Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མན་ངག་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   


 
previousམན་ངག་ཞལ་ཤེས།next

མན་ངག་ཞལ་ཤེས།


CMR013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རི་རྐྱང་པ་ཟློག་པ་བྱེད་པ་ནི། མན་ངག་ཞལ་ཤེས་ཡོད། ༈ ཡ་མཱན་ཀ་ལ་ན་མོ། ཟློག་པ་དུག་རི་ཁ་རྐྱང་གི་བསྡུས་པ་བྱེད་ན། གཏོར་མ་གཙོ་འཁོར་ལྔ་བྱ་བའམ། ཡང་ན་བརྒྱད་དུ་བྱས་ལ། གཙོ་འཁོར་ལྔ་བྱས་གཙོ་བོའི་གོ་ཆ་ཡབ་ཡུམ་སྲས་བཅས་འཐུས། འཁོར་ལས་མཁན་སྡེ་བཞི། མཐེབ་སྒྱུ་ལྷ་གྲངས་སམ་གང་འོས་བྱ། འཁོར་སྡེ་བརྒྱད་བྱེད་ན་གཙོ་འཁོར་ལྔ་གོང་ལྟར་ལས། གཅིག་དྲེགས་པ་དྲུག །གཅིག་རྒྱལ་ཆེན་སྡེ་བཞི། ཕྱོགས་སྐྱོང་བཅུ་ལ་གཅིག་བྱེད། གསེར་སྐྱེམས་མཆོད། གོང་དེར་རྔ་མོང་ལ་ཚྭ་གཡེར་སོགས་གན་བསྐུར། མཛོ་དྲིལ་དུ་ཁྲིད་པ་སོགས་མི་ཁའི་ཡས་མདོས་བཅས་པ་འདོན། དེ་ནས་གསེར་སྐྱེམས་མཆོད་ལ་དེ་སྟེང་གཏོར་རྫོངས་བྱ། གལ་ཆེ་ན་དགྲ་ཆོས་དང་སྦྲགས་ལ་འབུལ། ཉིན་སྡེར་ནང་དུ་དམར་གཏོར་གཙོ་འཁོར་བཅུ་ཀླད་ན་བྱ་ནག་ལྡིང་བ་བྱེད། དཀར་གཏོར་གཅིག་ལ་ཀླད་ལ་བྱ་དཀར་ལྡིང་བ། གཡག་ལུག་བྱ་རིགས་གཟུགས་བཞི་ཡིས་བསྐོར། །དེའི་ནང་དུ་སྤྱི་མཐུན་གྱི་དམར་གཏོར་གཅིག་འབུལ། གཙོ་བོ་གོ་ཆ་སྲས་བཅས་བཅུའི་གཏོར་རྫོངས་བྱས། དྲེགས་པ་ཕྱིན་གྱི་གཏོར་རྫོངས་བར་དེ། དགྲ་ཆོས་བསྡུས་པ་དགྲ་བགེགས་འགུགས་གཞུག་ལན་གསུམ་བྱས་ལ་དགྲ་ཆོས་འདོན༔ དེ་ནས་མདོས་ཕྱིར་དཔགས་ལ་གཡས་གོང་དུ་ཆོས་སྐྱོང་ལ་གཏོར་མ་བཤམས། གཡོན་དུ་གཏོར་འབུལ་བཤམས། མདུན་གྱི་ལིང་ག་དང་གཏོར་མ་ཐམས་ཅད་དབྱེར་མེད་ཀྱི་བཀུག་གཞུག་ལན་གསུམ་བྱས་ལ། དྲང་སྲོང་གཏོར་


