་༔ བགེགས་རྣམས་མ་ལུས་འཇོམས་མཛད་པ༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ བུམ་ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅི་འགྲུབ་བཟླས༔ ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་རྣམས་ཟློག་པའི་ཕྲིན་ལས་མཛོད་ཅིག༔ སློབ་མ་རྣམས་འདུས་ནས་ཁྲུས་བྱ༔ མཎྜལ་ཕུལ༔ སྔོན་དབང་གཞན་མ་བསྐུར་ན་བགེགས་གཏོར་བཏང་༔ མཚམས་བཅད་བསྲུང་འཁོར་བསྒོམ༔ འོ་ན༔ ད་ལམ་ཁྱེད་རྣམས་ལ་གཤིན་རྗེའི་གཤེད་དམར་པོའི་དབང་བསྐུར་བ་ཡིན་ཏེ༔ ལྷ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཡིན་ཏེ༔ འཇམ་དཔལ་རྣམ་པར་རོལ་པར་བཀོད་པའི་མདོ་ལས་སངས་རྒྱས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་མཚན་ནས་བརྗོད་པ་བས་གང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་ནི་ལན་གཅིག་བརྗོད་པ་བསོད་ནམས་ཆེ་བར་བཤད་པའི་ཕྱིར་ལྷ་གཞན་


CMR013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གངྒའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དབང་ཐོབ་པ་བས༔ འདི་ཡི་དབང་ལན་གཅིག་ཐོབ་པ་བསོད་ནམས་ཆེ་བར་དོན་གྱིས་གསལ༔ རྒྱུད་སྡེ་བཞིའི་ནང་ནས་འདི་བླ་མེད་ཕ་རྒྱུད་ཡིན་ཅིང་༔ འཇམ་དཔལ་ཞི་ཁྲོ་གཉིས་ལས་འདི་ཁྲོ་བོ་ཡིན༔ དེ་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དུས་བར་ཆད་བྱ་བའི་ཕྱིར་དུ་བདུད་ཀྱིས་འཇིགས་པ་ཆེན་པོ་བསྟན་ཅིང་དཔུང་གི་ཚོགས་ཆེན་པོ་ལྷགས་པའི་ཚེ་བཅོམ་ལྡན་འདས་བདུད་ལས་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་གསུང་ཐུགས་རྡོ་རྗེ་ལས༔ གཤིན་རྗེའི་གཤེད་ཁྲོ་བོ་བྱུང་ནས༔ ཕྱག་ན་རྡོ་རྗེ་ལ་ཁྱོད་འདི་ལྟ་བུའི་གཤིན་རྗེའི་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ལ༔ བདུད་དང་གནོད་སྦྱིན་དང་༔ ལྷ་མིན་དང་༔ ལྷ་དང་སྲིན་པོ་རྣམས་སྐྲག་ཅིང་འཇིགས་པ་དང་༔ སོད་ཅིག་གསུངས་པས༔ དེ་ལྟར་བྱས་ཏེ་སྲོད་ལ་བདུད་བཏུལ༔ ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ལྟར་བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བ་ཡང་༔ གཤེད་དམར་གྱི་སྒོ་ནས་བདུད་བཏུལ༔ ཁྲོ་བོ་ཐམས་ཅད་ཀྱི་ནང་ནས་འདི་སྟོབས་དང་གཟི་བརྗིད་ཆེ་སྟེ༔ ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད༔ དེ་


