Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོང་བ་རིན་པོ་ཆེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོང་བ་རིན་པོ་ཆེ།next

བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོང་བ་རིན་པོ་ཆེ།


CMR013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོང་བ་རིན་པོ་ཆེ་བཞུགས། བླ་མ་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་འཇམ་དཔལ་གཤིན་རྗེའི་ཆག་ཉམས་བསྐང་བར་འདོད་ན། གཏོར་སྒྲུབ་གཞུང་ལས་བཤད་པ་ལྟར་དཀྱིལ་འཁོར་བཅའ་ལ། མདུན་དུ་ཚོགས་ཀྱི་མཆོད་པ་ཤ་ཆེན། ཁྲག་ཆེན། དབང་པོའི་མེ་ཏོག །གསུར་ཆེན་ཞུན་ཆེན་དང་། །སྒྲུབ་རྫས་ཅི་ལྟར་བཤད་པ་བཞིན་བསགས་ལ། ཚོགས་བྱིན་གྱིས་བརླབ་ཅིང་སྤོས་བསྲེག་རོལ་མོ་བསྒྲགས་ལ་འདི་སྐད་དོ། །ཧཱུྃ། རང་བཞིན་གཞལ་ཡས་ཐམས་ཅད་ནས། །རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །འཇམ་དཔལ་གཤིན་རྗེ་གཤེད་པོ་འཁོར་དང་བཅས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ཧཱུྃ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་དམར་པོ་གཅེར་བུ་རྒྱན་མེད་པ། །ཞལ་གཅིག་ཕྱག་གཉིས་གཡས་པས་དགྲ་སྣ་བསྣམས་། །གཡོན་པས་ཐོ་བས་ལྕགས་སྒྲོག་དགྲ་རྐུན་འཇོམས། །འཁོར་དུ་རང་འདྲའི་གཤིན་རྗེའི་ཚོགས་ཀྱིས་བསྐོར། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་


CMR013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །གཡས་ན་ལས་བྱེད་ཕོ་ཚོགས་སྤྲིན་ལྟར་གཏིབས། །ལས་བྱེད་ཕོ་ཚོགས་ཁྱེད་ཀྱི་ཐུགས་དམ་བསྐང་། །གཡོན་ནས་ལས་བྱེད་མོ་ཚོགས་རླུང་ལྟར་འཚུབ། །ལས་བྱེད་མོ་ཚོགས་འཁོར་བཅས་ཐུགས་དམ་བསྐང་། །མདུན་ནས་སྤྲུལ་པ་ཡང་སྤྲུལ་རླུང་ལྟར་འགྱུར། །སྤྲུལ་པ་ཡོང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །རྒྱབ་ནས་ཆོས་སྐྱོང་སྲུང་མ་ཐོག་ལྟར་འབེབས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཐུགས་དམ་བསྐང་། །ཧཱུྃ། ཁྱེད་ཀྱི་ཐུགས་དམ་བསྐང་བའི་དམ་རྫས་ནི། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་གྱིས་། །བླ་མ་འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་། །ཤ་ཆེན་ཁྲག་ཆེན་གསུར་ཆེན་དང་། །དབང་པོ་རྣམ་ལྔའི་མཆོད་པ་དང་། །ཕྱི་ནང་རྟེན་རྫ་ས་སྒྲུབ་རྫས་ཀྱིས། །གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་། །དགྲ་རྐུན་ཇག་གསུམ་འཁོར་བཅས་ཀྱི། །ཤ་ཁྲག་རུས་དང་བཅས་པ་ཡིས། །གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་། །བསང་ནས་བསྟན་དགྲ་བསྒྲལ་བ་དང། །དགྲ་རྐུན་ཇག་གསུམ་མེད་པར་མཛོད། །བདག་ཅག་རྣལ་འབྱོར་ཕྲིན་ལས་སྒྲུབས། །ཞེས་པས་གཤིན་རྗེ་འཁོར་བཅས་དགྱེས་པར་


CMR013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང་དབྱངས་དང་བཅས་པ་བྱའོ། ཞེས་པ་འདི་ཡང་འཇམ་དཔལ་གཤིན་རྗེ་དམར་ཆུང་གི་ཁ་སྐོང་དུ། ཚོགས་མཆོད་ཡོད་པར་གདའ་བས་རུང་ངོ་བསམས་ནས་རཱ་ག་ཨ་སྱས་སྦྱར་བའོ། །དེ་ལྟར་མིན་བསམ་ན་མཛད་ལགས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོང་བ་རིན་པོ་ཆེ།next