CMR013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་རིང་དུ་འབུལ་ལ་དེ་དྲང་སྲོང་དངོས་སུ་བསམས་ལ་འབུལ་བ་སྣ་སེལ་ཡིན། ཆད་མདོ་བརྟན་སྐྱོང་དཀར་གཏོར་དམར་གཏོར་གཉིས་འབུལ། དེ་ནས་དྲེགས་པའི་གཏོར་རྫོངས་སོ་སོར་ཕྱོགས་ནས་འབུལ། ཆོས་སྐྱོང་རྣམས་ཀྱི་གཏོར་བསྐུལ་ཟོར་བསྐུལ་འདོན་ལ་རིམ་བཞིན་འཕང་། ཁྱད་པར་ཀིང་ཀང་འདི་དང་གཤིན་རྗེ་རྣམས་ལ་ཆད་མདོ་དང་འདི་སྣ་སེལ་ལ་ངེས་པར་དགོས། ཟན་ལིང་གཏོར་འབུལ་སྐྱབས་བྱེད་མི་ལྷ་སྲུང་ཤེས་ན་དེ་དག་དང་བྱད་མ་གང་ཡིན་བསམ་མི་རྣམ་ཤེས་ཤ་ཁྲག་དངོས་སུ་བསམས་ལ་འབུལ། ཞེས་རཱ་ག་ཨ་སྱས་རྒྱུས་པར་བྱས་སོ།། ༈ །།ཀིང་ཀང་དུག་རི་འདོན་པའི་ཞལ་ཤེས་ཡོད་ལགས། འཇམ་དཔལ་ནག་པོ་ལ་ན་མོ། དུག་རིའི་བསྙེན་པ་དང་ཟློག་པ་ཁ་རྐྱང་ནི། ཞལ་ཤེས་ག་བ་པ་མངོན་ཕྱུང་མན་ངག་ལ། ཡར་གཞི་ཕུགས་གཏོར་གཏོར་མ་ཟླུམ་གཏོར་འབྲི་མོག་བྱུག་རྒྱན་གང་འོས་འཚམས་པར་བྱ། འབྲུ་ནག་གི་ཕྱེ་མར་དམར་གཏོར་གཙོ་འཁོར་ལྔའམ་བརྒྱད་བྱས་ལ། གཙོ་བོའི་འོག་ཏུ་གྲུ་གསུམ་པ་གདན་ཟུར་གསུམ་བྱས་པའི་ནང་དུ་ལིང་ག་བཅུག །འཁོར་རྣམས་ལ་འཁོར་ལོ་རྩིབས་བཞིའམ། གཙོ་འཁོར་བརྒྱད་བྱས་ན་རྩིབས་བརྒྱད་བྱས་པའི་འོག་ཏུ་ཟན་ལིང་པར་མ་རེ་བཞག་ལ་ཁྲག་ཐིགས་བྱ། གཙོ་བོར་རྩང་ཉེར་གཅིག་འཁོར་བཞི་ལ་ལྔ་རེ། གསུམ་པོ་གསུམ་རེ་བྱ། སྡེ་བརྒྱད་ལ་མཐེབ་ཀྱུ་བརྒྱད་དང་ལྷ་གྲངས་གྱི་མཐེབ་སྐྱུ་བཞག །ཕྱི་ནས་རྩང་སྲིན་མོ་འགྲོས་སུ་བཙུགས། རྩང་ཆིངས་བྱ། དཀར་བགེགས་དང་ལྷ་གཞུང་རྣམས་གཞུང་ལྟར། དེ་ནས་


CMR013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རི་གཞུང་ལྟར་འདོན་པའི་ཐུན་གཏོར་གོང་དུ་ཚོགས་ཡན་ཆད་བྱ། དེ་ནས་ཨེ་གཏོར་སྣོད་ལས་ལ་གྲུབ་སོགས་བྲུབ་ཁུང་བསྐྱེད་ནས་བླ་རྟགས་བརྒྱད་ཀྱི་བསྐུལ་པ་འདོན། དེ་ནས་ན་མོ་རྩ་རྒྱུད་སོགས་ནས། ཏདྱ་ཐཱ་དུ་ཤན་སོགས་བསད་སྔགས་བཏོན་ནས་བསྒྲལ་ལས་ལ་གཏོར་ཆུང་ཤ་དུམ་ཟན་ལིང་འབུལ། ཡང་ཤ་ཁམ་ཁྲག་ཐིགས་སོགས་ནས། མདོས་ཟོར་ཤ་