CMR013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་ནི་ཁྲོ་བོ་གཞན༔ ལག་ཆ་ཤོར་ནས་འདར་གྱུར་པ༔ ཞེས་གསུངས་སོ༔ དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པའི་ཚེ༔ ཕྱག་ན་རྡོ་རྗེས་ཞུས་པའི་ངོར་གཤེད་དམར་གྱི་རྒྱུད་རིམ་པར་ཕྱེ་བ་བཅུ་དགུ་གསུངས་པ༔ ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཏུ་འདྲེས་ནས༔ བདག་མེད་མའི་བྷ་ག་ལ་བཞུགས་པའི་ཚེ༔ ལྷ་མོ་གུས་པས་ཉོན་གསུངས་ནས༔ གཤེད་དམར་གྱི་རྒྱུད་རྒྱ་ཆེར་གསུངས་པ༔ ཕྱག་ན་རྡོ་རྗེས་བཀའ་ཡི་བསྡུ་བ་མཛད་པས༔ པཎྜི་ཏ་ཙཎྜ་ཀཱིརྟི་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བོད་དུ་བསྒྱུར་བ་ཡིན་ལ་རྒྱུད་སྡེ་དེ་དག་ལ་བསྟན་པའི་རྒྱ་གཞུང་ནི༔ རྒྱ་གར་གྱི་གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ་ལྷ་བཅུ་གསུམ་དང་༔ བིརྱ་པས་མཛད་པའི་ལྷ་ལྔ་དང་༔ རྡོ་རྗེ་གདན་པས་མཛད་པའི་གཙོ་རྐྱང་དང་གསུམ་ལས། འདིར་གཙོ་རྐྱང་ཡིན་ཏེ༔ འདིའི་བརྒྱུད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ༔ གསང་བདག་ཕྱག་ན་རྡོ་རྗེ༔ རྡོ་རྗེ་རྣལ་འབྱོར་མ༔ པཎྜི་ཏ་ཨ་བྱཱ་ཀ་ར༔༔ པཎྜི་ཏ་འདྲེན་


CMR013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞབས༔ པཎྜི་ཏ་གོའུ་ཏ་མ་ཤཱི༔ པཎྜི་ཏ་ཀཱིརྟི༔ ལོ་ཙྪ་བ་ཀཱིརྟི་དྷཱ་ཛཿ སློབ་དཔོན་རིན་ཆེན་འབྱུང་ལྡན༔ བླ་མ་རིན་པོ་ཆེ་གུང་པ༔ སློབ་དཔོན་བསོད་ནམས་འཕེལ༔ སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན༔ བླ་མ་ཀུན་དགའ་རིན་ཆེན༔ མཁན་ཆེན་བསོད་ནམས་མཆོག་གྲུབ༔ བླ་མ་དགེ་འདུན་རྒྱལ་མཚོན་བླ་མ་བྱམས་པེ་གྲུབ་ཆེན་ཀཱིརྟི་ཤྲཱི༔ སི་ཏུ་ཆོས་ཀྱི་གོ་ཆ༔ རྗེ་བཙུན་དབང་ཕྱུག་རྡོ་རྗེ༔ གར་དབང་ཆོས་ཀྱི་དབང་ཕྱུག༔ སྡེ་སྣོད་འཛིན་པ་བི་ཤྭ་དྷ་དེས་བདག་རཱ་ག་ཨ་སྱ་ལའོ༔ དེ་ལས་གསར་མའི་ལུགས་ལྷ་བཅུ་གསུམ་མ་དང་༔ ལྷ་ལྔ་དང་༔ གཏེར་ཁ་གསར་རྙིང་དང་༔ གནམ་ཆོས་སོགས་ལས་གཤིན་རྗེའི་གཤེད་དམར་པོའི་རིགས་དུ་མ་ཞིག་བྱུང་བའི་དབང་ལུང་ཅི་རིགས་པ་ཐོབ་པས༔ ཞལ་ཕྱག་དང་སྔགས་སོགས་མི་མཉམ་ནའང་༔ དོན་གྱི་ངོ་བོ་གཅིག་པའི་ཕྱིར་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདུས་པ་ཡིན་ནོ༔ དེ་ལ་ངེད་རང་སེམས་ཅན་ཐམས་ཅད་ཀྱི་གཤེད་ནི་གཤིན་རྗེ་མིན་པའི་སེམས་ཅན་གཅིག་ཀྱང་མི་འཆི་བ་མེད་པ་མཐར་གཤིན་རྗེའི་ཁར་འགྲོ་དགོས་པ་ཡིན་ཏེ༔ དུས་གསུམ་སངས་རྒྱས་མན་ཆད་


