Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྲུང་བ་རྡོ་རྗེའི་གོ་ཆ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྲུང་བ་རྡོ་རྗེའི་གོ་ཆ་བལྟས་ཆོག་ཏུ་བཀོད་པ།next

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྲུང་བ་རྡོ་རྗེའི་གོ་ཆ་བལྟས་ཆོག་ཏུ་བཀོད་པ།


CMR013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྲུང་བ་རྡོ་རྗེའི་གོ་ཆ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་སངས་རྒྱས་པར། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟན་པའི་གཞིར་གྱུར་པ།་ལ་ཡ། གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་


CMR013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བསྒྲུངས་བའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ། གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་དང་ལྡན་པ་སོ་འཐབ་གཡས་གཡོན་དུ་འཁོར་བའི་ནང་དུ། འོག་གི་ས་གཞིར་དམྱལ་ཡུལ་གནམ་ལྕགས་ལས་གྲུབ་པའི་ཆོས་འབྱུང་ནག་ལ་རྩུབ་པ་ཚྭ་ཚྭ་འཕྲོ་བའི་ནང་དུ་དགྲ་བགེགས་བྱད་མ་གན་རྐྱལ་ལྕེས་བྲང་ཁེབས་པའི་སྙིང་གར་མར་གྱི་རྭ་དབུས་མ་གནམ་ལྕགས་ཀྱི་ཕུར་པས་གཟིར་བའི་གནམ་ལྕགས་ལས་གྲུབ་པའི་རྡོ་


CMR013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩེ་དགུ་པ་ཡར་རྩེ་ཚངས་པའི་ཡུལ་དུ་སླེབས་པའི་ར་མགོ་རྣམས་ལ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་རྣམས་ཀྱིས་བདག་དང་བསྲུང་བྱ་རྣམས་སྲུང་བའི་ཚུལ་དུ་བཞུགས་པ། རྡོ་རྗེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གནོད་བྱེད་ཐམས་ཅད་རྒྱང་གྲགས་སུ་ཉེ་མི་ནུས་པའི་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་ལྡན་པ་སྲ་ལ་མཁྲེགས་པའི་དབུས་སུ། འཁོར་ལོ་རྩིབས་བཅུའི་དབུས་སུ་རྩིབས་བཞིའི་ལྟེ་བར། དགྲ་བགེགས་བཻ་ཆེན་ཉི་ཟླའི་གདན་སྟེང་དུ། རང་གི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་འཕྲོས་སངས་རྒྱས་མཆོད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། གཡས་ཞལ་དཀར་ལ་ཁྲོས་པ། གཡོན་ཞལ་དམར་ལ་རྐན་སྒྲ་རྡེབ་པ། དབུས་ཞལ་མཐིང་ནག་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་ཞིང་ཐུར་དུ་གྲོལ་བ།


CMR013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རེ་རེར་དམར་ལ་སྡུམ་པའི་སྤྱན་གསུམ་དང་ལྡན་པ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་དུ་འབར་ཞིང་། འོད་ཟེར་གློག་ལྟར་འཁྱུག་པ། སྙན་ནས་དྲག་པོའི་འབྲུ་སྟོང་ལྡིར་ཞིང་། ཤངས་ནས་བསྐལ་པའི་རླུང་གིས་བུ་ཡུག་འཚུབ་པ། ཞལ་ནས་ཁྲོས་པའི་གད་མོ་ཕྱོགས་བཞི་མཚམས་བརྒྱད་དུ་སྒྲོགས་པས་དགྲ་བགེགས་ཐམས་ཅད་བསྔངས་ཤིང་བརྒྱལ་བར་བྱེད་པ། རྡོ་རྗེའི་གཤོག་པ་གཡས་གཡོན་དུ་བརྐྱངས་ཤིང་། ཕྱག་གཡས་དང་པོས་རལ་གྲི། བར་པ་ན་ཐོ་བ། ཐ་མ་ན་གཏུན་ཤིང་འཛིན་པ། གཡོན་གྱི་དང་པོ་ན་ལྕགས་ཀྱུ། བར་པ་ན་སྦྲུལ་ཞགས། ཐ་མ་ན་ཐོང་གཤོལ་འཛིན་པ། སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྐུ་སྨད་ན་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། སྦྲུལ་ནག་སྟོང་གི་སྐེ་རགས་བཅིངས་པ། ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་སྤྲས་པའི། སྤྱི་བོར་འཇམ་དཔལ་ཡ་མཱནྟ་ཀ་དཀར་གསལ། ཞལ་གཅིག་ཕྱག་གཉིས། གཡས་རལ་གྲི་གཡོན་སྡིགས་མཛུབ་མཛད་པ། མགྲིན་པར་རྟ་མགྲིན་དབང་ཆེན་དམར་ནག །ཞལ་གཅིག་ཕྱག་