ཁྲག་གཏོར་མ་འདི་བཞེས་སོགས་ནས་གཞུང་ལྟར་བཏོན་པའི། བློ་ཉི་མ་ལྷོ་ཕྱོགས་སོགས་ཀྱིས་དམར་གཏོར་སྔ་སོར་དེ་མདོས་ནང་དུ་འབུལ། གཞུང་གི་ཟློག་སྔགས་ཕྲ་ལེ་ཛྭ་ལ། བྱུར་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་མཱ་ར་ཡ་ཟློག་ཟློག་ནན་ཆིངས་ཤིག །བྱད་ཟློག་བྱེད་ན་མཱ་ར་ཡ་ཟློག །རྒྱུན་ཁྱེར་གླང་རུ་ལ་སྔགས་རིང་དང་རྩ་སྔགས་མི་ཁ་ཟློག་པ་གང་དགོས་གླང་རུ་ལ་རྩ་རྒྱུད་ནས་ཕུས་འདེབས། རང་སྔགས་འདོན་པར་བྱ། དེ་ཡན་ཞག་གསུམ་ལྔ་བདུན་དགུ་སོགས་ཅི་ཙམ་འདོན་པ་གཏོར་སྒྲུབ་ཡིན། དེ་ནས་དཀར་གཏོར་འབུལ། དགུག་གཞུག་བྱས་ལ་དྲང་སྲོང་གཏོར་མ་ཕུལ། སོ་སོར་ཆད་མདོ་དང་གཞུང་གི་ཆད་མདོ་འབུལ། ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་བྱ། དམར་གཏོར་གཅིག་བྲན་ལ། འཇམ་དཔལ་གཤིན་རྗེ་ཡུམ་ཆེན་བེ་ཏ་ལི་སོགས་ནས། མདོས་ཟོར་སོགས། ༈ ཀིང་ཀང་གནམ་ལྕགས་དུག་རིའི་བཅའ་ཚོགས་འདོན་འགྲིག་ཟློག་པའི་ཟིན་བྲིས་བཞུགས་སོ།། ཨོྃ༔ ཀིང་ཀང་ཕ་རོལ་རྒོལ་འཇོམས་ཀྱི་ཟློག་པ་བཅའ་བ་ལ་ས་སྟེགས་ཁར་གཙོ་བོ་དམར་གཏོར་ཆེ་བ་གཅིག་དང་། དེ་ཡི་ཕྱེད་ཆར་སླེབ་པ་


CMR013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐོར་བ་བཤམ་མོ། དེ་ནས་མདུན་དུ་ཉ་བོ་གཏོར་ཆུང་བཤམས་ལ། ཨེ་གཏོར་སྣོད་ལས་ལས་གྲུབ་པ་སོགས་ནས་བཟུང་སྟེ། བྲུབ་ཁུང་ནང་གི་ལིངྒ་ལ་ཐིམ་བར་འདོན། དེ་ནས། ན་མོ་རྩ་བརྒྱུད་བླ་མ་ནས་ཨ་ཝེ་ཤ་ཡ་བར་བརྗོད་ནས་སྔགས་རྣམས་བགྲང་། ཛལིང་ག་དགྲ་སྲོག་ཁུག་ནས་དགྲ་བོ་དངོས༔ ནས་བཟུང་། དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ བར་བརྗོད། དེ་ནས་ཐུན་སོགས་ཕུར་པ་ཐོགས་ནས། ཛལྷན་སྐྱེས་ངོ་བོ་སོགས་ནས་མཱ་ར་ཡ་རྦད་སོད། ལིང་ག་གཏུབས་ནས་། ཡཱ་ཤ་ཁམ་ཁྲག་ཐིགས་ནས་བཟུང་བྷ་ལིང་ཏ་ཁ་ཁ་ཁཱ་ཧིའི་བར་བརྗོད་ནས་བསྟབས་པས་འབུལ། དེ་ནས་གཏོར་ཆུང་ལྔ་ཚོམ་བུར་བཤམས་ནས། ཧཱུྃ། འཇམ་དཔལ་ནས་བཟུང་དམིགས་མེད་སྟོང་ཉིད་གྱུར་བར་བརྗོད་ནས་འབུལ། དེ་ནས་གཏོར་ཆུང་ཉ་བོ་བཤམས་ལ། དེ་ནས་གཤིན་རྗེ་གཤེད་པོའི་མདུན་རྒྱབ་སོགས་ནས་ཟློག་དམིགས་དང་བཅས། བྷྱོ༔ མདོས་ཟོར་ནས་བཟུང་།། བྱད་མའི་སྟེང་དུ་བྱོ་བར་འདོན་ནས་འབུལ། དེ་ནས། བྷྱོ༔ ཡ་འཇམ་དཔལ་གཤིན་རྗེ་ནས་བཟུང་། དྲེགས་པའི་འཁོར་གྱིས་བཟློག་ཏུ་གསོལ༔ བར་བརྗོད། དེ་ནས་གཏོར་ཆུང་གཅིག་བཤམས་ནས། བྷྱོ་ཉི་མ་ལྷོ་ཕྱོགས་ནས་བཟུང་། ཀུན་གྱིས་མནན་པར་གྱུར༔ བར་བརྗོད་ནས། ལས་གཤིན་ལ་གཏོར་མ་འབུལ། རྩང་བསྟོད་


CMR013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། རྔ་རོལ་བཞག་ནས། ཕྱི་དང་ནང་གི་འཁོར་ལོ་ནས་བཟུང་། མཐར་བསད་པར་གྱུར༔ བར་བརྗོད་ནས་སྔགས་བཟླའོ། །དེ་ནས་ལོ་དང་ཟླ་བ་ནས་བཟུང་ལ་ཐལ་མོ་བརྡབ་ཅིང་། མཱ་ར་ཡ་ཆད་ནན་ཆིངས་ཤིག་བར་བརྗོད། དེ་ནས། རང་ཉིད་ལྷར་གསལ་ནས་བཟུང་། སྲོག་ལ་མཱ་ར་ཡ་ཕཊ༔ ཡན་བརྗོད་ལ་ཐལ་མོ་བརྡབ། རྒྱུན་དུ་འདོན་ན་དེ་བཞིན་དུ་བྱའོ། །དེ་ནས་འབུལ་ཉིན་དཀར་གཏོར་ནས་གསེར་སྐྱེམས་བཟུང་སྟེ་ཟོར་ལས་བྱ། དེ་ནས་ཡར་ལོག་ནས་དཀར་གཏོར་བཤམས་ལ་གསེར་སྐྱེམས་གཞན་དང་འདྲ། ལྷག་མ་མདོས་ནང་ཕུལ། དགུག་གཞུག་དྲག་ཏུ་བྱས་ནས་སྲིན་མོ་ཟ་ལམ་ནས་བཟུང་། གཏོར་མགྲོན་མ་ལུས་པ་འབུལ། དེ་ནས་གཏོར་ཆུང་ཚོམ་བུར་བཤམས་ནས་གཏོར་རྫོངས་བྱ་བ་ནི། ཧཱུྃ། འཇམ་དཔལ་ནས་བཟུང་། དམིགས་མེད་སྟོང་ཉིད་དུ་གྱུར་བར་བརྗོད་ནས་འབུལ། དེ་ནས་མདོས་བཏེག་པ་ནི། བྷྱོ་མདོས་ཟོར་ཤ་ཁྲག་ནས་བཟུང་སྟེ། འཇམ་དཔལ་སྲས་བཅས་ཀུན་གྱིས་མནན་པར་གྱུར་བར་བརྗོད་ནས་ཟློག་སྔགས་རྣམས་བརྗོད་ཅིང་འཕང་། གཏོར་སྣོད་བཤལ་ལ་བརྟན་མ་མཆོད། གཏོར་གཞུང་སྦུབས་ནས། ལོ་དང་ཟླ་བ་ལ་དགྲ་དར་བ་ནས་བཟུང་སྟམྦྷ་ཡ་ནན་བར་བརྗོད་ནས་ཐལ་མོ་བརྡབ། དེ་ནས། ཕྱི་རོལ་གནམ་ས་ནས་བཟུང་སྟེ། སིདྡྷི་ཕ་ལ་ཧཱུྃ་བར་བརྗོད་ནས། སྲུང་འཁོར་ལྷར་