CMR013_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ལེན་པའི་མཐུ་བོ་ཆེ༔ འཆི་བདག་གཤིན་རྗེ་ཞེས་བྱ་འབྱུང་༔ ལྷ་འདི་ནི་གཤིན་རྗེ་དེ་འཇོམས་པའི་གཤེད་ཡིན་པས་འདིའི་དབང་ཐོབ་ན་གཤིན་རྗེའི་ཕོ་ཉ༔ དུས་མ་ཡིན་པའི་འཆི་བ༔ ན་ཚ་རྒོད་པ༔ འཆི་ཁ་བྱེ་བ༔ དགྲ་ཐོག༔ དུར་མིག་བདུན་ཟུར༔ བཞི་བཤེད༔ དྲུག་འགྲམ༔ གཤེད་ཁ་ལ་སོགས་པའི་གནོད་པ་བཟློག་པ་ཡིན་ཏེ༔ འཆི་བདག་གཤིན་རྗེའི་ཉེན་པ་ན༔ གཤིན་རྗེའི་གཤེད་ཀྱི་ཁ་འཛིན་མཛོད༔ ཅེས་གསུངས་སོ༔ འདིའི་སྔགས་རྣམས་ཀྱི་ཕན་ཡོན་ཡང་༔ རྒྱུད་ལས་ཁྱོད་ཀྱི་ཧིཊྛིའི་གསང་སྔགས་གང་༔ ས་གསུམ་པ་ཡི་འཁྲུལ་པ་སེལ༔ ཁྲི་ཡི་སྔགས་ཀྱིས་འབྱུང་པོ་རྣམས༔ མཁའ་འགྲོ་མ་རྣམས་སྟོང་གིས་ཏེ༔ གཤིན་རྗེའི་གཤེད་པོར་རབ་སྦྱོར་བས༔ ཡི་དྭགས་རྣམས་ནི་གཞོམ་ཞིང་བསམ༔ རྣལ་འབྱོར་བདག་ཉིད་འབུམ་བཟླས་ན༔ ལས་ཀུན་དེ་ཡིས་བྱེད་པར་འགྱུར༔ བྱེ་བ་བཟླས་ན་དངོས་གྲུབ་སྟེར༔ བྱེ་བ་ལྔ་ཡིས་སྨོས་ཅི་དགོས༔ ཧྲཱིཿལླིའི་གསང་སྔགས་དག་གིས་ནི༔ ཁྱོད་ནི་ས་གསུམ་འཁྲུལ་པ་སེལ༔ ཞེས་དང་༔


CMR013_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་གསང་སྔགས་མཐུ་སྟོབས་ཀྱིས༔ བདག་གིས་སངས་རྒྱས་ཉིད་བསྒྲུབ་སྟེ༔ འཇིག་རྟེན་གསུམ་གྱི་དབང་ཕྱུག་འགྲོ༔ གསང་སྔགས་བརྩོན་པས་སྦྱར་བྱས་ན༔ སྡེ་དང་བཅས་པར་བར་སྣང་ལ༔ འགྲོ་འགྱུར་འདི་ནི་ཐེ་ཚོམ་མེད༔ རྔ་བོ་ཆེ་ཡི་སྒྲ་བྱ་འོ༔ གང་དང་གང་དུ་སྒྲ་ཐོས་པ༔ ཕ་རོལ་སྡེ་ནི་རབ་གྲོལ་ནས༔ རྣམ་པ་རྣམས་ནི་གསལ་བར་བྱེད༔ གསང་སྔགས་འབུམ་གཅིག་བཟླས་གྱུར་ན༔ བདག་ལ་བསྒྲུབ་པ་བྱས་པ་དང་༔ རབ་ཏུ་སྤྱོད་པར་འགྱུར་བ་ཡིན༔ འཛམ་བུའི་གླིང་ན་འཚོགས་པ་ཡི༔ དངོས་གྲུབ་རབ་ཏུ་སྟེར་བར་བྱེད༔ གཤིན་རྗེའི་གཤེད་ནི་མི་ཤེས་པས༔ དེ་ཡི་ངལ་བར་འབྲས་བུ་མེད༔ རྒྱུད་རྒྱལ་རྒྱུད་ཀྱི་མཆོག་གྱུར་པ༔ སྔགས་དང་གསང་སྔགས་བརྗོད་ཉུང་བ༔ བཀླག་པ་ཙམ་གྱིས་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་མཐུ་སྟོབས་དང་བྱིན་རླབས་ཤིན་ཏུ་ཆེ་བ༔ འགྲུབ་སླ་ཞིང་ཐུགས་རྗེ་མྱུར་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཕྱིར་ཐོག་མར་མཎྜལ་ཞིག་ཕུལ༔ ས་གཞི་སྤོས་ཆུས་སོགས། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་


CMR013_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ཞེས་ལན་གསུམ་མམ་ཚིག་རྗེས་མ་ལན་གསུམ༔ ད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཚི་རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ། ལས་བུམ་ཀུ་ཤས་


