Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་ཀང་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་ཀང་བསྐང་བ།next

ཀིང་ཀང་བསྐང་བ།


CMR013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀིང་ཀང་བསྐང་བ་ནི། ཧཱུྃ། བསྐང་ཡུལ་བསྐང་བྱ་སྐོང་བྱེད་བྲལ་བ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷར་ཤར་བའི། །གཙོ་འཁོར་ཐུགས་དམ་གཉན་པོ་གནོང་གྱུར་གང་། །བླ་མེད་སྦྱོར་སྒྲོལ་ཚོགས་མཆོད་ཆེན་པོས་བསྐང་། །ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །སུམ་ཅུ་རྩ་དགུའི་ལྷ་ཚོགས་ཐུགས་དམ་ཅན། །བཅོམ་ལྡན་འཇམ་དཔལ་གཤིན་གཤེད་བྷེ་ཏ་ཡུམ། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་པ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་། །བཛྲ་རཏྣ་པདྨ་ཀརྨ་ཡི། །ཡ་མཱནྟ་ཀ་གཤེད་བཞི་ཡབ་ཡུམ་ནི། །ཡ་མ་རཱ་ཙ་མྱོས་བྱེད་རལ་གཅིག་གཏུམ་། །ཨརྱ་འོད་ཟེར་ཚར་དགུ་རེ་མ་ཏི། །ཐུགས་ཀྱི་སྲས་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ནག་འཇོམས་རེ་ཏི་ཕྱ་སང་གདོང་དགུ་མ། །བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ། །ཡ་མ་རྔམས་སྟབས་མིག་དམར་ཁྲག་རལ་ཅན། །དམིགས་པ་ཀླུ་མོ་ཏིལ་པ་སྤྱན་གསུམ་མ། །བདུད་འཇོམས་རལ་གཅིག་འཆི་བདག་རལ་པ་ཅན། །


CMR013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དམར་རིལ་ནག་ཐོ་དབྱུག་ཕག་མགོ་མ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་རྒོད་སྟག་དང་ཀཾ་ཀ་སྤྱང་ཀིའི་གདོང་། །འགུགས་བཅིངས་བསྡོམ་མྱོས་སྒོ་སྲུང་ཡབ་ཡུམ་དང་། །གྲི་ཐོད་གིང་བཞི་ཁྲམ་ཐོ་གས་བདུད་པོ་བཞི། །སྲོག་གཅོད་ཤན་པ་བཞི་ཡི་ཐུགས་དམ་བསྐང་། །ཡ་མ་རཱ་ཙ་སྔགས་སྲུང་སྐོས་ཀྱི་རྗེ། །བཙན་རྒྱལ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །མགོན་པོ་ལྷ་མོ་ཁྱབ་འཇུག་སྲོག་བདག་ཆེ། །དམ་ཅན་ཀླུ་བདུད་རྒྱལ་ཆེན་ཕྱོགས་སྐྱོང་དང་། །གནས་དང་ཞིང་སྐྱོང་མ་སྲིང་བརྟན་མར་བཅས། །གིང་ལང་ཕོ་ཉའི་དམག་ཚོགས་ཐུགས་དམ་བསྐང་། །ཧཱུཾ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང་། །ཁྱད་པར་འདོད་ཡོན་རྨད་བྱུང་གཏོར་ཆེན་པོ། །རྣམ་དག་རྒྱུད་ལས་བསྒྲལ་བའི་བམ་ཆེན་དང་། །


CMR013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཅུད་སྟོང་ལ་སྦྱར་བའི་བཏུང་བའི་མཆོག །ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་བསྐལ་པར་ཐུགས་དམ་གཉེན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །མཆོག་ཐུན་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་ཟློག་ཅིང་བསྒྱུར། །ཧཱུཾ། དཔལ་གྱི་བཀའ་ཉན་དྲེགས་པ་ཕོ་མོའི་ཚོགས། །དམ་ལྡན་སྲུང་སྐྱོབ་དམ་མེད་རྩད་ནས་གཅོད། །དཀྱིལ་འཁོར་མཐའ་ཉུལ་ལེགས་ཉེས་སྟངས་འཛིན་རྣམས། །རང་རང་དགོས་པའི་སྤྱོད་ཡུལ་དུ་མས་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐང་། །ཧཱུྃ། བཤགས་ཡུལ་བཤགས་བྱ་བཤགས་བྱེད་མཐའ་བྲལ་ཡང་། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་དབང་གིས། །ཕྱི་ནང་གསང་བ་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས། །ཨོཾ་གྷ་ཎ་ཙཀྲ་སཏཱ་ས་མ་ཡ་སོགས། སཏྭ་ཨཱ། ཨ་རཱ་གས་གསུངས་སོ།། །


CMR013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཀིང་ཀང་བསྐང་བ།next