CMR013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནས་བཟུང་། འཇམ་དཔལ་གོ་འཕང་ཐོབ་པར་ཤོག་བར་བྱའོ། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། རྗེས་ཆོག་བཀྲ་ཤིས་བྱའོ། །ཞེས་རཱ་ག་ཨ་སྱས་གནམ་ལྕགས་དུག་གི་རི་བོའི་བཅའ་ཚོགས་འདོན་འགྲིགས་གསལ་བར་བཀོད་པའོ། །ཞལ་དྲོ་སེམས་ཅན་ལ་ཕན་ཐོགས་འབྱུང་བར་ཤོག །སརྦ་མངྒ་ལཾ།།་་་་་གི་ཟླ་་་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཀྱི་ཟིན་བྲིས་ཡོད།་་་་ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ། བླ་མ་ཡི་དམ་འཇམ་དཔལ་ཀིང་ཀང་དང་། །ཆོས་སྐྱོང་དམ་ཅན་ཚོགས་ལ་ཕྱག་འཚལ་ནས། །བཀའ་ཡི་དགོངས་པ་གྲོལ་བར་བྱིན་གྱིས་རློབས། །དགྲ་ཆོས་དགྲ་བགེགས་ཚར་གཅོད་འདི་ལ་དོན་རྣམ་པ་གསུམ་དུ་བསྟན་ཏེ། དགྲ་དོགས་པ་ཆེ་བའི་དུས་དང་། དགྲ་རྐུན་ལ་རྟ་ནོར་ཤོར་དུས། བྱེས་ཐག་རིང་བགྲོད་དུས་ལམ་ལྷའི་དགྲ་ཆོས་དང་གསུམ་བསྟན་ཏེ། དེ་ཡང་དང་པོ་ནི། དགྲ་ཆོས་ནི་རྐུན་མ་སོགས་ལ་ཆེད་དུས་དགྲ་ཟློག་དང་དགྲ་རྦད་དགོས་པ་ལ་ནི། རིན་པོ་ཆེའི་སྣོད་གཙང་མའི་ནང་དུ་དཀར་གཏོར་ཆེ་བ་གཅིག་ལ་གཡག་ལུག་བྱ་ར་རྟའི་གཟུགས་འགྲོས་ལ་སོགས་ཀྱིས་བསྐོར། ལྕགས་སྣོད་དུ་གྲུ་གསུམ་དགྲ་ལིང་གཞུང་དང་མཐུན་པར་བཅུག །དེ་སྟེང་འབྲུ་ནག་གི་གཏོར་མ་ཆེ་བ་གཅིག་ལ་ཆུང་བ་བཅུས་བསྐོར། གཏོར་མའི་ནང་དུ་ཟངས་སྦུབས་སྙུག་སྦུབས་གང་


CMR013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ནང་དུ་དགྲ་ཟློག་ནང་གི་སྔགས་ཟློག་བྲིས་ལ་ཟངས་སྦུབས་སུ་བཅུག་ནས་གཏོར་མའི་ནང་དུ་བཅུག་སྟེ། རྩང་ཉེར་གཅིག་བཙུགས་ཤ་དུམ་ལིང་གས་བརྒྱན། ལམ་ལྷའི་དགྲ་ཆོས་དུས་སུ་གཏོར་མ་གཞུང་ལྟར་ལ་ཟངས་སྦུབས་སོགས་ཀྱི་སྔགས་བྱང་དང་གྲུ་གསུམ་གྱི་ལིང་ག་དང་རྩང་མི་དགོས་གཞུང་ལྟར་བཅས་ལ་འདོན་པས་ཆོག །དགྲ་ཟློག་བྷྱོ་གདབ་སྔགས་སྦྲག་མི་དགོས། །དགྲ་ཟློག་དུས་སུ་བླ་མ་ཡི་དམ་ཆོས་སྐྱོང་དང་། དུག་རིས་གཞུང་བསྲང་བསྙེན་པ་བྱ། ཆོས་སྐྱོང་སྤྱན་འདྲེན་དང་བཀུག་གཞུག་བྱས། ༧ དགྲ་ཟློག་ནང་གི་བསད་ཁང་བསྐྱེད་ཆོག་དང་འགུགས་གཞུག་ལན་ཉེར་གཅིག་བདུན་གསུམ་སོགས་སྐབས་དང་བསྟུན། བླ་འགུགས་སྔགས་དེ་བརྒྱ་རྩའམ་ཉེར་གཅིག་སོགས་བཟླའོ།། ༼ཀ༽ ཡ་དགྲ་བགེགས་སོགས་བསྐྱེད་ཆོག་སྤྱན་འདྲེན་བསད་སྔགས་ལན་བདུན་སོགས་བརྗོད། གཏོར་མའི་འོག་གི་ལིང་ག་དང་དགྲ་བོ་དབྱེར་མེད་པའི་སྙིང་གར་རལ་གྲིའི་འཁོར་ལོ་གཡོན་དུ་འཁོར་བས། ཤ་ཁྲག་རུས་གསུམ་གཏུབ་ནས་རྣམ་ཤེས་རྒྱལ་བའི་ཐུགས་ཀར་ཐིམ། ཤ་ཁྲག་རུས་གསུམ་གཤིན་རྗེའི་ལྷ་ཚོགས་ཀྱི་ཞལ་དུ་བཞེས་པར་བསམ། ཞལ་བསྟབ་སྔགས་ལན་ལྔ་བདུན་གྱིས་ཟན་ལིང་བསྒྲལ་ཏེ་ཕུལ། དེ་ནས་ཨེ་ཡ་བྷྱོ་ལྷོ་ཕྱོགས་སོགས་


CMR013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྲིན་ལས་མཛོད་བར་བརྗོད། དེ་ནས་གཏོར་མ་གསོས་སྨན་རཀ་གིས་བྲན་ལ། རང་ཉིད་དང་མདུན་བསྐྱེད་ཀྱི་སྐུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ། དགྲ་བོ་བྱད་མ་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར། མཐའི་ལྕགས་རིའི་ཕྱི་རོལ་དུ་བསྐྱེད་པར་བསམ།་ཕྱོགས་སྐྱོང་དྲེགས་པའི་ཚོགས་རྣམས་ཀྱིས་དགྲ་བོ་ཐམས་ཅད་ཤ་ཟོས་ཁྲག་འཐུང་རྩད་ནས་བརླག་བར་བསམ། ༼ཁ༽ ཡ་བྷྱོ་བཅོམ་ལྡན་གཤིན་རྗེ་ཁྲོས་པའི་ལྷ་སོགས། འགྲུབ་པར་མཛོད་བར་བརྗོད་ནས། དྲེགས་པའི་ལྷ་འདྲེའི་ཚོགས་རྣམས་ཀྱིས། དུག་མཚོན་ནད་རིམས་ཀྱི་ཆར་ཆེན་པོ་ལིངྒ་དགྲ་བོ་དབྱེར་མེད་པའི་སྟེང་དུ་བབས་པས་ཐལ་བ་རྡུལ་དུ་བརླག་པར་བསམ། ༼ག༽ ཡ་བྷྱོ་གཤིན་རྗེ་ཀིང་ཀང་མཐུ་རྩལ་ཅན་ནས་ཟློག་སྔགས་བར་བརྗོད། ཟློག་སྔགས་ལན་བརྒྱ་རྩ་སོགས་གལ་ཆེ་ཆུང་དང་བསྟུན་ལ་བཟླའོ། །དེ་ནས་ཞག་ལྔ་བདུན་སོགས་ལ་ཐུན་བཅད་དེ། དགྲ་བགེགས་ཚར་གཅོད་དང་ཚར་རེ་སྦྲགས་ཏེ་ལན་ལྔ་བདུན་དགུ་སོགས་འདོན། ཉིན་ཟློག་བྱེད་ན་ཡང་ཚར་དགུ་དང་ཟློག་སྔགས་བརྒྱ་རྩ་བརྗོད། གཏོར་མའི་འོག་གི་ལིང་ག་སླ་ངའི་ནང་དུ་གཞུག །ཐུན་གཏོར་ནང་གི་སྐུལ་པ་འདོན་ལ་གཏོར་མ་བརྒྱབ། ལིང་ག་དུག་རིའི་ནང་ལྟར་མནན་པ་བྱའོ། །དེ་ཙམ་གལ་


CMR013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆེ་ན། བྷྱོ་མདོས་ཟོར་ཤ་ཁྲག་སོགས་ནས། ༼ང༽ བྷྱོ་གདབ་དང་བཅས་དགྲ་ཕྱོགས་སུ་འཕང་། རང་ཉིད་ཡི་དམ་གསལ་བའི་མདུན་དུ། ཆོས་སྐྱོང་བཀའ་སྲུང་དྲེགས་པའི་ཚོགས་དང་བཅས་ཏེ། དགྲ་ཡུལ་དུ་སོང་། དགྲ་བོའི་ཤ་ཟོས་ཁྲག་འཐུང་ནས་གྲོག་ཚང་སེར་བས་བརྡུངས་བ་ལྟར་རྡུལ་དུ་བརླག་པར་བསམ། དགྲ་ཆོས་དགྲ་ཟློག་དུས་སུ་མཇུག་གི་ལམ་ལྷའི་ཚིག་ཐམས་ཅད་ཡོད་པའི་ལེའུ་ཁ་དེ་འདོན་པར་མི་བྱའོ། །ཐལ་བ་རྡུལ་དུ་བརླག་པར་མཛོད། །ཅེས་པ་དེ་ཡན་གྱིས་ཆོག །ཅེས་ཀིང་ཀང་དགྲ་བྲུབ་སོགས་གཞུང་ཆེན་མ་ལྕོགས་ཀྱང། གཞུང་མང་པོའི་དོན་བསྡུས་ནས་རང་གི་ཡང་ཐུགས་དམ་དང་། རང་ལ་ཡང་དགྲ་ཟོན་གྱིས་ཉེར་འཚེ་ཟློག་དགོས་པ་ཞིག་བྱུང་དུས་ལ་བརྟེན་ནས། རཱ་ག་ཨ་སྱས་བྲིས་པས་ཉེས་འགལ་མཆིས་ན་རྩ་གསུམ་ཡི་དམ་ཆོས་སྐྱོང་ཝེར་མའི་ཚོགས་ལ་བཤགས་ཤིང་། དགེ་བས་དགྲ་ཇག་ཆོམ་རྐུན་གྱི་འཚེ་བ་དང་བྲལ་བར་གྱུར་ཅིག །ཨྠྀི། དགེ་བས་བདག་གཞན་སེམས་ཅན་ཐམས་ཅད་ལ༔ དགྲ་ཇག་རྐུན་པོའི་ཉེར་འཚེ་བྲལ་གྱུར་ཅིག༔ དཀོག་མཆོག་དཀོར་ནོར་སྲུང་བའི་མཚོན་ཆ་འདིས༔ དཀོར་རྐུན་རྩད་ནས་གཅོད་པའི་མཚོན་ཆར་ཤོག༔ སྤྱི༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ།། །།


CMR013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམན་ངག་ཞལ་ཤེས།next