CMR013_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བྲན༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷར༔སྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཁྱེད་རང་རྣམས་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུྃ་ལས་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ་དེ་ལས་འོད་ཟེར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་སྐུ་མདོག་དུས་མཐའི་མེ་ལྟར་འབར་བ་ཞལ་གཅིག་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བསྒྲད་ཅིང་ཁྲག་ལྟར་གཡོ་བ༔ ཞལ་གདངས་མཆེ་བ་ཟླ་ཚེས་ལྟར་གཙིགས་པ༔ སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ལ་སྦྲུལ་དཀར་པོས་བཅིངས་པ༔ ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་བར་ཁྲག་གི་ཐིག་ལེ༔ ཨོག་མར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ་བྱུག་པ༔ རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་འཕྱང་


CMR013_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོའི་དོ་ཤལ་ཏེ༔ བཏགས་པའི་རྒྱན་གསུམ་བཏགས་པ༔ གླང་ཆེན་གྱི་ཀོ་བའི་སྟོད་གཡོགས༔ ཞིང་ཆེན་གྱི་ལྤགས་པའི་སྐེད་དཀྲིས༔ སྟག་གི་པགས་པའི་ཤམ་ཐབས་ཏེ་བགོ་བའི་གོས་གསུམ་མནབས་པ༔ སྐུ་སྒེག་པ་དང་༔ རྔམས་པ་དང་༔ དཔའ་བ་དང་༔ འཇིགས་སུ་རུང་བ༔ གསུང་རྒོད་པ་དང་༔ གཤེ་བ་དང་རྔམས་པ༔ ཐུགས་སྙིང་རྗེ་བ་དང་༔ ཞི་བ་དང་༔ མ་རུངས་པ་སྟེ་འབར་བའི་གར་དགུ་དང་ལྡན་པ་ཕྱག་གཡས་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ་ནམ་མཁའ་ལ་ཕྱར་ཞིང་༔ གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམས་པས་ལས་ཀྱི་གཤིན་རྗེའི་ངོ་བོ་མ་ཧེའི་རྭ་བར་མནན་ཅིང་༔ གཡོན་བརྐྱངས་བས་མ་ཧེའི་འཕོང་སྟེང་བརྫིས་པ༔ རང་འོད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ་དམར་མོ་གྲི་གུག་ཐོད་ཁྲག་འཛིན་པས་གཉིས་སུ་མེད་པར་འཁྲིལ་བ༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྐུ་ཆུང་ལ་ཡན་ལག་དོད་པ༔ དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ༔ ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ་དཀར་


CMR013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀའི་ཆ་སྨད་དུ་ཧཱུཾ་སྔོན་པོས་མཚན་པར་གྱུར༔ ཐུགས་ཀའི་ཧཱུྃ་དང་སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས༔ ཡི་དམ་གཤིན་རྗེའི་གཤེད་དམར་གྱི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས༔ ཁྱེད་རང་གི་སྒོ་གསུམ་དང་གཤིན་རྗེའི་གཤེད་དམར་གྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་༔ ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག་ཅིག༔ རོལ་མོ་དང་བཅས༔ ཨོཾ་ཧྲཱིཿལླིཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་ཅི་མང་བརྗོད་ནས་རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ནས༔ ཏིཥྛ་བཛ྄ཿ ཞེས་བརྟན་པར་བྱའོ༔ ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས༔ དང་པོ་སྐུ་ཡི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གཤིན་རྗེའི་གཤེད་དམར་གྱི༔ སྐུ་ཡི་རྗེས་གནང་བསྩལ་དུ་གསོལ༔ གསུམ་མམ་གཅིག༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཁྱེད་


CMR013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དབང་ལྷ་རྣམས་སྤྱན་དྲངས་ནས་དབང་བསྐུར་བར་གྱུར༔ བུམ་པ་ཐོགས་ལ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ བུམ་པ་མགོར་བཞག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་བླུད་ཀུ་ཤས་བུམ་ཆུ་སྤྱི་བོར་གཏོར་ཞིང་༔ དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར༔ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ གཤིན་རྗེ་གཤེད་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག༔ ལུས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་ཞི་ལུས་ལྷའི་སྐུ་སྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་སུ་གནང་བ་ཡིན་ནོ༔ གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་