CMR013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡས་ཐོད་དབྱུག་དང་གཡོན་སྡིགས་མཛུབ་མཛད་པ། ཐུགས་ཀར་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། ལྟེ་བར་གཤིན་རྗེའི་གཤེད་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་དང་གཡོན་སྡིགས་མཛུབ་མཛད་པ།་་་་་གསང་བར་ཁྲོ་བོ་བདུད་རྩི་འཁྱིལ་པ། སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་དགྲ་སྟ་དང་གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཤིན་ཏུ་འཇིགས་པའི་ཚུལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། པང་དུ་ཡུམ་བྷེ་ཏཱ་ཙ་ལི་སྐུ་མདོག་དམར་ནག །ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་བསྣམས་ནས་ཡབ་ལ་འཁྱུད་པ། གཡོན་པས་ལྕགས་ཀྱི་དྲྭ་བ་མིག་དགུ་བསྣམས་པ། ཁྲོས་པའི་ཞལ་གདངས་སྤྱན་གསུམ་གྱེན་མཐུར་དུ་གཟིགས་པ། དབུ་སྐྲ་ཁམ་སེར་ཐུར་དུ་གྲོལ་བ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་། སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡབ་ཡུམ་གཉིས་ཀའི་སྐུ་ལས་ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་འགྱེད་པ། ཕྱོགས་བཞི་འཁོར་ལོའི་རྩིབས་བཞི་ལ། དྲེགས་པ་པད་ཉི་རོའི་གདན་ལ། སྲས་མཆོག་


CMR013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་མཐིང་སེར་དམར་ལྗང་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་རིགས་ཀྱི་བེ་ཅོན་དང་གཡོན་གཅོད་པའི་འཁོར་ལོ་འཛིན་པ། རང་རང་མཚུངས་པའི་ཡུམ་གྲི་ཐོད་འཛིན་པས་འཁྱུད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་འདོར་ཐབས་སུ་བཞུགས་པའོ། །འཁོར་ལོ་རྩིབས་བཅུའི་སྟེང་དུ་བདུད་རྩི་འཁྱིལ་བ་བཅུ་ཞལ་ཚུལ་བསྟན་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ནས་སྲུང་བའི་ཚུལ་དུ་བཞུགས་པ། རྩིབས་མཆན་བཅུ་ལ་སྟོབས་ཆེན་མཐིང་ནག་བཅུ། བ་དན་རླུང་གཡབ་འཛིན་ནས་ཞལ་ཕྱིར་བསྟན་པས། དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་ཕྱིར་ཟློག་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཁྱད་པར་དུ་ཕྱག་རྡོར་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར། འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་བཞི་རལ་གྲི་པོ་ཏི་མདའ་གཞུ་འཛིན་པ། དར་དང་རིན་པོ་ཆེ་དང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར། ཉི་ཟླའི་གའུ་ནང་ཉི་མའི་གདན་ལ། ཧཱུྃ་མཐིང་ནག་གི་དབུས་སུ་ཧཱུཾ་དམར་སེར་


CMR013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པའི་མཐར། སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཁྲོ་བོ་དང་། བདུད་རྩི་འཁྱིལ་པ་བཅུ་སྟོབས་པོ་ཆེ་ལ་སོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཧཱུཾ་ཏུཾ་ཧྲཱིཿ ཡེ་ཤེས་ལྔའི་དབང་བསྐུར་བས་སྲོག་ཞུའི་ནང་དུ་རིགས་ལྔས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨགྷོ་སོགས་བྱའོ། །ཕྱོགས་དུས་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་བྱེད་དྲག་པོའི་སྐུར་བསྟན་ནས། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་བྱེད་པ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་འཁོར་བཅས་བསྟོད། །།ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་གི་ནང་། ཨཾ་ཡིག་འོག་ཏུ་ས་གཞི་བང་ཁང་ནོར་རྫས། གཡས་སུ་ཕོ་རྒྱུད་གཡོན་དུ་མོ་རྒྱུད་ཐམས་ཅད་ཚུད། ཧཱུྃ་གི་མཐར་རྩ་སྔགས་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་ལུས་རྡོ་རྗེའི་གོ་ཁྲབ་ཏུ་གྱུར། རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཕྲོས། ཕྱོགས་


CMR013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱལ་བའི་ཐུགས་རྗེ་དང་། ཕ་རོལ་བྱད་མའི་སྲུང་འཁོར་ལ་ཕོག །དེ་དག་ཚུར་འདུས་བདག་གི་སྲུང་འཁོར་ལ་ཐིམ་པས། སྲ་མཁྲེགས་མི་འགྱུར་རབ་ཏུ་པ། སྲེད་མེད་བུས་ཀྱང་མི་ཟློག་པར་འགྱུར། ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཏྱཱ་གྷི་ཝ་བཛྲ་པཱ་ཎི་ཡ་མ་རཱ་ཙ་ཨ་མྲྀ་ཏ་ཀུཎྜ་ལཱི་མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། སྔགས་རིང་མན་ངག་ལྟར་ཅི་རིགས་བཟླས། རྗེས་ལ་མཆོད་བསྟོད་བྱ། སྲུང་འཁོར་ནས་ས་བོན་ནཱ་དའི་བར་དུ་བསྡུས་ཏེ་མི་དམིགས་པར་བྱའོ། །སླར་ཡང་ཞལ་གཅིག་ཕྱག་གཉིས་པར་ལང་སྟེ་སྤྱོད་ལམ་བྱའོ། །རང་གི་བརྗེད་ཐོ་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྲུང་བ་རྡོ་རྗེའི་གོ་ཆ་བལྟས་ཆོག་ཏུ་བཀོད་པ།next