CMR013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་དང་༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གཤིན་རྗེ་གཤེད་དམར་གྱི༔ གསུང་གི་རྗེས་གནང་བསྩལ་དུ་གསོལ༔ གསུམ་མམ་གཅིག༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་བར་བསྒོམས་ལ༔ འདིའི་རྗེས་ཟློས་མཛོད༔ ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧྭ༔ ལན་གསུམ་དང་ཕྲེང་བ་ལག་འདྲེན་བྱེད་བཅུག༔ ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསྒོམས་ལ་འདིའི་རྗེས་ཟློས་མཛོད༔ བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས་བདག་ལ་འགོ་བར་མཛད་དུ་གསོལ༔ གསུམ་མམ་གཅིག༔ སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བ་བྱས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིང་པའི་མོས་པ་མཛོད་ཅིག༔ རོལ་མོ་དང་བཅས་རྡོ་རྗེ་མེ་ཏོག་མགོར་བཞག་ལ༔ བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ༔ ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་གཤིན་རྗེའི་


CMR013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ གཤིན་རྗེ་གཤེད་པོའི་གསུང་གི་བཀྲ་ཤིས་ཤོག༔ དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག༔ ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི༔ ངག་སྔགས་བཟླ་བ་ལ་དབང་༔ འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་དེ་གསུང་གི་རྗེས་གནང་ངོ་༔ གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གཤིན་རྗེ་གཤེད་དམར་གྱི༔ ཐུགས་ཀྱི་རྗེས་གནང་བསྩལ་དུ་གསོལ༔ གསུམ་མམ་གཅིག༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ལྷའི་ཐུགས་ཀར་ཕོག༔ དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས༔ ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་གཤིན་


CMR013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཤེད་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པ་གྱིས་ལ་སེམས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག༔ རྡོ་རྗེ་ཐོགས་ལ༔ དབང་བསྐུར་རྡོ་རྗེ་ཆེན་པོ་ནི༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཞེས་རྡོ་རྗེ་སློབ་མའི་སྙིང་གར་བཞག་ཅིང་༔ ཧཱུྃ་ཧིཏྠི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ས་མ་ཡ་སྟི༔ མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ གཤིན་རྗེ་གཤེད་པོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག༔ ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི༔ ཡིད་ཏིང་ངེ་འཛིན་སྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན་ནོ༔ བཞི་པ་ཡོན་ཏན་གྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གཤིན་རྗེ་གཤེད་དམར་གྱི་ཡོན་ཏན་དབང་བསྐུར་བསྩལ་དུ་གསོལ༔ གསུམ་མམ་


CMR013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག༔ དེ་ལྟར་གསོལ་བ་བཏབ་པས་ཁྱེད་རང་རྣམས་གཤིན་རྗེའི་གཤེད་དམར་དུ་གསལ་བ་ལ༔ སློབ་དཔོན་ཡང་དེར་གསལ་བའི་གཤིན་རྗེའི་གཤེད་ཀྱི་སྐུའི་ཆས་རྣམས་གསོལ་བའི་མོས་པ་མཛོད་ཅིག༔ གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་འདི༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཀ་པཱ་ལ་པཉྩ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ཁྲག་ཞག་ཐལ་ཆེན་ཐིག་ལེ་འདི༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ རཀྟ་ཏི་པ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ་གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ཐོད་རློན་ལྔ་བཅུའི་དོ་ཤལ་འདི༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧིཊྛི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ཀླུ་རྒྱལ་སྤྲུལ་གྱི་ཆུན་པོ་འདི༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿ ཌི་ཝཱི་ཀྲི་ཏཱ་


CMR013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧྭ༔ ནཱ་ག་ཨཊྚ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་གཤེད་དམར་ཕྱག་རྒྱུ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ཕ་རོལ་ཕྱིན་དྲུག་རུས་པའི་རྒྱན༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧིཏྟེ་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ པྲཛྙཱ་ཀིང་ནི་རི་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་གཤེད་དམར་ཕྱག་རྒྱུ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ སྟོབས་བཅུ་ཡོངས་རྫོགས་གླང་ཆེན་ཀོ༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཧསྟི་ཝས་ཨ་བྷི་ཥིཉྩ་ཧཱུྃ་གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ ང་རྒྱལ་འཇོམས་པའི་ཞིང་ཆེན་ལྤགས༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿ ཝཏྠི་ཝཱི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ མ་ནུ་ཝསྡུ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་གཤེད་དམར་ཕྱག་རྒྱ་འདི༔ ཕྱི་དང་ནང་དང་ཡང་དག་ལྡན༔ བདུད་བཞི་ཟིལ་མནོན་སྟག་ལྤགས་ཤམ༔ སྦྱིན་པ་དཔའ་བོས་བཟུང་བར་བགྱི༔ ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧྭ༔ བྱ་ཀྲྀ་ཝསུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་


CMR013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ གཤིན་རྗེའི་གཤེད་དམར་ཡོན་ཏན་བཀྲ་ཤིས་ཤོག༔ དེས་བསགས་པ་སྙོམས་འཇུག་གི་དྲི་མ་དག༔ སྒོ་གསུམ་ཆ་སྙོམས་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི༔ གནས་སྐབས་ལམ་གྱི་ཡོན་ཏན་ཐམས་ཅད་སྒྲུབ་པ་ལ་དབང་༔ མཐར་ཐུག་འབྲས་བུ་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་པ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ངོ་༔ ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གཤིན་རྗེ་གཤེད་དམར་གྱི༔ ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ༔ གཅིག་གམ་གསུམ་ཞེས་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་ཀྱི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ༔ མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ༔ ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ཀཿ ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ༔ གསང་བ་ནས་ལས་སྣ་ཚོགས་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་ནད་


CMR013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཐམས་ཅད་ཞི་ཚེ་དང་བསོད་ནམས་ཐམས་ཅད་རྒྱས༔ སྣང་སེམས་ཐམས་ཅད་དབང་དུ་བསྡུས༔ དགྲ་བགེགས་ཐམས་ཅད་ཚར་བཅད་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ དབང་རྟགས་སུ་གཤིན་རྗེའི་གཤེད་ཀྱི་ཕྱག་མཚན་ལག་ཏུ་གཏད་པར་སྒོམས་ཤིག༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར༔ ཕྲིན་ལས་དབང་འདི་ཁྱོད་ཀྱིས་ལོངས༔ དབྱུག་པ་དང་ཐོད་ཁྲག་གཏད་ལ༔ ཨོཾ་ཧྲཱིཿལླི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག་གཤིན་རྗེ་གཤེད་ཀྱི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་སྒོ་གསུམ་ཆ་སྙོམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག༔ སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི༔ ལས་རབ་འབྱམས་སྒྲུབ་པ་ལ་དབང་༔ འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པ་དང་རྟག་པའི་བདག་ཉིད་ལ་དབང་འབྱོར་པའི་སྐལ་པ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་རྗེས་གནང་ཡིན༔ འདི་མན་གྲངས་བཟུང་༔ མཆན།


CMR013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཏོར་མ་འདི་ཉིད་སྔར་སྨོས་མ་ཐག་པའི་གཤིན་རྗེའི་གཤེད་དམར་པོར་གསལ་བའི༔ དེའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ༔ བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས་འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་དང་བཅས་པ༔ གཏོར་མ་དང་ཐ་དད་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པས་དེ་རྣམས་ལས་སྐུ་ཆེ་ཕྲ་སྣ་ཚོགས་པ༔ གསུང་སྔགས་ཀྱི་ཕྲེང་བ༔ ཐུགས་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་ཆར་ལྟར་བབ་ནས༔ ཁྱེད་རང་རྣམས་ལ་ཐིམ༔ ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་བྱུང་སྙམ་པའི་མོས་པ་མཛོད་ཅིག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་རླབས་པའི༔ དངོས་གྲུབ་རྣམ་གཉིས་འབྱུང་བའི་སླད༔ གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན༔ ཛཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ༔ གསང་བདག་ཕྱག་ན་རྡོ་རྗེ༔ རྡོ་རྗེ་རྣལ་འབྱོར་མ༔ པཎྜི་ཏ་ཨ་བྱཱ་ཀ་ར༔ པཎྜི་ཏ་འདྲེན་པའི་ཞབས༔ པཎྜི་ཏ་གོ་ཏ་མ་ཤཱི༔ པཎྜི་ཀཱིརྟི༔ ལོ་ཙཱ་བ་ཀིརྟི་དྷུ་ཛཿ ལ་སོགས་པ་རིང་བརྒྱུད་བཀའ་མ་བརྒྱུད་པ་རྣམས་དང་༔ རྡོ་རྗེ་འཆང་༔ འཇམ་དཔལ་གཤིན་


CMR013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཤེད༔ སློབ་དཔོན་འཇམ་དཔལ་བཤེས་གཉེན༔ གུ་རུ་པདྨ་འབྱུང་གནས༔ གནུབས་སྟོན་སངས་རྒྱས་ཡེ་ཤེས༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ ལ་སོགས་པ་ཉེ་བརྒྱུད་གཏེར་མ་བརྒྱུད་པ་རྣམས་དང་༔ འཇམ་དཔལ་གཤིན་རྗེའི་གཤེད༔ སློབ་དཔོན་པདྨ་འབྱུང་གནས༔ མི་འགྱུར་རྡོ་རྗེ༔ བདུད་འདུལ་རོལ་པ་རྩལ་ལ་སོགས་པ་ཟབ་མོ་གནམ་ཆོས་བརྒྱུད་པ་རྣམས་དང་༔ ཁྱད་པར་དུ་གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་དང་༔ ཆོས་སྐྱོང་སྲུང་མ་དང་བཅས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་བ་དང་༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ རང་ཐོག་དང་༔ དགྲ་ཐོག༔ བདུན་ཟུར་དང་དྲུག་འགྲམ་གཤེད་བཞི་དང་ན་སྐག༔ འཆི་སྐག་དང་དུར་སྐག་སྔོན་བསུ་དང་རྗེས་སྐྱེལ་ལ་སོགས་པའི་སྐག་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ དུས་ཀྱི་ཞགས་པ་དང་༔ གཤིན་རྗེའི་ཕོ་ཉ༔ ཟ་བའི་འདྲེ༔ ཤི་བའི་གཤེད༔ དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་ཐམས་ཅད་ཕྱིར་བཟློག་པར་མཛོད༔ གྲུབ་པ་ཆེན་པོ་བརྒྱད་དང་ཕྲིན་ལས་བཞི་ལ་སོགས་པ་མཆོག་ཐུན་མོང་གི་


CMR013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ༔ གཏོར་མ་སྤྱི་བོར་བཞག༔ ཨོཾ་ཧིཏྠི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་ཡ་མ་རཱ་ཛཿ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡ་དོ་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་༔ མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་༔ མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ཏོག་འཐོར་རོ༔ དེ་ལྟར་དབང་ཐོབ་པའི་དམ་ཚིག་དང་སྡོམ་པ་ཁས་བླང་ཞིང་སྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སོགས༔ དེ་ནས་བཟླས་པ་ཅུང་ཟད་བྱས་པས་རང་གི་ནུས་པ་གསོ༔ ཨརྒྷཾ་སོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ སངས་རྒྱས་ཀུན་རབ་མཆོག་གི་མཆོག༔ གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ མ་འབྱོར་པ་དང་ཉམས་པ་དང་༔ གང་ཡང་བདག་


CMR013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་བློ་ཡིས་ནི༔ བགྱིས་པ་དང་ནི་བགྱིད་བརྩལ་བ༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཡེ་ཤེས་པ་བཛྲ་མུཿ དམ་ཚིག་པ་རང་གི་སྙིང་ཁར་ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་རང་ལ་ཐིམ་ཞིང་༔ དེ་ཡང་མི་དམིགས་པ་སྟོང་པ་ཉིད་དོ༔ སྙིགས་མའི་དུས་འདིར་མི་རྣམས་དུས་མིན་འཆི༔ ན་ཚ་རྒོད་དང་སྐག་རིགས་ཐམས་ཅད་ལ༔ གཤེད་དམར་དབང་འདི་ཕན་ཡོན་ཆེ་བར་གྲགས༔ མོ་མ་རྩིས་པ་ཀུན་གྱིས་ལུང་སྟོན་པའི༔ གཤེད་དམར་དབང་འདི་འདོད་མོས་མང་བའི་ཕྱིར༔ རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་དང་༔ སྨར་ཁམས་གོ་འཇོའི་བླ་མ་མང་པོས་བསྐུལ༔ ༧ རཱ་ག་ཨ་སྱས་ཁྱེར་བདེར་བཀོད་པ་འདི༔ ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ༔ འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ༔ ལྷ་དང་སྲུང་མ་ཆོས་བདག་ཚོགས་ལ་བཤགས༔ དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་རྣམས༔ བར་ཆད་ཀུན་སེལ་བདེ་ལེགས་ཕུན་ཚོགས་ཤོག༔ བཀྲ་ཤིས། ཞལ་དྲོ། དགེའོ།


previousགཤེད་དམར་གཙོ་རྐྱང་གི་མགྱོགས་དབང་བསྐུར་ཐབས་ཁྱེར་བདེ།next